Tibetan:དཔལ་བདེ་མཆོག་སྡོམ་འབྱུང་ནས་ཀྱི་ཆང་གི་ཆོ་ག་

From gDams Ngag mDzod
Revision as of 14:29, 19 February 2019 by Jeremi (talk | contribs) (Text replacement - "<onlyinclude>{{TibetanContent| " to "<onlyinclude>{{TibetanContent|content= ")
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Upload a file
DOWNLOAD ABOVE:
Click the picture above to view the original manuscript.
དཔལ་བདེ་མཆོག་སྡོམ་འབྱུང་ནས་ཀྱི་ཆང་གི་ཆོ་ག་
dpal bde mchog sdom 'byung nas kyi chang gi cho ga
Damngak Dzö Volume 6 (ཆ་) / Pages 387-401 / Folios 1a1 to 8a3

Tibetan Text

༣༨༧དཔལ་བདེ་མཆོག་སྡོམ་འབྱུང་ནས་ཀྱི་ཆང་གི་ཆོ་ག་བཞུགས་སོ།།
༣༨༨།རྣལ་འབྱོར་རོ་གཅིག་བདུད་རྩི་འཐུངས་པས་རྣམ་པར་དག་པའི་ཐུགས། །གནས་ལ་སོགས་པ་ཡུལ་དུ་བགྲོད་པས་རྣམ་པར་དག་པའི་སྐུ། །དཔལ་གྱི་གནས་ཀྱི་དབུས་མཆོག་དཀྱིལ་འཁོར་འཁོར་ལོའ་མགོན་པོ་དང་། །བླ་མ་མཆོག་ལ་སྤྱི་བོས་བཏུད་དེ་རྟག་ཏུ་ཕྱག་འཚལ་ལོ། །ཕྱི་ནང་མཁའ་འགྲོ་མཆོད་པ་དང་། །བདེ་ཆེན་ཡེ་ཤེས་སྒྲུབ་པའི་ཕྱིར། །དཔལ་ལྡན་སྡོམ་པ་འབྱུང་བ་ལས། །གསུངས་པའི་ཆང་གི་ཆོ་ག་བྲི། །དེ་ལ་འདིར་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་སྒོར་ཞུགས་ནས་ལམ་ཉམས་སུ་ལན་པའི་རྩ་བ་ནི་དམ་ཚིག་ཡིན་ལ། དེ་ལ་ཡང་དམ་ཚིག་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་དབང་བསྐུར་བ་དང་། ཐོབ་པ་མི་ཉམས་པར་བསྲུང་བ་དམ་ཚིག་གི་ཚོགས་བསྐྱང་བ་གཉིས་ལས། དང་པོ་དབང་བསྐུར་བ་ཡང་ཚོགས་ཀྱི་འཁོར་ལོ་དང་འབྲེལ་ལ། དེའི་སྐབས་སུ་ཆང་དགོས་པ་དང་། དམ་ཚིག་གི་ཚོགས་བསྐྱང་པ་ལ་
༣༨༩ཡང་རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས། །དམ་ཚིག་བཞིར་བསྡུས་པའི་ཡ་གྱལ་བཟའ་བའི་དམ་ཚིག་ལ་རྒྱུན་དང་། ཁྱད་པར་གྱི་གཉིས་ལས། ཕྱི་མ་ཚོགས་ཀྱི་འཁོར་ལོ་ལ་བཞད་ཅིང་། དེ་དེ་བཞིན་དུ་དོན་འདི་རྒྱ་བོད་ཀྱི་རྡོ་རྗེ་འཛིན་པ་ཆེས་ཆེ་བ་རྣམས་ཞལ་གྱི་བཞེས་པས། དམ་ཚིག་གི་ཚོགས་བསྐྱང་བའི་སྐབས་སུ་དགོས་ཤིང་། དེར་མ་ཟད་རྫོགས་རིམ་གྱིས་ལུས་དུབ་ན། ཟུངས་བསྐྱེད་པའི་བཅུད་ལེན་གྱི་མཆོག་ཏུ་ཡང་ཆང་བསྟན་པ་ཡིན་ནོ། ཆང་དེ་ཡང་ཆང་མ་རྣམས་ཀྱི་ལྷག་པར་ཡང་གཙང་སྦྲ་དང་བྲལ་བའི་མྱོས་བྱེད་བག་མེད་དུ་འདོད་པ་བསྟེན་པ་ལ། འཁྱོལ་ཉོག་ཏུ་སྤྱོད་པའི་བླུན་པོ་རྣམས་ཀྱི་ལོངས་སྤྱོད་དང་། ལུས་ཟུངས་དང་། དགེ་བ་ཉམས་དམའ་བར་བྱེད་པ་ནི། སྔགས་ཀྱི་ཚུལ་འདོད་པ་རྣམས་ཀྱིས་ཁྱིའི་སྐྱུགས་པ་ལྟར་སྤང་བྱ་ཡིན་ལ། དེའི་བཤད་པ་རྒྱ་ཆེར་མཁན་པོ་ཆོས་ཀྱི་རྗེ་པས་མཛད་པའི་སྤྲིང་ཡིག་སློབ་མ་ལ་ཕན་པ་ལས་ཁོང་དུ་ཆུད་པར་བྱའོ། །
༣༩༠དེར་ཆོ་ག་བཞིན་དུ་བཙོས་པའི་ཆང་ཞེས་གསུངས་པའི་དོན། བདེ་མཆོག་སྡོམ་འབྱུང་རྩ་འགྲེལ་བཞིན་བཤད་པར་བྱ་བ་ལ་ལྔ། ཆང་བསྟེན་དགོས་པའི་འཐད་པ། འཐད་ལྡན་གྱི་ཆང་སྒྲུབ་པའི་ཆོ་ག་།སྒྲུབས་པའི་ཆང་ཇི་ལྟར་འཐུང་བའི་ཚུལ། ཆོ་ག་དང་མི་ལྡན་པས་བཏུང་བའི་ཉེས་དམིགས། ཇི་ལྟ་བ་བཞིན་བསྟེན་པའི་ཕན་ཡོན་ནོ། །དང་པོ་རྒྱུད་གཞན་ནས་གསུངས་པ་བསམ་གྱིས་མི་ཁྱབ་ཀྱང་། རེ་ཤིག་རྒྱུད་འདི་ཉིད་ནས། སྦྲང་ཆང་བུར་ཆང་ཁུ་བའི་ཆང་། །དེ་བཞིན་ཇི་ལྟར་རྙེད་པ་དབུལ། ཞེས་ལེའུ་བརྒྱད་པ་ཚོགས་ཀྱི་འཁོར་ལོའ་ལྷ་མཆོད་པའི་སྐབས་ནས་འབྱུང་ལ། དེ་ཉིད་ཀྱི་གླུ་གར་གྱིས་བདག་ཉིད་ཚིམ་པར་བྱ་བའི་སྐབས་ནས་ཀྱང་། ཆང་གི་སྟོན་མོ་དགའ་བཅས་པས། ཞེས་གསུངས་ཤིང་། ལེའུ་བཅུ་བཞི་པ། རིགས་ལྡན་མ་མཆོད་པའི་སྐབས་ནས། འདིར་ནི་བརྩོན་ལྡན་རྡོ་རྗེ་ལྷ་མོ་རྣམས། །ཆང་དང་ཤ་རྣམས་ཀྱིས་ཀྱང་རབ་མཆོད་བྱ། ཞེས་དང་། བཟའ་དང་མྱོས་བྱེད་བཏུང་བ་དང་། ཞེས་གསུངས། ཉེར་བཞི་པ་བཅུད་ལེན་གྱི་ལེའུ་ལས། མྱོས་བྱེད་གཏོར་མ་མཉམ་ལྡན་པས། །ལྷ་རྣམས་ལ་ནི་མཆོད་པར་བྱ། ཞེས་དང་། སོ་གཉིས་པ་གཏོར་མའི་ལེའུ་ལས། མྱོས་བྱེད་གཏོར་མ་མེད་པ་ལས། །མྱུར་དུ་འགྲུབ་པར་མི་འགྱུར་རོ། །ཞེས་དང་། དེའི་ཕྱི་ནས་ལྷག་མའི་གཏོར་མ་བསྡུས་ལ་དམ་ཚིག་སྒྲུབ་པར་བྱ་སྟེ། ཁ་མྱོས་བྱེད་ཀྱི་བཀང་ནས་འབར་བའི་ཕྱག་རྒྱས་བསྒོམ་པར་བྱའོ། ཞེས་དང་། ལེའུ་ཉེར་ལྔ་པ་མྱོས་བྱེད་ངེས་པར་བརྟན་པ་འདི་ཉིད་ལས། ཚད་མེད་ཡེ་ཤེས་གང་ལས་སྐྱེ། །རྣམ་ཤེས་ཀྱང་ནི་གང་ལས་འགྱུར། །ཡེ་ཤེས་རྣམ་ཤེས་ཕུན་སུམ་ཚོགས། ཆང་གིས་འགྲོ་བ་
༣༩༡ཀུན་ཏུ་རྨོངས། །ཞེས་དང་། མཆོད་པ་ཆང་གི་བཏུང་བ་མེད། །མར་དང་བྲལ་བའི་སྦྱིན་བསྲེག་དང་། །བླ་མ་དམ་པ་མེད་པའི་ཆོས། །ཆོས་དང་བྲལ་བའི་མི་རིགས་ཉིད། །གཞན་དུ་སྲིད་མིན་ཆང་མེད་ན། །དམ་ཚིག་གང་དུ་འབྱུང་བར་འགྱུར། །ཞེས་དང་། གནས་དང་ཞིང་དང་ཚན་རྡོ་ཧ། །འདུས་པ་དང་ནི་དུར་ཁྲོད་དང་། །མཆོད་བྱ་མཆོད་བྱེད་འབྲེལ་པ་ལ། །བདུད་རྩིའི་མཆོད་ཡོན་མཆོག་ཡིན་ཏེ། །རྒྱུད་དང་རྒྱུད་གཞན་གསུངས་པ་ཡི། །བཀྲ་ཤིས་བདེ་བ་ལ་སྤྲོའོ། །ཕ་མེས་ལྷ་དང་མི་རྣམས་དང་། །བག་མ་བླང་དང་མཆོད་སྦྱིན་ལས། །བྲམ་ཟེའི་མཆོད་སྦྱིན་ལས་རྣམས་དང་། །རྒྱལ་རིགས་རྣམས་ཀྱི་གཡུལ་ངོ་དང་། །རྗེ་རིགས་རྣམས་ཀྱི་བཀྲ་ཤིས་དོན། །དམངས་རིགས་དངོས་གྲུབ་སྒྲུབ་པའི་དང་། །རབ་བྱུང་མཆོད་པའི་དུས་རྣམས་དང་། །ཡུན་རིང་རྣམ་བཤད་སྤྱོད་ཡུལ་དང་། །རབ་གནས་སྦྱིན་བསྲེག་དུས་རྣམས་དང་། གནས་རྣམས་བསྐོར་བའི་སྤྱོད་ཡུལ་དང་། །སྤྱན་དྲངས་རྣལ་འབྱོར་མ་མཆོད་དང་། །སྔགས་སྒྲུབ་དེ་ཡི་དུས་རྣམས་སུ། །དེ་ལྟར་རྣམ་མང་ཤེས་བྱ་སྟེ། །དེ་ཡི་ཉེས་པ་བརྟག་མི་བྱ། །ལྷག་པར་བྱེད་པར་བཤད་པར་བྱ། །གསང་བ་ས་ཡི་བདག་པོ་ཉོན། ཞེས་ཆོ་ག་བཞིན་བཙོས་པའི་ཆང་དགོས་པ་མཐའ་ཡས་པ་དང་ལྡན་པར་གསུངས་སོ། །གཉིས་པ་ཆང་སྒྲུབ་པའི་ཆོ་ག་ལ་གསུམ། ཆང་གི་དབྱེ་བ་མདོར་བསྟན། སྐྱུ་རུ་རའི་ཆང་སོགས་དྲུག་གི་ཆོ་ག་རྒྱས་པར་བཤད། །ཡུལ་དུས་ཀྱི་ཆང་བཙོ་བའི་ཆོ་ག་།འབྲུའི་ཆང་ལ་སྦྱར་ཏེ་ལག་ཏུ་བླང་བའི་རིམ་པ་བསྡུས་ཏེ་བསྟན་པའོ། །དང་པོ་ནི། རྫས་སྐྱེས་དེ་བཞིན་ཞེས་པ་ནས། །ཆང་གི་མིང་དུ་རབ་ཏུ་བརྗོད། །ཞེས་པའི་
༣༩༢བར་རྐང་པ་བཅུས་བསྟན། གཉིས་པ་ནི། ཤི་གྲུའི་སྨན་ནི་ཞོ་གཉིས་དང་། ཞེས་པ་ནས། ཡུལ་གྱི་རྗེས་འགྲོར་འགྱུར། ཞེས་པའི་བར་གྱིས། སྐྱུ་རུ་རའི་ཆང་དང་། དྷ་ཏི་ཀའི་ཆང་དང་། པ་ཏྲ་ཀའི་ཆང་དང་། ཁ་རའི་ཆང་དང་། ཤི་གྲུ་ལ་སོགས་པའི་ཆང་དང་། ཤཽ་བྷཉྫ་ན་ལ་སོགས་པའི་ཆང་ངོ་། དེ་དག་གི་ཆོ་ག་ཡང་། དྲོད་ཀྱིས་སྨིན་པར་བྱེད་པའི་གོས་དང་། རྫས་སོགས་སྣོད་དང་། དྷ་ཏི་ཀྲཱི་ནི་མེ་ཏོག་དམར་པོ་འཆར་བའི་ཤིང་ཆང་ལ་ངེས་པར་མཁོ་བ་དྲི་བཟང་ཞིམ་པོ་ཡོད་པ། འདི་བོ་རིལ་ནག་པོ་ཡིན་ནམ། ཤཽ་བྷཉྫ་ནཿནི་ཤཾ་གྲུ་སྟེ་ན་ལེ་ཤེ་དཀར་པོའོ། ཀླུ་མ་རྣམས་ཀླུར་བསྐྱེད་པ་དང་། གུ་གུལ་གྱིས་བདུག་ཅིང་མཆོད་པ། ལྷར་བསྐྱེད་པ་རྣམས་འོག་ནས་འབྱུང་བའི་ཆོ་ག་སྦྱར་བ་ཉིད་ཡིན་ནོ། །གསུམ་པ་ནི། སྣ་ཚོགས་ཆང་གི་ཆོ་ག་དག །ཤེས་ནས་ཡུལ་གྱི་རྗེས་འགྲོར་འགྱུར། ཞེས་པའི་འགྲེལ་པ་ལས། ཡུལ་གྱི་རྗེས་འགྲོ་ཞེས་པས་ཆང་ཡུལ་གྱི་རྗེས་སུ་འགྲོ་བ། ཞེས་པར་བྱའོ། །ཡུལ་ནི་ཉེ་བར་མཚོན་པ་སྟེ། དུས་ཀྱི་ཡང་སྟེ། དྲོད་ཆུང་བའི་ཡུལ་དང་། དུས་སུ་ཉིན་གཅིག་ལ་ཚར་བའི་ཆང་མི་བྱའོ། ཞེས་དགོངས་པའོ། །ཞེས་གསུངས་པས། ཡུལ་བོང་འདི་ལྟ་བུ་ན། རྒྱུ་ནས་གྲོ་སོགས་ལས་བཙོས་པ། དུས་ཞག་གཉིས་གསུམ་གྱི་སྨིན་པ་ཡོད་པས། དེའི་ཆོ་ག་ནི། རྒྱུད་འདིའི་སྒོར་ཞུགས་ནས་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པའི་སྔགས་པ། ཁྱིམ་པ་ཡིན་ན་ཤེས་རབ་དབང་ཐོབ་པ་དང་བཅས་པའམ། རབ་ཏུ་བྱུང་བ་ཡིན་ནོ། དབང་ཐོབ་པའི་བུ་མོ་ལ་བསྔགས་པའི་སྒོ་ནས་སམ། མ་འབྱོར་ན་རང་ཉིད་ཀྱི་ཆང་སྒྲུབ་ལ། དེའི་ཚུལ་ཡང་ཆང་བཙོ་མཁན་སྐྱེས་པ་ཡིན་ན་འཁོར་ལོ་བདེ་མཆོག །བུད་མེད་ཀྱིས་བྱེད་ན་རྡོ་རྗེ་ཕག་མོའ་མངོན་པར་རྟོགས་པ་རྒྱུན་དུ་མ་ཆག་པར་ཉམས་
༣༩༣སུ་ལེན་པའི་ཐུན་འཚམས་ཀྱི་ལྷའི་ང་རྒྱལ་དང་ལྡན་པས། དང་པོ་ཉིད་དུ་ཆང་འཚོད་པའི་རྫ་མ་གཙང་མར་བྱས། ནས་གྲོ་སོགས་ཆང་གི་རྒྱུའི་འབྲུ་རྣམས་ཀྱང་བྱི་དོར་བྱས་ལ་གུ་གུལ་གྱིས་བདུག །མེ་ཏོག་གིས་མཆོད་ལ། དེ་ནས་ཆུ་དང་ལྷན་ཅིག་པ་ཐབ་ལ་བཀལ་ཏེ། ཡི་དམ་གྱིས་སྔགས་ཟློས་ཤིང་མེ་བཏང་། ཐབ་ཆུ་ཆོད་ནས། འགྲེམས་རན་པ་དང་། རེ་ལྡེ་སོགས་གཙང་མར་དགྲམ། སྲོག་ཆགས་མེད་པའི་སྔོས་སྨིན་པར་བྱས་པའི་ཕབས་ཇི་ལྟར་འཚམས་པ་བཏབ། དེར་ཆང་བསྙོལ་བའི་རྫ་མ་ཡང་གཙང་བར་བྱས། གུ་གུལ་གྱིས་བདུག །མེ་ཏོག་གིས་མཆོད་ནས། ཆང་གི་ལམ་རྩྭའི་ཆུན་པོའམ། གོས་སོགས་གཙང་ཞིང་གྲོད་ཆེ་བ་སྟ་གོན་བྱས་པ་ལ། མཐའ་ཡས་དང་། ནོར་རྒྱས་དང་། ཆུ་ལྷ་སྟེ། སྟོད་མི་ལ་སྨད་སྦྲུལ་མཇུག་འཁྱིལ་བ་སྦྲུལ་མགོའ་གདེང་ཀ་དང་ལྡན་པ་བདག་ལ་མངོན་དུ་ཕྱོགས་པ་རང་འདྲ་བའི་མཛེས་མས་ཕྱོགས་གཡོན་ནས་འཁྱུད་པ་རྣམ་པར་བསམས་ལ། ༀ་ཨཱཿབཛྲ་ཝ་རུ་ཎ་ཡང་ཧཱུྃ་སྭཱ་ཧཱ། ༀ་ཨཱཿཨ་ནན་ཏ་ཡ་ཧཱུྃ་སྭཱ་ཧཱ། ༀ་ཨཱཿབ་སུ་ཀི་ཧཱུྃ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་དཀར་པོས་ཡང་དག་པར་མཆོད་ནས། ལག་པ་གཡོན་པ་གདེངས་ཀའི་ཚུལ་བསྟན་ཅིང་གཡས་པ་བརྐྱངས་ནས། ༀ་ཝ་རུ་ཎ། ཨ་ནན་ཏ། བ་སུ་ཀི །ༀ་བྷཀྴ་ཨ་གཙྪ་ཨ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུ་ར་བྷུ་ཝ་ཕེཾ་ཧཱུྃ་སྭཱ་ཧཱ། ཞེས་བརྗོད་དེ། འོ་མའི་གཏོར་མ་བྱིན་ནས་སྔར་བཞིན་མཆོད་དེ། ཡོ་མལ་ཀླུ་གསུམ་གྱི་རང་བཞིན་དུ་བསམ་པ་ལ་རྫ་མ་བཞག །དེར་སྦང་མ་རྣམས་བཅུག་ནས། རྫ་མའི་ནང་དུ་སྐད་ཅིག་ལ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལྷ་བཅུ་གསུམ་གྱིས་དཀྱིལ་འཁོར་བསྐྱེད། འཁོར་དང་
༣༩༤བཅས་པ་ཞུ་ནས་མཾ་ཡིག་དམར་སེར་དུ་གྱུར། དེ་ལས་ཆང་གི་ལྷ་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཅྭོ་བརྒྱད་མ། ལང་ཚོ་ལ་བབ་པ་ཉི་མའི་འོད་ལྟ་བུའི་འོད་ཟེར་འཕྲོ་བ། སྣོད་བཅུད་ཀྱིས་བསྡུས་པའི་བཅུད་བཟང་པོ་སྣ་ཚོགས་འཛིན་པ། ཕྱག་གཡས་པ་རྣམས་ན། རལ་གྲི། མདའ། ལྕགས་ཀྱུ། ཐོད་པ། རྡོ་རྗེ། རྒྱལ་མཚན། མུ་ཏིག་གི་ཕྲེང་བ། དྲིལ་བུ། མཆོག་སྦྱིན་མཛད་པ། གཡོན་པ་རྣམས་ན། ཕུབ། གཞུ། ཞགས་པ། ཁ་ཊྭཱཾ་ག །རིལ་བ། སྤྱི་བླུགས། མདུང་། ཐོ་བ། པི་ཝཾ། བགྲང་འཕྲེང་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། སྤྱན་གསུམ་དང་ལྡན་ཞིང་འཇིག་རྟེན་གསུམ་པོ་དབང་དུ་བསྡུད་པའི་སྐུ་ཅན་དུ་བསྒོམ། དེ་བདེ་བ་ཆེན་པོའ་རང་བཞིན་ཡེ་ཤེས་ཀྱི་བདུད་རྩི་ཁུ་བའི་གཟུགས་ཉིད་ཀྱིས་གནས་བར་ལྷག་པར་མོས་ཤིང་། ཇི་སྲིད་མ་ཁུགས་ཀྱི་བར་དུ་གོས་ལ་སོགས་པས་བསྲོ་ཞིང་བཀུར་སྟི་བྱའོ། །དེ་ནས་སྨིན་པ་དང་སྲོག་ཆགས་མེད་པའི་ཆུ་བསྲིངས་ཏེ་ལྷག་པའི་ལྷའི་ང་རྒྱལ། སྔགས་ཟློས་སོགས་ལ་བརྩོན་པས་བསྲིང་བསྐོར་བྱ་བ་ནི་ཆོ་གའོ། །དེ་ལྟར་ཆོ་ག་བཞིན་བཅོས་པ་ལས། ཆང་རོ་ཞིམ་པ། ཁ་བ་དང་། དངར་བ་སོགས་འབྱུང་ངོ་། །དེ་དག་ཀྱང་། རྒྱུད་ལས། མཐའ་ཡས་ནོར་རྒྱས་ཆུ་ལྷ་དང་། །དེར་ནི་གདན་དུ་བསྒོམ་བྱ་སྟེ། །མེ་ཏོག་གུ་གུལ་བདུག་པ་དང་། གཏོར་མ་བྱིན་ནས་བརྩམས་པར་བྱ། ཞེས་དང་། མནྡཱ་ར་ལས་བྱུང་བ་ཀུན། །ཆུ་བོར་གྱུར་ཏེ་དབུས་འགྲོ་བ། འོ་མའི་རྒྱ་མཚོ་ཞེས་བྱ་བ། མར་དང་སྦྲང་རྩི་ལྟ་བུར་འབབ། །ཟླ་བའི་བཏུང་བ་བུ་མོ་སྟེ། །རྡོ་རྗེ་རྣམ་སྣང་། གཏོར་མའི་ཆོ་ག་རྡུལ་ཚོན་གཤེགས་གསོལ་གྱི་ཀླུ་གཏོར་སྦྱར། མཛད་སྐུར་གནས། །རྣམ་པར་སྣང་མཛད་སྐུ་དབུས་སུ། །ཧེ་རུ་
༣༩༥ཀ་ཡི་ཞུ་བར་འགྱུར། །དཔའ་བོ་ཀུན་དང་མཉམ་སྦྱོར་བ། །མཆོག་བདེ་མཁའ་འགྲོ་མ་དྲ་བ། །ཐམས་ཅད་གཅིག་ཏུ་གྱུར་པ་ཡིན། །བདུད་རྩི་དྲག་པོའ་གཟུགས་ཅན་མ། །འཕོག་པར་བྱེད་པ་ལོངས་སྤྱོད་དེ། །སྙིང་པོ་བདུད་རྩི་དེ་བཞིན་ནོ། །ཞེས་དང་། དེ་རུ་སྐྱེས་པའི་ཚང་ལྷ་མོ། །བུ་མོ་འདོད་པའི་གཟུགས་ཅན་མ། །ཉི་མ་འཆར་ཀའི་མདོག་མཚུངས་ཤིང་། །རྒྱ་སྐྱེགས་ཁུ་བ་ལྟ་བུའི་མདངས། །རིན་ཆེན་ཀུན་གྱིས་སྤྲས་པའི་ལུས། །པདྨའི་མདོག་དང་མཚུངས་པའི་འོད། །ཡི་གེ་མ་ལས་བྱུང་བའི་སྐུ། །མཛེས་ཤིང་ཕྱག་ནི་བཅོ་བརྒྱད་དེ། །སྣ་ཚོགས་བཅུད་འཛིན་ལྷ་མོ་ནི། །འཇིག་རྟེན་གསུམ་པོ་དབང་སྡུད་མ། །གཡས་ན་རལ་གྲི་མདའ་ལྕགས་ཀྱུ། །ཐོད་པ་རྡོ་རྗེ་རྒྱལ་མཚན་དང་། །དེ་བཞིན་མུ་ཏིག་ཕྲེང་དྲིལ་བུ། །དགུ་པས་མཆོག་ནི་རབ་སྟེར་བའོ། །གཡོན་པའི་ཕྱག་ན་ཕུབ་དང་གཞུ། །ཞགས་པ་དང་ནི་ཁ་ཊྭཱཾ་ག །རིལ་བ་སྤྱི་བླུགས་དག་དང་མདུང་། །ཐོད་པ་པི་ཝཾ་བགྲང་ཕྲེང་སྟེ། །གཞོན་ཞིང་ལོང་ཚོ་ཕུན་སུམ་ཚོགས། །ལྷ་མོ་མཛེས་མ་སྤྱན་གསུམ་ཅན། ཞེས་དང་། ཆོ་ག་ཡང་དག་རྫོགས་བྱེད་ན། །མྱོས་བྱེད་མཆོག་ནི་སྐྱེ་བར་འགྱུར། །གང་ཚེ་གྲུབ་པའི་ཆང་སེམས་པ། །ཉི་མ་ཉི་མ་དག་ཏུ་བྱ། །སྦྱོང་བ་འདི་ནི་མཆོག་ཏུ་མཛེས། །གྲུབ་པའི་མྱོས་བྱེད་ཡིད་དགའ་བ། ཞེས་དང་། རྣོ་དང་ཁ་དང་ཚ་བ་དང་། །མངར་དང་འཇམ་པ་སྐྱེ་བར་འགྱུར། ཞེས་དང་། བདག་ཉིད་བསོད་ནམས་དབང་ལ་ལར། །བླ་མ་མཉེས་པས་རྙེད་པར་འགྱུར། ཞེས་ཐོར་བུར་གསུངས་པ་རྣམས་ཀྱི་དོན། འགྲེལ་པ་པདྨ་ཅན་ལས། དེའི་ཕྱིར་དམ་ཚིག་ཡོངས་སུ་བསྐྱང་བ་དང་། །བླ་མ་མཉེས་པར་བྱེད་པ་ནི། །མྱོས་བྱེད་དོ་ཞེས་སྟོན་པ་ནི།
༣༩༦བདག་ཉིད་ཅེས་པ་ལ་སོགས་པ། ལ་ལ་ཞེས་པ་རྣལ་འབྱོར་པས་དམ་ཚིག་ཡོངས་སུ་བསྐྱང་བའི་བསོད་ནམས་དང་། བླ་མ་མཉེས་པ་ལས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་འཐོབ་པར་འགྱུར་ཏེ། དེ་ཡང་དམ་ཚིག་གི་རྫས་དང་བྲལ་བས་མ་ཡིན་ནོ། །ཞེས་གདོན་མི་ཟ་བར་དམ་ཚིག་གི་རྫས་བཙོ་བར་བྱའོ། །དེ་ལ་འདི་ནི་བཙོ་བའི་ཆོ་ག་སྟེ། ཡུལ་དང་། དུས་དང་། ནུས་པ་ཇི་ལྟ་བ་བཞིན་ཇི་ལྟར་གསུངས་པའི་སྨན་རྣམས་ཉེ་བར་བཞག་ནས་ཤེས་རབ་དང་བཅས་པའི་སྔགས་པས། གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས། རང་གི་ལྷག་པའི་ལྷའི་རྣལ་འབྱོར་དང་ལྡན་པའི་མདུན་དུ། མཐའ་ཡས་དང་། ནོར་རྒྱས་དང་། ཆུ་ལྷ་སྟེ་ཀླུའི་བདག་པོ་གསུམ་གྱི་རང་བཞིན། ཕྱུན་པོ་ལ་སོགས་པའི་གདན་གྱི་སྟེང་དུ། རྫ་མ་གུ་གུལ་གྱི་དུད་པས་བདུག་ཏེ། མེ་ཏོག་གིས་མཆོད་ལ། དེའི་ནང་དུ་ཤོ་ཤོ་བྷཉྫ་ན་ལས་སོགས་པ་གནུར་བའི་གོང་བུ་ཆུ་དང་བསྲེས་པ་བཅུག་ནས་རྫ་མའི་ནང་དུ་དཔལ་རྡོ་རྗེ་ཕག་མོས་འཁྱུད་པའི་དཔལ་བདེ་མཆོག་འཁོར་དང་བཅས་པ་བདེ་བ་ཆེན་པོར་ཞུ་བར་གྱུར་པ་ལས། སྐྱེས་པའི་མཾ་ཡིག་ལས་བྱུང་བའི་ཆང་གི་ལྷ་མོ་ཇི་ལྟར་གསུངས་པའི་རང་བཞིན་ཅན་རྣམ་པར་བསྒོམས་ཏེ། བདེ་བ་ཆེན་པོའ་རང་བཞིན་ཡེ་ཤེས་ཀྱི་བདུད་རྩི་ཁུ་བའི་གཟུགས་ཀྱི་གནས་པ་ལྷག་པར་མོས་ཤིང་བསྲོ་བ་ལ་སོགས་པ་རྒྱུན་དུ་བྱའོ། །ཞེས་པའོ། །ཞེས་གསུངས་སོ། །གསུམ་པ་ཇི་ལྟར་འཐུང་བའི་ཚུལ་ནི། །བདུད་རྩིར་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པ་སྟེ། དེ་ཡང་ཚོགས་ཀྱི་འཁོར་ལོ་སོགས་དང་འབྲེལ་ན་རང་རང་གི་སྐབས་བཞིན་བདུད་རྩིར་བྱིན་གྱིས་བརླབས་པ་དང་། ལས་ཀྱི་རྡོ་རྗེས་དྲང་བ་དང་། བླངས་ཏེ་མྱང་བའི་ཚུལ་རྣམས། མཁན་པོ་ཆོས་ཀྱི་རྗེ་
༣༩༧ཉིད་ཀྱིས་མཛད་པའི་ཚོགས་འཁོར་གྱི་ཆོ་ག་ལས་རྟོགས་པར་བྱའོ། །རྒྱུད་འདི་རྩ་འགྲེལ་ལས་འབྱུང་བའི་བྱིན་རླབས་དང་ལོངས་སྤྱོད་ཚུལ་འདི། ཚོགས་ཀྱི་འཁོར་ལོར་མ་ཟད། །དམ་ཚིག་ཅན་གྱི་སྔགས་པས་དགོས་པ་ཁྱད་པར་ཅན་གྱི་ཚེ། ཆང་བསྟེན་པའི་དུས་ཐམས་ཅད་དུ་བྱུ་བ་ཡིན་ནོ། །དེའི་ཚུལ་ཡང་། རྒྱུད་ལས། ལྷག་པར་བྱེད་པ་བཤད་པར་བྱ། །གསང་བ་ས་ཡི་བདག་པོ་ཉོན། །བླ་མ་དཔའ་བོ་རྣལ་འབྱོར་མ། །མཆོད་ཅིང་རྗེས་སུ་སྤྱད་པར་བྱ། ཞེས་པས་ཡུལ་གང་ལ་མཆོད་པ་བསྟན། ༀ་ཨཱཿཧཱུྃ་ཞེས་སྔགས་ཀྱིས་སོ། །ཞེས་པས་མཚན་གྱི་མཐར། ༀ་ཨཱཿཧཱུྃ་བརྗོད་ཅིང་མཆོད་པ་བསྟན། གང་གིས་མཆོད་ན་བྱིན་གྱིས་བརླབས་པའི་ཆང་གིས། ཚུལ་ཇི་ལྟར་བྱིན་གྱིས་བརླབ་ན། རྐང་པ་གཅིག་པོ་མར་ཡང་སྦྱར་ལ། ༀ་ཨཱཿཧཱུྃ་གིས་སྔགས་ཀྱིས་སོ། །རྟག་ཏུ་བྱིན་གྱིས་བརླབ་བྱ་ཞིང་། །ཧ་ཧ་ཧྲཱིཿཞེས་པ་སྔགས་སོ། །སྦྱང་བ་དང་ནི་རྟོགས་པར་བྱ། །ཧ་ཡིས་ཁ་དོག་འཕྲོག་པར་བྱེད། །ཧོ་ཡིས་དྲི་ནི་འཕྲོག་པར་བྱེད། །ཧྲཱིཿཡིས་ནུས་པ་བཅོམ་པ་དང་། །བདུད་རྩིའི་རྣམ་པའང་བསྟན་པར་བྱ། དེ་ལྟར་བྱིན་རླབས་མེད་པར་འཐུང་བ་ལ་ཉེས་པ་ཅི་ཡོད་ན། ལྷ་གསུམ་ལ་སོགས་དང་བྲལ་བས། གལ་ཏེ་སྲེད་ལྡན་འཐུངས་གྱུར་ན། །དེ་ནི་དུག་འགྱུར་ཐེ་ཚོམ་མེད། །སྔགས་ཀྱི་དངོས་གྲུབ་སྐྱེ་མི་འགྱུར། བྱིན་གྱིས་བརླབས་པ་ཡང་མི་མྱོས་ཙམ་འཐུང་བ་ཡིན་ཏེ། ཧ་ཅང་མྱོས་ན་སུ་ཞིག་ཆང་གི་མྱོས་གྱུར་པ། །དེ་ལ་བགེགས་ནི་མང་པོ་འབྱུང་། །ཞེས་གསུངས་ཤིང་། དེའི་འགྲེལ་པར། ཀུན་སྤྱོད་ཀྱི་ཆོ་ག་ཉེ་བར་སྟོན་པ་གསུངས་བ། ལྷག་པར་ཞེས་པ་ལ་སོགས་པ་སྟེ། ལྷག་པར་བྱེད་པ་ནི། རྣལ་འབྱོར་པའི་བཏུང་བའི་དོན་དུའོ། །
༣༩༨བླ་མ་དཔའ་བོ་རྣལ་འབྱོར་མ་ཞེས་པ། བླ་མ་དང་། དཔའ་བོ་དང་། རྣལ་འབྱོར་མ་རྣམས་སོ། །འདི་ལྟར་གསུངས་ཏེ། ལག་པ་གཡས་པར་ཧོ་ཡིག་ལས་སྐྱེས་པའི་འཁོར་ལོ་རྣམ་པར་སྣང་མཛད་ཀྱི་རང་བཞིན། ཧོ་ཡིག་གིས་བྱིན་གྱིས་བརླབས་པའི་རྣམ་པར་བསྒོམས་ཏེ། དེའི་སྟེང་དུ་ཧ་ཡིག་ལས་སྐྱེས་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་ཧ་ཡིག་གིས་བྱིན་གྱིས་བརླབས་པ་སྣང་བ་མཐའ་ཡས་ཀྱི་རང་བཞིན་རྣམ་པར་བསྒོམས་པའི་ལག་པ་གཡོན་པས་བཀབ་ཅིང་། རྫས་ཀྱི་སྟེང་དུ་ཉི་མ་ལ་གནས་པའི་ཧྲཱིཿཡིག་མི་བསྐྱོད་པའི་རང་བཞིན་བལྟས་ནས་ལན་གསུམ་དང་ལྔ་དང་བདུན་དུ་ཧ་ཧོ་ཧྲཱིཿཞེས་པའི་སྔགས་བརྗོད་དེ། ༀ་ཨཱཿཧཱུྃ་ཞེས་པའི་སྔགས་རྫས་ཀྱི་སྟེང་དུ་རིམ་པས་གཡས་དང་། གཡོན་དང་། མདུན་དུ་གནས་པ། དེ་ཁོ་ན་ལྟར་བརྗོད་ཅིང་། མཉེས་པར་བྱེད་པའི་ཆོ་གས། བླ་མ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་མཉེས་པར་བྱ་སྟེ། རང་ཉིད་ཀྱང་བསྟེན་པར་བྱའོ། །དེ་ལྟར་མ་བྱས་པར་བསྟན་པའི་ཉེས་པ་གསུངས་པ། ལྷ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ་རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་། མི་བསྐྱོད་པའི་བདག་ཉིད་ༀ་ལ་སོགས་པའོ། །ཞེས་གསུངས་པའི་དོན། ལག་གཉིས་པདྨའི་བསྐོར་བ་བྱས་ནས་ཆང་གི་སྣོད་ཐོད་པའམ། མེད་ན་སྣོད་གང་ཡིན་ཐོད་པར་བསམ་པ་བླངས་ཏེ་ལག་པ་གཡས་པས་བཟུང་། གཡོན་པས་སྟེང་ནས་བཀབ་སྟེ། བྱིན་གྱིས་བརླབ་ཚུལ་གཞུང་ཉིད་ཀྱིས་ཤེས་སོ། །དེ་ནས་རྩ་རྒྱུད་ལས། ཞི་བའི་བཏུང་བ་བཞིན་མྱངས་ན། རྟག་པའི་དངོས་གྲུབ་ཐོབ་པར་འགྱུར། ཞེས་པ་ལྟར་འཐུབ་ཞིང་། ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་ཁ་ཟས་ཀྱི་རྣལ་འབྱོར་བྱའོ། །ཆོ་ག་དེ་ལྟར་བྱས་ནས་ཐམས་ཅད་ལ་སྦྱིན་ནམ་ཞེ་ན། བླ་མ་
༣༩༩ལ་འཁུ་བླ་མ་སྨོད། །སེམས་ཅན་འཁུ་ལ་སྦྱིན་མི་བྱ། །བདུད་རྩི་དང་ནི་དུག་དེ་ཉིད། །དངོས་གྲུབ་སྒྲུབ་པ་འབྲས་བུ་མེད། །འདི་དག་སྔོན་གྱི་སངས་རྒྱས་ཀྱིས། །སྔགས་པའི་སྤང་བར་བྱ་བ་གསུངས། དམ་ཚིག་དང་ལྡན་པ་ལ་ནི་བསླུ་བར་མི་བྱ་སྟེ་མི་སྦྱིན་པར་མི་བྱ་བ་ཡིན་ཏེ། རྣལ་འབྱོར་རྣལ་འབྱོར་མ་འདུས་ལ། །ཆོ་གར་གསུངས་བཞིན་བསླུ་མི་བྱ། །དངོས་པོ་ཐམས་ཅད་ཐུན་མོང་ལ། །སྐལ་དང་སྐལ་མིན་བརྟག་མི་བྱ། །དེས་ན་འདུས་པ་རབ་ཏུ་གསུངས། །དངོས་གྲུབ་རྗེས་སུ་སྣང་བ་ཐོབ། །ཞེས་གསུངས་སོ། །རང་ལུས་ཀྱི་བདུད་རྩི་ལྔ་རིགས་ལྔའི་རང་བཞིན་ཡིན་པ་བཞིན་དུ། ཕྱི་རོལ་དུ་ཆོ་ག་བཞིན་བཙོས་ཤིང་བྱིན་གྱིས་བརླབས་པའི་ཆང་ཡང་། རིགས་ལྔའི་བདག་ཉིད་ཅན་ཡིན་ཏེ། །ཐབ་ཁུང་ཆོས་ཀྱི་འབྱུང་གནས་གྲགས། །གླུ་མ་ནི་བདུད་རྩི་དག་ཏུ་བསྒྲགས། །ཆང་གང་རྡོ་རྗེ་རྣལ་འབྱོར་མ། །གང་ཞིག་དྲོད་དེ་ཧེ་རུ་ཀ་།པདྨ་གར་དབང་དེ་མདོག་ཉིད། །གང་ཞིག་དྲི་དེ་རིན་ཆེན་འབྱུང་། །རོ་གང་དེ་ནི་དོན་ཡོད་གྲུབ། །གང་ཞིག་རླུང་གི་ཤུགས་བདག་ཉིད། ཞེས་སོ། །འདིར་མདོར་བསྡུས་ཙམ་ཞིག་གསུངས་ལ། ཆོ་ག་དང་དབྱེ་བ་རྒྱས་པར་རྒྱུད་གཞན་དུ་ཤེས་པར་བྱ་སྟེ། ཆང་གི་དབྱེ་བ་འདི་དག་ནི། །རྒྱུད་དང་རྒྱུད་གཞན་ཤེས་པར་བྱ། ཞེས་སོ། བཞི་པ་ཆོ་ག་དང་མི་ལྡན་པས་འཐུངས་པའི་ཉེས་དམིགས་ནི། །སྔགས་པ་ཆང་གིས་རྣམ་འགྱུར་ཞིང་། །འདོད་པ་ལ་བརྐམ་འཁྲིག་པར་སྲེད། །གར་བྱེད་དེ་བཞིན་རྒོད་པ་
༤༠༠དང་། །འཐབ་མོ་ལ་སྤྲོ་རྣམ་པར་འཕྲུལ། །སྨོད་ཅིང་ཉམས་པར་བྱེད་པས་ཀྱང་། །དམྱལ་བ་ངུ་འབོད་དུ་འཚེད་འགྱུར། །རྣལ་འབྱོར་མ་ཀུན་ཁྲོས་པ་དང་། །སྡིག་པས་དམྱལ་བར་འགྲོ་འགྱུར་ཞིང་། །དེ་ལ་ནད་དང་མྱ་ངན་འཇིགས། །རྣམ་འཚེ་འཇིགས་སུ་རུང་བ་འབྱུང་། །ཞེས་སོ། །ལྔ་པ་ཇི་ལྟ་བ་བཞིན་བསྟེན་པའི་ཕན་ཡོན་ནི། ཤེས་རབ་བློ་དང་སྟོབས་དང་བདེ། །སྐལ་བཟང་འབྲས་བུ་ཕུན་སུམ་ཚོགས། །དབང་ཕྱུག་ཡོན་ཏན་བརྒྱད་པོ་ཀུན། །ཐོབ་འགྱུར་བླ་མེད་འབྲས་བུ་ཡི། །ཞེས་གསུངས་པས། དང་པོར་ཆང་གི་རྒྱུ་ངོ་བོ་གཙང་བ། སྡིག་པ་ལས་གྲུབ་པ་མ་ཡིན་པ་རྣམས་ཚོགས་པར་བྱས། ཆོ་ག་ཇི་ལྟ་བ་བཞིན་དུ་བཙོས། སྨིན་པར་བྱས་ནས། སྔགས་པ་དམ་ཚིག་ཅན་གྱིས་ཆོ་ག་བཞིན་བྱིན་གྱིས་བརླབས་ཏེ་ལྷ་མཆོད་པའི་བསམ་པས་ལོངས་སྤྱོད་ན། ཚེ་འདིར་ཤེས་རབ་དང་། བློ་དང་། སྟོབས་འཕེལ་བ་དང་། ཕྱི་མ་བདེ་འགྲོར་སྐྱེས་ནས། སྐལ་བ་བཟང་པོ་འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་པར་འགྱུར་བ་དང་། སྐྱེ་བ་བཅུ་དྲུག་ཚུན་ཆད་དུ་དབང་ཕྱུག་གིས་ཡོན་ཏན་བརྒྱན་དང་ལྡན་པའི་དཔལ་ཧེ་རུ་ཀའི་སྐུ་མངོན་དུ་བྱད་པར་འགྱུར་བ་ནི་ངེས་པའོ། །གསང་བ་རྣལ་འབྱོར་བླ་ན་མེད་པ་ཡི། །སྒོར་ཞུགས་རྣལ་འབྱོར་རྣམས་ཀྱི་བསྟེན་བྱའི་ཆང་། །རྒྱུད་ལས་གསུངས་པའི་ཚོགས་བསྒྲུབ་པོ་ཞེས། །བླ་མས་གསུང་པའི་བཞེད་པ་བདག་གིས་བཀོད། །ནོངས་གྱུར་བླ་མ་ལྷར་བཅས་བཟོད་མཛད་ནས། །དགེ་བས་འགྲོ་ཀུན་རྒྱུད་སྡེ་རྒྱ་མཚོ་རྣམས། །བླ་མའི་མན་ངག་
༤༠༡གིས་བསྲུབས་བདུད་རྩིའི་མཆོག །རིམ་གཉིས་ཟས་ལ་རྟག་ཏུ་རོལ་པར་ཤོག །ཅེས་པ་འདི་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཆོས་ཀྱི་རྗེ་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་ཀུན་དགའ་བཟང་པོའ་གསུང་ལས་སྐྱེས་པའི་བུ་ཆུང་དག་ཏུ་གྱུར་པ་རིག་པ་འཛིན་པ་ཀུན་དགའ་བློ་གྲོས་ལ་ཚ་བ་རོང་པའི་དགེ་བཤེས་རྡོ་རྗེ་འཛིན་པ་སངས་རྒྱས་དཔལ་གྱིས་ཡང་དང་ཡང་དུ་བསྐུལ་ནས། དཔལ་ཨེ་ཝཾ་ཆོས་ལྡན་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་སུ་བགྱིས་པའོ། །སརྦ་མངྒ་ལཾ།


Notes


Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion.