Tibetan:གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་ལྡན་གྱི་དམིགས་རིམ་བླ་མའི་གསུང་རྒྱུན་ ་ ་ ་

From gDams Ngag mDzod
Revision as of 14:33, 21 February 2019 by Jeremi (talk | contribs) (Text replacement - "{{Text Tibetan}} == Tibetan Text == <onlyinclude> " to "{{Text Tibetan}} == Tibetan Text == <onlyinclude>{{TibetanContent|content= ")
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Upload a file
DOWNLOAD ABOVE:
Click the picture above to view the original manuscript.
གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་ལྡན་གྱི་དམིགས་རིམ་བླ་མའི་གསུང་རྒྱུན་ ་ ་ ་
gcod kyi tshogs las yon tan kun ldan gyi dmigs rim bla ma'i gsung rgyun gyi zin bris shel dkar me long
Damngak Dzö Volume 14 (ཕ་) / Pages 201-250 / Folios 1a1 to 25b3

Tibetan Text

༢༠༡ ༄༅། གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་ལྡན་གྱི་དམིགས་རིམ་བླ་མའི་གསུང་རྒྱུན་གྱི་ཟིན་བྲིས་ཤེལ་དཀར་མེ་ལོང་ཞེས་བྱ་བ་བཞུགས་སོ། །
༢༠༢ ༄༅། །གང་གི་མཚན་ཙམ་དྲན་པས་ཀྱང་། །སྲིད་ཞིའི་འཆིང་བ་ཀུན་སྒྲོལ་ནས། །ཡང་དག་ས་ལ་འགོད་མཛད་པའི། །བླ་མ་རྒྱལ་བའི་ཡུམ་ལ་འདུད། །འདིར་དམ་པ་བདུད་ཀྱི་གཅོད་ཡུལ་གྱི་དྲ་བ་དོན་ཉམས་སུ་ལེན་པའི་མན་ངག་སྙིང་པོར་དྲིལ་བ་ལ། ཕུང་པོ་གཟན་བསྐྱུར་དང་ཚོགས་ལས་ཀྱི་རིམ་པ་གཉིས་ཀྱི་དམིགས་རིམ་ཞལ་གདམས་རྗེ་བཙུན་ཀུན་དགའ་རྣམ་རྒྱལ་གྱི་ཕྱག་བཞེས་ཀྱི་རིམ་བཞལ་རྒྱུན་ལྟར་བྲི་བ་ལ་བླ་མ་མཁའ་འགྲོས་བཀའི་གནང་བ་སྩལ་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེ་ཡང་གོང་དུ་ཕུག་གཏོར་སོགས་ཚོགས་འཁོར་གཏོར་འབུལ་མཆོད་བཤམས་རྣམས་གྲུབ་ནས་བདུད་རྩི་བྱིན་རླབས་སྔོན་འགྲོ་གཏོར་མ་མཆོད་པ་བྱིན་རླབས་སོང་ནས། དེ་ནས་དངོས་གཞི་ལ། དང་པོ་སེམས་བསྐྱེད་པ་ནི། བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དམ་པ་བདུད་ཀྱི་གཅོད་ཡུལ་ཉམས་སུ་ལེན་པར་བྱ་བསམ་པ་ནི་སྨོན་པ་དང་། དེ་ནས་དངོས་གཞི་ཉམས་སུ་ལེན་པ་ནི་འཇུག་པ་སྟེ། དེ་ཡང་དང་པོ་
༢༠༣ རང་ཉིད་སངས་རྒྱས་ནས་སེམས་ཅན་རྣམས་དེའི་ས་ལ་བཀོད་སྙམ་པ་རྒྱལ་པོ་ལྟ་བུ་དང་། རང་གཞན་གཉིས་ཀ་དུས་མཉམ་དུ་སངས་རྒྱ་སྙམ་པ་མཉན་པ་ལྟ་བུ་དང་། སྔོན་དུ་སེམས་ཅན་རྣམས་སངས་རྒྱས་ཀྱི་ས་ལ་བཀོད་ནས་སླར་རང་སངས་རྒྱ་བར་འདོད་པ་ཕྱུགས་རྫི་ལྟ་བུ་སྟེ། རང་ཉིད་ཀྱི་བློ་ཡིས་གང་ལྕོགས་ཀྱི་སེམས་བསྐྱེད་དེ་ལྟ་བུའི་ངང་ནས་འདིར་གདོན་བརྒྱད་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་བླ་ན་མེད་པ་ཡུམ་ཆེན་མོའ་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་གཅོད་ཡུལ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའོ། །དེ་ལ་གདོན་བརྒྱད་ནི། སྡང་བའི་དགྲ་ཞེས་པ་རང་ཉིད་གསོད་གཅོད་བརྡུང་རྡེག་སོགས་དང་ནོར་རྫས་འཕྲོག་པ་གྱོད་དང་མི་ཁ་གཏམ་ངན་སོགས་དངོས་སུ་མ་རུངས་པའི་བསམ་ངན་དང་ལྡན་པ་དང་། གནོད་པའི་བགེགས་ཞེས་པ། རང་གི་ཚེ་སྲོག་ལུས་དང་ལོངས་སྤྱོད་སོགས་དངོས་མེད་ཀྱི་སྒོ་ནས་འཕྲོག་པར་བྱེད་པ་དང་། བར་དུ་གཅོད་པའི་རྐྱེན་ཞེས་པ། གནས་སྐབས་མཐར་ཐུག་གི་དོན་བྱ་བ་ཆེ་ཕྲ་
༢༠༤ གང་བསྒྲུབ་ཀྱང་ལམ་དུ་འགྲོ་མི་སྟེར་བའི་བར་ཆད་བྱེད་དུ་འཇུག་པ་དང་། ལས་ཀྱི་གདོན་ཞེས་པ། འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་སྐད་ཅིག་མའི་དུས་བར་གྱི་རང་ངོ་རང་གིས་མ་ཤེས་པའི་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི་རང་གཟུགས་རིགས་དྲུག་སོ་སོའ་ལས་སྣང་བདེ་སྡུག་སྣ་ཚོགས་ཀྱི་ཚོར་བ་ཉམས་སུ་མྱོང་བའི་ཡུལ་ཡུལ་ཅན་གྱི་མཚན་འཛིན་ཅན་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་འཁོར་བའི་ལྷན་སྐྱེས་ཀྱི་མ་རིག་པའམ་བདུད་བཞིའི་ངོ་བོ་གཉིས་སྣང་འཁྲུལ་པའི་བག་ཆགས་དེ་ལ་ཟེར། ལུས་ཀྱི་གདོན་ནི། དེ་ལྟར་གཉིས་སྣང་འཁྲུལ་པའི་བག་ཆགས་དཀར་ནག་གིས་བསྐྱེད་པའི་ཤ་ཁྲག་གི་ཕུང་པོ་འདིའི་སྐྲ་རྩེ་ནས་རྐང་སེན་གྱི་བར་དུ་གནས་པའི་རླུང་མཁྲིས་བད་ཀན་འདུས་པའི་ནད་ཀྱི་རྣམ་པར་སྣང་བ་དེ་ལ་ཟེར། གནས་ཀྱི་གདོན་ནི། དེ་ལྟར་ཡུལ་ཡུལ་ཅན་དུ་འཁྲུལ་པའི་ཕྱི་རོལ་ཡུལ་གྱི་བཀོད་པ་འབྱུང་བ་ལྔས་བསྡུས་པའི་འཇིག་རྟེན་ཁམས་ཀྱི་བཀོད་པ་གླིང་བཞི་རི་རབ་སོགས་ནས་སོ་སོའ་ཡུལ་གྲུ་རི་ཀླུང་ནགས་ཚལ་དུར་ཁྲོད་ཆུ་བོ་རྒྱ་མཚོ་ལྷ་ཁང་མཆོད་རྟེན་སོགས་དངོས་པོར་སྣང་བའི་རང་གི་གནས་མལ་དང་བཅས་པ་ལ་གནས་པའི་ཕན་གནོད་བྱེད་མཁན་སྤྱི་དང་བྱེ་བྲག་གི་བདག་པོའ་ལྷ་འདྲེ་རྣམས་ལ་ཟེར། གཙོ་བོར་ལུས་སྲོག་གི་ས་བོན་བསྐྱེད་པར་བྱེད་པའི་ཕ་དང་། དེའི་རྒྱུ་རྐྱེན་འབྲེལ་ཕུན་སུམ་ཚོགས་པར་བྱེད་པའི་མའོ། །དེ་ནས་གོང་གི་སེམས་བསྐྱེད་དང་ལྡན་པའི་ངང་ནས་རང་ཉིད་གདོད་མའི་ཆོས་སྐུ་ཡུམ་ཆེན་མོ་རྒྱན་ཆ་ལུགས་རྫོགས་པར་གསལ་བའི་ང་རྒྱལ་དང་ལྡན་པའི་ངང་ནས་རྐང་གླིང་གི་ཁ་ལག་གཡོན་པའི་མཐིལ་དུ་ལན་གསུམ་བརྡབ་སྟེ་དང་པོས་མ་འཇིགས་ཤིག །གཉིས་པས་མ་སྐྲག་ཅིག །གསུམ་པས་ཤིན་ཏུ་མ་སྐྲག་ཅིག་ཟེར་བའི་སྒྲ་ཐོས་པར་བསམ། དེ་ནས་རྐང་
༢༠༥ གླིང་དང་ཕཊ་སྒྲ་ལན་གསུམ་བྱས་ཏེ། དང་པོས་མགྲོན་དེ་རྣམས་ཀྱིས་ཡུམ་ཆེན་མོའ་ཆོས་སྐུའི་རང་སྒྲ། ཀྱེ་ཉོན་ཅིག་ཟེར་བའི་སྒྲ་དེ་ཉིད་ཐོས་མ་ཐག་ཏུ་མགྲོན་དེ་རྣམས་སོ་སོ་རང་རང་གི་ལས་སྤྱོད་བྱ་བ་རྣམས་བཞག་སྟེ་དུང་ངེ་ཉན་པར་བསམ། གཉིས་པས་འདུས་ཤིག་ཟེར་བའི་སྒྲ་ཐོས་པས་ཉམ་ཐག་པ་སྐྱབས་དང་འཕྲད་པ་ལྟ་བུའི་དགའ་བས་འདུས་པར་བསམ། གསུམ་པས་མྱུར་དུ་འདུས་ཤིག་ཅེས་པར་ཐོས་ཏེ་རི་ན་བུན་གྱིས་གཡོགས་པ་ལྟ་བུ། བྱ་ཆེན་ཐེད་ལ་རུབ་པ་ལྟ་བུ་དང་། ཤ་རུལ་ལ་སྦྲང་བུ་འཚུབས་པ་ལྟ་བུ། སྟོན་མོ་བ་ཤིད་ཝ་འདུས་པ་ལྟར་རང་གི་ཉེ་འཁོར་དུ་འུབ་ཀྱིས་འདུས་པར་བསམ། དེ་ལྟར་འདུས་ནས་རང་གི་གཡས་སུ་ཕ། གཡོན་དུ་མ་དང་། དེ་གཉིས་ཀྱི་འཁོར་དུ་རིགས་དྲུག་གི་མགྲོན་རྣམས་དང་། རང་གི་མདུན་འོག་ལྟ་བུར་གནས་ལུས་གཙོ་གང་ཆེའི་གདོན་དང་། སྡང་དགྲ་གནོད་བྱེད་བར་ཆད་ཀྱི་རྐྱེན་ལ་སོགས་པ་སྔར་བཤད་པའི་མགྲོན་རིགས་ཐམས་ཅད་འཁོད་ནས་ལུས་སེམས་བག་ཕེབས་པའི་ངང་ནས་གཅིག་གིས་གཅིག་ལ་གནོད་པ་མེད་པར་བདེ་ཏིང་ངེ་གནས་པར་བསམ། དུས་རྒྱུན་ཉམས་ལེན་སྐབས་ལས་གདོན་ལ་ལན་ཆགས་ཀྱིས་བསྐོར་བ་ནང་། ལུས་གདོན་ལ་གནོད་བྱེད་ཀྱིས་བསྐོར་བ་བར། གནས་གདོན་ལ་གཟུགས་ཅན་དགྲ་ཡིས་བསྐོར་བ་ཕྱི། དམིགས་བསལ་རང་གཞན་གྱི་ནད་གདོན་འདུལ་བའི་ཕྱིར་ཡིན་ན་ལུས་གདོན་འཁོར་བཅས་ནང་། གནས་གདོན་འཁོར་བཅས་བར། ལས་གདོན་འཁོར་བཅས་ཕྱི། རི་འགྲིམ་དུར་ཁྲོད་སོགས་ཀྱི་སྐབས་གནས་གདོན་འཁོར་བཅས་ནང་། ལུས་གདོན་འཁོར་བཅས་བར། ལས་གདོན་འཁོར་བཅས་ཕྱི་ན་བསྒོམ། །གཉིས་པ་སྐྱབས་ཡུལ་བསྒོམ་པ་ནི། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་དུ་སྐྱབས་
༢༠༦ གནས་ཐམས་ཅད་འདུས་པའི་ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་པའི་ཆོས་སྐུ་ཡུམ་ཆེན་མོ་གསེར་བཙོ་མའི་མདོག་ཅན་ཞལ་གཅིག་ཕྱག་བཞི་གཡས་གཉིས་རྡོ་རྗེ་དང་ས་གནོན། གཡོན་གཉིས་པུ་སྟི་དང་མཉམ་གཞག་གི་ཕྱག་རྒྱ་མཛད་པ། མཚན་དང་དཔེ་བྱད་རྒྱན་རྣམས་ཡོངས་སུ་རྫོགས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྟེང་གི་ཆ་ལ་བཀའ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས། བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། འོག་གི་ཆ་ལ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟ་བུར་བཞུགས་པར་བསྒོམ། དེ་ནས་རང་ཉིད་ཀྱིས་གཙོར་བྱས་པའི་མགྲོན་རིགས་ཐམས་ཅད་ཀྱིས་ཁ་ཙམ་ཚིག་ཙམ་མིན་པར་སྙིང་ཁུངཁོང་རུས་པའི་གཏིང་ནས་ད་ལྟ་སྐད་ཅིག་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་འདི་རྣམས་མཐོར་བཏང་དམར་བཏང་བདེ་སྡུག་ཅི་ལྟར་བྱུང་རུང་ཁྱེད་རྣམས་ཀྱི་གོ་འཕང་མངོན་ཏུདུ་ཐོབ་པ་ཞིག་སྐྱབས་ཡུལ་ཁྱེད་རྣམས་མཁྱེན་སྙམ་པའི་ངང་ནས་རང་གཞིན་ཐམས་ཅད་ཀྱི་ངག་ཏུ་སྐྱབས་འགྲོ་འུ་རུ་རུ་འདྲེན་པར་དམིགས་ལ་བདག་གཞན་སེམས་ཅན་ཐམས་ཅད་སོགས་ནས། རང་སེམས་སྟོང་པ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ་བར་སྐྱབས་འགྲོ་དང་། དཀོན་མཆོག་གསུམ་ལ་འཕྲལ་ཡུན་གྱི་བློ་བཀལ་ནས་ལུས་ངག་ཡིད་གསུམ་བྱང་ཆུབ་ཀྱི་ལམ་ཡང་དག་པར་འཇུག་ཅིང་གཉིས་སྣང་འཁྲུལ་པའི་ནད་གདོན་ཡེ་འགྲོགས་བར་ཆད་ཀྱི་བགེགས་ལ་སོགས་པ་བགེགས་ཀྱི་རྣམ་པ་ཇི་སྙེད་པ་ཐམས་ཅད་རང་རིག་འོད་གསལ་ཆོས་སྐུའི་ཀློང་དུ་ཞི་ཞིང་དག་ནས་སྟོང་པར་གྱུར་ཏེ་མཉམ་ཉིད་ཆེན་པོའ་ཀློང་དུ་གྱུར་བའི་བར་དང་། དེ་ནས་སེམས་བསྐྱེད་ནི། ཚོགས་
༢༠༧ ཞིང་ལ་ཡན་ལག་བདུན་པ་ཕུལ་ནས་བདག་གཞན་མཁའ་ཁྱབ་ཀྱི་མགྲོན་རིགས་ཐམས་ཅད་ཕ་མར་མ་གྱུར་བ་མེད་པ་འདི་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཆོས་སྐུ་ཡུམ་ཆེན་མོའ་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ་ཟབ་མོ་གཅོད་ཀྱི་གདམས་པ་ཉམས་སུ་བླངས་ནས་དེ་རྣམས་སངས་རྒྱས་ཀྱི་ས་ལ་བཀོད་སྙམ་པའི་འདུན་པ་དྲག་པོས་ཇི་ལྟར་དུས་གསུམ་སོགས་གྱེར་བསྒོམ་ལྟར་ཚིག་དོན་ཡིད་ལ་དྲན་བཞིན་བྱའོ། །དེ་ནས་ཚོགས་ཞིང་དེ་རྣམས་མི་དམིགས་པར་བཞག །དེ་ནས་སྐྱབས་གནས་ལྔ་བརྩེགས་བསྒོམ་པ་ནི། མདུན་གྱི་ནམ་མཁར་འཇའ་འོད་ཟེར་གསུམ་གྱི་ཀློང་དུ་ཏྲཱཾ་སེར་པོ་ཞུ་བ་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་ཡངས་ཤིང་རྒྱ་ཆེ་བ། དེའི་སྟེང་དུ་པྃ་དཀར་པོ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ། དེའི་ཟེའུ་འབྲུའི་སྟེང་དུ་མཱུཾ་དམར་སེང་ལས་ཉི་མའི་གདན། དེའི་སྟེང་དུ་ཨཱཿདཀར་པོ་ལས་ཟླ་བའི་གདན། དེའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ཞུ་བ་ལས་རྩ་བའི་བླ་མ་དང་དབྱེར་མེད་པའི་མ་གཅིག་ལབ་ཀྱི་སྒྲོལ་མ་སྐུ་མདོག་དཀར་མོ་སོགས་གཞུང་ལྟར་གྱེར་ཞིང་དེའི་སྙན་གོང་གཡས་ཕྱོགས་སུ་པད་ཟླའི་སྟེང་དུ་ཕ་དམ་པ་གཞུང་ལྟར་ལ་རྒྱ་བོད་གྲུབ་ཐོབ་རྒྱ་མཚོས་བསྐོར་བ། མ་གཅིག་གི་སྙན་གོང་གཡོན་ཐད་དུ་པད་ཉི་རོའ་སྟེང་དུ་རྗེ་བཙུན་མ་ལྷ་ལྔ་གཞུང་ལྟར་བསྒོམ་པ་ལ་གནས་གསུམ་གྱི་མཁའ་འགྲོས་བསྐོར་བ། མ་གཅིག་གི་དབུ་ཐོག་ཏུ་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་དུ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སངས་རྒྱས་སྟོང་། རྒྱབ་ཏུ་རྒྱལ་བའི་གསུང་རབས་དམ་ཆོས་པུ་སྟི་གླེགས་བམ་ཚུལ་དུ་བརྩེགས་པ། གཡོན་དུ་ཉེ་བའི་སྲས་ཆེན་བརྒྱད་གནས་བརྟན་བཅུ་དྲུག་སོགས་ལ་འཕགས་པ་བྱང་སེམས་ཉན་རང་གི་ཚོགས་རྣམས་རབ་ཏུ་བྱུང་བའི་ཆ་
༢༠༨ ལུགས་སོགས་དང་ལྡན་པས་བསྐོར་བར་བསྐྱེད། ཐུབ་པའི་དབུ་ཐད་ཀྱི་ནམ་མཁར་སེང་ཁྲི་པད་ཟླའི་གདན་ལ་ཡུམ་ཆེན་མོ་རྒྱན་ཆ་ལུགས་གཞུང་ལྟར་ལ་འབུམ་གྱི་གླེང་གཞི་ལས་བྱུང་བའི་ཕྱོགས་བཅུའི་སངས་རྒྱས་དང་དེའི་བྱང་སེམས་ཉན་རང་གི་ཚོགས་དང་བཅས་པས་བསྐོར་བར་དམིགས། ཡུམ་ཆེན་གྱི་དབུ་ཐད་ཀྱི་ནམ་མཁར་སེང་ཁྲི་པད་ཟླའི་གདན་ལ་རྣམ་པར་སྣང་མཛད་དཀར་པོ་སོགས་གཞུང་ལྟར་ལ། མི་བསྐྱོད་པ། རིན་འབྱུང་། འོད་དཔག །དོན་གྲུབ་ལ་སོགས་ལོངས་སྐུའི་ཆ་བྱད་ཅན། དེ་དག་གི་གཡས་ཕྱོགས་སུ་བདེ་དགྱེས་གསང་གསུམ་སོགས་ཡི་དམ་ཕ་རྒྱུད་ཀྱི་དཀྱིལ་འཁོར་ལ་དཔའ་བོ་ཐོད་པའི་དུམ་བུ་སོགས་དཔའ་བོ་རྒྱ་མཚོའ་ཚོགས་ཀྱིས་བསྐོར་བ། དེ་དག་གི་གཡོན་ཕྱོགས་སུ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་བདག་མེད་མ་སྒྲོལ་མ་བླ་མེད་སོགས་མ་རྒྱུད་ཀྱི་དཀྱིལ་འཁོར་ལ་དཔའ་མོ་རབ་གཏུམ་མ་ལ་སོགས་དཔའ་མོ་རྒྱ་མཚོའ་ཚོགས་ཀྱིས་བསྐོར་བར་བསྐྱེད། དེ་དག་གི་མདུན་ཕྱོགས་སུ་པད་ཟླའི་སྟེང་དུ་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྐུ་མདོག་ལྗང་སྔོན་གཡས་མཆོག་སྦྱིན་དང་གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་འཛིན་པ་མཚན་དཔེའི་རྒྱན་རྣམས་རྫོགས་པར་བསྒོམ། རྒྱབ་ཕྱོགས་སུ་སེང་ཁྲི་པད་ཟླའི་གདན་ལ་ཐུབ་པ་གངས་ཅན་མཚོ་རྒྱལ་དཀར་པོ་ཕྱག་མཉམ་གཞག་ན་ལྷུང་བཟེད་སྤོས་ཆུས་གང་བ་བསྣམས་པ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་དང་ལྡན་པར་བསྒོམ། རྣམ་སྣང་གི་དབུ་ཐད་ཀྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་དུ་དབུས་སུ་ཆོས་སྐུ་རྡོ་རྗེ་འཆང་མཐིང་ནག་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་ཞིང་ཞབས་རྡོར་སྐྱིལ་གྱིས་བཞུགས་པ་འཁོར་ལོས་བསྒྱུར་བའི་ཆ་བྱད་ཅན་ལ་བཀའ་བབས་བཞི་དྲུག་གི་བླ་མ་དང་ཏཻ་ལོ་ནཱ་རོ་སོགས་ནས་རྩ་བའི་བླ་མའི་བར་གྱི་བཀའ་བརྒྱུད་
༢༠༩ ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མ་གཅིག་གི་གདན་མཚམས་གཡས་ཕྱོགས་སུ་པད་ཉི་རུ་དྲ་ཕོ་མོ་བསྣོལ་བའི་སྟེང་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། བེར་ནག་ཅན། ཕྱག་དྲུག་པ། གུར་མགོན་སོགས་ལ་གཞན་ཆོས་སྐྱོང་ཕོ་རྒྱུད་ཚོགས་ཀྱིས་བསྐོར་བ། གདན་མཚམས་གཡོན་ཕྱོགས་སུ་པད་ཉི་རོ་གདན་ཁྲག་མཚོ་རླུང་ནག་སོགས་སོ་སོའ་གཞུང་དང་མཐུན་པའི་གནས་དང་གདན་གྱི་སྟེང་དུ་དཔལ་ལྡན་ལྷ་མོ་དུད་སོལ་མ། རང་བྱུང་རྒྱལ་མོ། ཨེ་ཀ་ཛཱ་ཊི། རེ་ཏི་མཆེད་བཞི་སོགས་ལ་གཞན་ཆོས་སྐྱོང་མོ་རྒྱུད་ཀྱི་ཚོགས་ཀྱིས་བསྐོར་བ། དེ་རྣམས་ཀྱི་གདན་མཚམས་ན་གནོད་སྦྱིན་ནོར་ལྷའི་ཚོགས་དང་། འཇིག་རྟེན་དྲེགས་པའི་བསྟན་སྲུང་མཐུ་བོ་ཆེ་རྣམས་ཀྱང་ཕྱི་རྒྱུད་ཀྱི་དང་ལ་མགོན་བདུན་ཅུ་རྩ་གཉིས་ལ་སོགས་པ་བསྟན་པ་གཉན་པོ་བསྲུང་བའི་མཐུ་བོ་ཆེ་དེ་རྣམས་ཀྱང་སོ་སོའ་ཆ་ལུགས་རྒྱན་དང་ཕྱག་མཚན་རང་རང་གི་ཞོན་པ་དང་བཅས་པ་འཁོར་ཚོགས་དུ་མས་བསྐོར་ཞིང་བསྟན་པ་སྲུང་བའི་ལས་ལ་བརྩོན་པར་བསྒོམ། དེ་རྣམས་ཀྱི་འོག་གིས་གཞི་ལ་སྔར་གྱི་གདོན་རྣམས་གཙོ་བོར་གྱུར་པའི་མགྲོན་དེ་རྣམས་ཀྱིས་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྙིང་ནས་སྐྱབས་ཚོལ་ཏེ་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་གནས་པར་བསམ། གཉིས་པ་ཡེ་ཤེས་པ་སྤྱན་འདྲེན་པ་ནི། དེ་ལྟར་བསྐྱེད་པའི་སྐྱབས་གནས་ཀྱི་གཙོ་བོ་ལྔའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་དབུས་ཀྱི་ཡུམ་ཆེན་མོ་ལ་ཕོག །དེ་ལས་འོད་ཟེར་འཕྲོས་པས་ལྷ་ཚོགས་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ཞིང་འོད་ཟེར་ཡུམ་ཆེན་གྱི་ཐུགས་ཀར་འདུས། སླར་ཡང་ཡུམ་ཆེན་མོའ་ཐུགས་ཀ་ནས་འོད་ཟེར་སྟེང་འོག་ཕྱོགས་
༢༡༠ མཚམས་ཀུན་ཏུ་ཁྱབ་པར་འཕྲོས་པས་རང་བཞིན་རྣམ་པར་དག་པ་འོག་མིན་གྱི་ཞིང་ནས་ཡུམ་ཆེན་མ་གཅིག་ལ་སོགས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་ནམ་མཁའ་ལ་སྤྲིན་ལྡང་བ་ལྟ་བུར་སྐད་ཅིག་གིས་སྤྱན་དྲངས་ཏེ་འཇའ་འོད་སྤོས་དུད་རོལ་མོའ་སྒྲ་དང་བཅས་ནས་བྱོན་པར་བསམ་ཞིང་། ཧཱུྃ། མ་ལུས་སེམས་ཅན་སོགས་གྱེར་བསྒོམ་བྱས་ལ་མཆོད་ཅིང་ཅི་བདེ་བར་ནི་བཞུགས་སུ་གསོལ་ཞེས་པས་དམ་ཚིག་པ་ལ་ཡེ་ཤེས་པ་རྣམས་ཆུ་ལ་ཆུ་བཞག་པ་བཞིན་དུ་དབྱེར་མེད་དུ་ཐིམ་པར་བསམ། རང་ཉིད་དང་མདུན་དུ་བཤམས་པའི་མཆོད་པ་གཉིས་ལས་མཆོད་པའི་ལྷ་མོ་ཁྲུས་ཆབ་མ་དཀར་མོ་བུམ་པ་དཀར་པོའ་ཡུ་བ་ནས་བཟུང་ཞིང་ཁྲུས་གསོལ་བ་དང་། རས་དཀར་འཛིན་པས་སྐུ་ཕྱི་བ་དང་། གཞན་ཡང་མཆོད་པའི་ལྷ་མོ་སྣ་ཚོགས་པས་མེ་ཏོག་བདུག་སྤོས་སོགས་འདོད་ཡོན་རྣམ་ལྔ། རྒྱལ་སྲིད་སྣ་བདུན། སྒེག་སོགས་བརྒྱད། གཞན་ཡང་གླིང་བཞི་རི་རབ་ཉི་ཟླས་བརྒྱན་པ་སོགས་སྐད་ཅིག་ལ་དཔག་ཏུ་མེད་པ་སྤྲུལ་ཏེ་མདུན་གྱི་སྐྱབས་ཡུལ་རྣམས་ལ་ཕུལ་བར་བསམ་ལ་འདོན་བསྒོམ་བྱའོ། །དེ་ནས་རང་དང་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གང་གི་དྲིན་གྱིས་སོགས་ཀྱིས་བསྟོད་པར་བསམ་ལ་གྱེར་བསྒོམ་བྱ། དེ་ནས་བཟླས་པ་བྱ་བ་ནི། མ་གཅིག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ངང་ཀྱི་ལེའི་དབུས་སུ་ཧཱུྃ་ཡིག་དཀར་པོ་སྟན་ལ་ཁབ་བཙུགས་པ་ལྟར་འགྲེང་སྟེ་གནས་པའི་མདུན་ངོས་ནས་བརྩམས་ཏེ་གཡས་བསྐོར་དུ་ༀ་ག་ཏེ་སོགས་ཀྱི་སྔགས་ཕྲེང་མུ་ཏིག་གི་ཕྲེང་བ་ལྟར་དཀར་ཧྲམ་མེར་བསྐོར་བར་དམིགས། དེ་ནས་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ནས་སྐུ་གསུང་ཐུགས་ཀྱི་མཐུ་དང་ནུས་པ་
༢༡༡ ཐམས་ཅད་བསྡུས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕོག །ལྷ་ཚོགས་རྣམས་ཀྱི་བྱིན་རླབས་འོད་ཟེར་སྣ་ཚོགས་ཀྱི་ཚུལ་དུ་འདུས་ཏེ་མ་གཅིག་ལ་ཐིམ། མ་གཅིག་གི་མཐེ་བོང་ནས་ཆང་གི་ཐེམ་བུ་ཕུད་པ་ལྟར་བྱུང་ནས་བདག་དང་འཁོར་དུ་འདུས་པའི་རིགས་དྲུག་སོགས་མགྲོན་རྣམས་ཀྱི་སྤྱི་བོ་ནས་ཞུགས་ལུས་ངག་ཡིད་གསུམ་ལ་ཕོག་པས་ཐོག་མེད་ཀྱི་དུས་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པ་བ་སྤུ་དང་རྐང་མཐེབ་དང་འོག་སྒོའི་རྒྱུད་ནས་ཐོན་ཏེ་གདན་དབང་ཆེན་གསེར་གྱི་ས་གཞི་ལ་ཐིམ་པར་བསམ། ཡང་དྲག་དམིགས་འདོད་ན། རང་རང་གི་གཉིས་སྣང་འཁྲུལ་པའི་མ་རིག་པའི་ངང་གཟུགས་ལྷན་ཅིག་སྐྱེས་པའི་བདུད་ཆུ་སྲིན་གྱི་གདོང་པ་ཅན་ཁ་ཡར་གདངས་པའི་ནང་དུ་སོང་བས་ཚིམ་ཞིང་དགྱེས་ནས་བུ་ལོན་ལན་ཆགས་ཐམས་ཅད་བྱང་བར་བསྒོམ་པ་ནི་ནག་འགྱེད་ཟེར་རོ། །དེ་ནས་མཆོད་པ་ནི། རང་གི་ཚོགས་དྲུག་གི་སྣང་བ་ཕྱི་རོལ་དུ་བཟུང་བའི་ཡུལ་སྣང་གི་ངོ་བོར་རང་ལུས་ཤེལ་ལྟར་དག་པའི་སྙིང་གནས་སྤྲུལ་པའི་གཟུགས་ཀྱི་ལྷ་མོ་མེ་ལོང་ཐོགས་པ། སྒྲ་ཡི་ལྷ་མོ་པི་ཝཾ་ཐོགས་པ། ཡིད་ཀྱི་ལྷ་མོ་ཆོས་འབྱུང་ཐོགས་པ་སོགས་མཆོད་རྫས་སྣ་ཚོགས་ཐོགས་པའི་ལྷ་མོ་དཔག་ཏུ་མེད་པས་སྐྱབས་ཡུལ་འཁོར་དང་བཅས་པ་མཆོད་པར་བསམ་ལ་སྟོང་གསུམ་རབ་འབྱམས་འཇིག་རྟེན་སོགས་བྱའོ། །བཞི་པ་ལུས་སེམས་ཕྲལ་ཞིང་མཎྜལ་འབུལ་བ་ནི། རང་ལུས་གཟུགས་ཀྱི་ཕུང་པོ་དཀར་དམར་མདངས་ལྡན་ལང་ཚོ་རྒྱས་པ། དེའི་ལུས་ཀྱི་ནང་དབུས་སུ་རྩ་དབུ་མ་ཁ་དོག་ཕྱི་དཀར་ལ་ནང་དམར་བ། གསལ་ལ་དྭངས་པ། ནང་སྟོང་པ་ཤེལ་གྱི་སྦུ་གུ་ལྟ་བུ་ཤིན་ཏུ་དྲང་བ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཡར་སྣེ་སྤྱི་གཙུག་ཚངས་པའི་བུ་གར་ཟངས་དུང་ཁ་ཕྱེས་པ་བཞིན་
༢༡༢ དུ་ཟུག་པ། མར་སྣེ་གསང་གནས་སུ་ཟུག་པའི་རྩ་སྣེ་ཁ་དབྲག་གཉིས་སུ་གྱུར་ཏེ་བརླ་ཡི་རྐང་གཉིས་ནས་བརྒྱུད་དེ་མར་སྣེ་གཉིས་རྐང་ཞབས་སུ་ཕུག་རྡུག་ཏུ་གྱུར་པའི་ནང་དུ་གཡས་སུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ། གཡོན་དུ་མ་ལས་ཐོབ་པའི་ཐིག་ལེ་དམར་པོ་གཉིས་བསམ། དེ་གཉིས་ཀྱི་སྟེང་དུ་དམྱལ་བའི་ས་བོན་ཐིག་ལེ་ནག་པོ་ཏྲི་ནག་པོས་མཚན་པ། གསང་གནས་སུ་ཡི་དྭགས་ཀྱི་ས་བོན་ཐིག་ལེ་སེར་པོ་པྲེ་སེར་པོས་མཚན་པ། དེ་བཞིན་དུ་ལྟེ་བར་དུད་འགྲོའི་ས་བོན་ཐིག་ལེ་དང་དུ་སྐྱ་བོ། སྙིང་གར་མིའི་ས་བོན་ཐིག་ལེ་དང་ནྲྀ་ལྗང་གུ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་ཐིག་ལེ་དང་ཨ་དམར་པོ། སྤྱི་བོར་ལྷ་ཡི་ས་བོན་ཐིག་ལེ་དཀར་པོ་ༀ་དཀར་པོས་མཚན་པ་རྣམས་གསལ་གདབ། ཡི་གེ་དྲུག་ལས་འོད་ཟེར་འཕྲོས། རིགས་དྲུག་སོ་སོའ་ཞིང་ཁམས་ལས་འབྲས་དང་བཅས་པ་ཡི་གེ་རྣམས་ལ་ཐིམ། ཕཊཿརྐང་མཐིལ་གྱི་ཐིག་ལེ་དཀར་དམར་གཉིས་འཕར་ནས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ས་བོན་དང་བཅས་པ་ཐིག་ལེར་ཐིམ། གསང་གནས་སུ་འདུས། བྱ་མ་སར་གྱི་སྒོ་ང་ཙམ་དུ་གྱུར། ཡི་དྭགས་ཀྱི་ས་བོན་བཀྲེས་སྐོམ་དང་བཅས་པ་ཐིག་ལེར་ཐིམ་ལྟེ་བར་འཕོས། དུད་འགྲོའི་ས་བོན་གླེན་ལྕུགལྐུགས་དང་བཅས་པ་ཐིག་ལེར་ཐིམ་སྙིང་གར་འཕོས། མིའི་ས་བོན་དབུལ་ཕོངས་དང་བཅས་པ་ཐིག་ལེར་ཐིམ། མགྲིན་པར་འཕོས། ལྷ་མིན་འཐབ་རྩོད་དང་བཅས་པ་ཐིག་ལེར་ཐིམ། སྤྱི་བོར་འཕོས། ལྷ་འཕོ་ལྟུང་དང་བཅས་པ་ཐིག་ལེར་ཐིམ། དེ་དག་རིམ་བཞིན་ཐིག་ལེ་ཇེ་ཆེར་སོང་ནས་བྱ་ཆེན་གྱི་སྒོ་ང་ཙམ་ཡར་ལ་ཁད་པ་དེ་ཕཊ་དྲག་ཏུ་བརྗོད་པས་མ་གཅིག་གི་ཐུགས་ཀར་སིབ་ཀྱིས་ཐིམ་པར་བསམ་ལ་མཉམ་པར་བཞག །ཡང་ལུགས་གཅིག་ལ། རང་ལུས་དབུ་མ་རྐང་ཞབས་ཀྱི་ཐིག་ལེ་དཀར་དམར་གཉིས་སྔར་ལྟར་གསལ་
༢༡༣ བཏབ་ནས་རིགས་དྲུག་གི་ས་བོན་མི་བསྒོམས་པར་ཕཊ་ཀྱིས་ཐིག་ལེ་གཉིས་གསང་གནས་སུ་འདྲེས། ཡང་ཕཊ་ཀྱིས་སྙིང་ག་ནས་རྣམ་ཤེས་ཐིག་ལེ་དང་བཅས་པ་སྤྱི་བོ་ནས་སོང་སྟེ་མ་གཅིག་གི་ཐུགས་ཀར་ཐིམ་པ་དང་། ཡང་བསྡུས་པ་གཅིག་ལ། སྙིང་ག་ཕྱིན་ཕུག་རྡུག་ཏུ་ཡོད་པའི་སྙིང་པདྨ་འདབ་བརྒྱད་ཀྱི་རྣམ་པར་གནས་པའི་དབུས་སུ་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་བསྒོམ་ནས་ཕཊ་ཀྱིས་མ་གཅིག་གི་ཐུགས་ཀར་ཐིམ་པ་སོགས་འཕོ་ལུགས་དེ་གསུམ་གང་ལྕོགས་བྱ་བ་ནི་ནམ་མཁའ་སྒོ་འབྱེད་ཅེས་བྱའོ། །དེ་ནས་སླར་ཡང་མ་གཅིག་གི་ཐུགས་ཀ་ནས་རང་གཞན་རིག་པའི་ངོ་བོ་དེ་ཡི་གེ་ཧྲཱིཿདམར་པོ་ཞིག་ཏུ་གྱུར་ནས་ཕྱིར་འཕྲོས་མ་ཐག་ཏུ་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་སྐུར་གྱུར་ནས་སྒྱུ་ལུས་གཟུགས་ཀྱི་ཕུང་པོ་གན་རྐྱལ་དུ་འགྱེལ་བ་དེ་ཉིད་གྲི་གུག་ཚད་ཙམ་བྱས་པས་ཤག་གིས་བཤག །ཤུབས་ཀྱིས་བཤུས། ཕྱལ་གྱིས་སྟེང་ནས་པགས་པ་དབང་ཆེན་གསེར་གྱི་ས་གཞིར་གྱུར་པའི་སྟེང་དུ་ངོ་བོ་ཤ་ཁྲག་ལ་རྣམ་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མཎྜལ་ཁྲག་དང་སྤོས་ཆུ་ཐ་དད་མེད་པས་ཆག་ཆག་བཏབ་པའི་སྟེང་དུ། བྱང་ཁོག་དབུས་ཀྱི་རི་བོ་མཆོག་རབ། སྟོད་སྡེབ་གཡས་པ་ལག་པ་དང་བཅས་པ་ཤར་ལུས་འཕགས་པོ། སྟོད་སྡེབ་གཡོན་པ་ལག་པ་དང་བཅས་པ་ལྷོ་འཛམ་བུ་གླིང་། སྨད་སྡེབ་གཡས་པ་རྐང་པ་དང་བཅས་པ་ནུབ་བ་ལང་སྤྱོད། སྨད་སྡེབ་གཡོན་པ་རྐང་པ་དང་བཅས་པ་བྱང་སྒྲ་མི་སྙན། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། མིག་གཉིས་ཉི་མ་དང་ཟླ་བ། རྣ་བ་གཉིས་གདུགས་དང་རྒྱལ་མཚན། ཉིང་ལག་བརྒྱད་ནི་གླིང་ཕྲན་བརྒྱད། སྙིང་ཡིད་བཞིན་གྱི་ནོར་བུ།
༢༡༤ སྲོག་རྩ་དཔག་བསམ་གྱི་ལྗོན་ཤིང་། གློ་བ་ཅང་ཤེས་ཀྱི་རྟ་ཕོ། མཆིན་པ་ཨ་མོ་ལི་ཀའི་རྡོ་ལེབ། མཆིན་ཁྲི་དར་དཀར་གྱི་ཡོལ་བ། མཁལ་མ་ལྷ་ཕྲུག་ཀླུ་ཕྲུག །ཁྲག་དང་ཆུ་སེར་རོལ་པའི་མཚོ་བདུན། ཚིལ་ནི་གཏེར་ཆེན་པོའ་བུམ་པ། ཕོ་བ་མ་རྨོས་པའི་ལོ་ཏོག །ནུ་མ་འདོད་འཇོའ་བ། སོ་རིན་པོ་ཆེའི་ཕྲེང་བ། སེན་མཛུབ་ཐམས་ཅད་བཀྲ་ཤིས་རྟགས་བརྒྱད། རྒྱུ་མ་མཐའི་ལྕགས་རི། སྐྲ་དང་བ་སྤུ་ཐམས་ཅད་ཙནྡན་གྱི་ནགས་རི་དང་གུར་གུམ་གྱི་སྤང་རི། ནང་རོལ་ཐམས་ཅད་ན་བ་དང་ནེའུ་སེང་ལ་སོགས་པའི་བཀོད་པ་དང་། གཞན་ཡང་རང་ཉིད་རྗེ་བཙུན་མར་གསལ་བའི་ཐུགས་ཀ་དང་བ་སྤུའི་བུ་ག་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་མཆོད་རྫས་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་དང་། མཎྜལ་ཡང་དེ་འདྲ་བའི་བཀོད་པ་དཔག་ཏུ་མེད་པ་སྤྲུལ་ནས་སྐྱབས་ཡུལ་རེ་རེ་ལ་ཡང་མཎྜལ་གྱི་བཀོད་པ་དེ་འདྲ་བ་རེ་སོ་སོར་ཕུལ་ནས་རང་རང་གིས་བདག་ཏུ་བཟུང་ནས་བཞེས་ཏེ་བཞུགས་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་དང་། ཆོས་སྐྱོང་སྲུང་མ་རྣམས་ལའང་སོ་སོའ་བཞུགས་གནས་མཆོད་རྫས་སོགས་ཡིད་དང་མཐུན་པ་དང་། ཕྱི་རྒྱུད་དཔལ་མགོན་བདུན་ཅུ་སོགས་བསྟན་སྲུང་མཐུ་ཆེན་རྣམས་ལའང་རང་རང་གི་ཡིད་དང་མཐུན་པའི་གདན་ལ་སོགས་པ་བཀོད་པ་ཕུན་སུམ་ཚོགས་པ་དཔག་ཏུ་མེད་པར་གྱུར་པ་བདག་ཏུ་བཟུང་ནས་སོ་སོའ་གདན་ལ་གནས་ཤིང་ལོངས་སྤྱོད་པར་བསམ། དེ་ལྟར་ཕུལ་བའི་དགེ་བས་བླ་མ་ཡི་དམ་མཁའ་འགྲོ་སོགས་སྐྱབས་ཡུལ་རྣམས་ཀྱི་སྐུ་གསུང་ཐུགས་ཤིན་ཏུ་མཉེས་ནས་རྒྱུ་ཚོགས་གཉིས་རྫོགས་ལམ་སྒྲིབ་པ་གཉིས་བྱང་ནས་མཆོག་ཐུན་མོང་གི་དངོས་གྲུབ་སྩལ་བར་བསམ། ཆོས་སྐྱོང་སྲུང་མ་དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕུལ་བས་སངས་རྒྱས་ཀྱི་བསྟན་པ་
༢༡༥ སྲུང་བ་དང་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བཅོལ་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པར་མོས་ལ་པགས་པ་གསེར་གྱི་ས་གཞི་སོགས་གྱེར་ཞིང་མཉམ་པར་བཞག་གོ །ལྔ་པ་གསོལ་འདེབས་བྱིན་འབེབས་ནི་འོག་ཏུ་སྨོས་ལ། དྲུག་པ་མཆོད་སྦྱིན་གྱི་རིམ་པ་ནི། རང་ལུས་གཟུགས་ཀྱི་ཕུང་པོ་ཆེ་བ་ཚོ་བ། སྣུམ་ལ་སྤྲེ་བ། དཀར་ལ་དམར་བའི་མདངས་ཆགས་པ་ཅིག་གསལ་བཏབ་ལ། དེའི་སྙིང་ག་ནས་རྣམ་ཤེས་གོང་ལྟར་སྤར་ལ། མ་གཅིག་གི་ཐུགས་ཀ་ནས་རང་རིག་རྡོ་རྗེ་རྣལ་འབྱོར་མ་སོགས་གོང་ལྟར་གསལ་བའི་ངང་ནས་བེམ་པོ་བཤས་བཤུས་པགས་པ་གསེར་གྱི་ས་གཞིར་གྱུར་པའི་སྟེང་དུ་ལག་པ་གཉིས་དང་རྐང་པ་གཡས་གསུམ་ཕྱོགས་སོ་སོར་བཙུགས་པ་དེ་ཉིད་ཐོད་པ་སྐམ་པོའ་སྒྱེད་བུ་རི་རབ་ཙམ་གསུམ་དུ་གྱུར་པའི་སྟེང་དུ་བེམ་པོའ་ཀ་པཱ་ལ་སྒར་གྱིས་དྲས་ནས་བཙུགས་པ་རྒྱ་ཆེ་བ་སྟོང་གསུམ་ཙམ་དུ་གྱུར་པའི་ནང་དུ་བེམ་པོའ་ཤ་ཁྲག་གི་ལྷག་རོལ་རྣམས་བཏབ་སྟེ་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་ཕྱག་གི་གྲི་གུག་གིས་བཤས་གསེས་བཏུབ་སྤུངས་བསྙིལ་ཤ་ཁྲག་གི་རྒྱ་མཚོར་གྱུར་པར་བསམ། ཐོད་སྒྱེད་ཀྱི་ནང་དུ་ཡཾ་ལྗང་ཁུ་དང་། དེའི་སྟེང་དུ་རྃ་དམར་པོས་མཚན་པར་བསྒོམ། ཤ་ཁྲག་གི་རྒྱ་མཚོའ་སྟེང་དུ་ཁྃ་དཀར་པོ་དང་། དེ་སྟེང་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་རྣམས་བརྩེགས་མར་ཡོད་པར་བསྒོམ། རང་རྣལ་འབྱོར་མའི་ཐུགས་ཀ་ནས་འོད་ཟེར་ལྗང་ཁུ་འཕྲོས་ཡྃ་ལ་ཕོག་པས་རླུང་གཡོས། དེ་སྟེང་དུ་རཾ་ལ་ཕོག་པས་མེ་སྦར་ཐོད་པ་དྲོས་ནས་ཤ་ཁྲག་གི་རྒྱ་མཚོ་ཁོལ་ཞིང་མི་གཙང་བའི་དངོས་པོ་རྣམས་འོ་མའི་སྤྲིས་མ་ཕྱུར་བ་བཞིན་ཕྱིར་ལུད་ཁཾ་དཀར་པོ་ཞུ་བ་ཆུའི་རྒྱུན་དུ་གྱུར་ཏེ་མི་གཙང་བའི་དྲི་མ་རྣམས་བཀྲུས་ནས་དག །ༀ་ཨཱཿཧཱུྃ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས། ཕྱོགས་
༢༡༦ བཅུའི་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་གྱུར་ནས་ཡི་གེ་གསུམ་ལ་ཐིམ། དེ་གསུམ་རིམ་བཞིན་ཞུ་བས་ཐོད་ནང་གི་བདུད་རྩི་ལ་ཐིམ་པས་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་དཀར་ལ་དམར་བའི་མདངས་ཆགས་པ་ཅུང་ཟད་སྔོ་བའི་དབྱིབས་ཅན་རོ་བརྒྱ་ནུས་མཐུ་ཕུན་སུམ་ཚོགས་པ་སྟོང་གསུམ་ཙམ་དུ་མེ་རེ་རེ་འཁྱིལ་བར་བསམ། རང་རྣལ་འབྱོར་མའི་ཐུགས་ཀ་དང་བ་སྤུའི་བུ་ག་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་ཁ་དོག་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་ནས་བདུད་རྩིའི་རྒྱ་མཚོ་ནས་ཐོད་པའི་སྣོད་ཀྱིས་བཅུས་ཏེ་ཀ་པཱ་ལ་བདུད་རྩིས་གང་བ་དང་། གཟུགས་སྒྲ་དྲི་རོ་ལ་སོགས་པའི་མཆོད་པ་དཔག་ཏུ་མེད་པ་བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་སྤྱན་སྔར་འབུལ། དེ་ཡང་དཀོན་མཆོག་སྲི་ཞུའི་མགྲོན་རྡོ་རྗེ་འཆང་། གྲུབ་ཆེན་བརྒྱ་དང་བརྒྱད་ཅུ་སོགས་ཧེ་རུ་ཀའི་ཆ་ལུགས་ཅན་དང་། དེ་བཞིན་དུ་རིག་འཛིན་སྔགས་ཀྱི་སྤྱོད་པ་འཆང་བའི་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་ཤ་ལྔ་བདུད་རྩི་ལྔ་རུས་པའི་རྒྱན་དྲུག་རིགས་ལྔའི་ཕྱག་མཚན། འཁོར་རིག་མ་ཁ་དོག་སྣ་ཚོགས་པ་གཞོན་མཛེས་ཕུན་སུམ་ཚོགས་པའི་ལུས་ཅན་མང་པོ་སྤྲུལ་ནས་ཕུལ་བར་བསམ། སྤྲུལ་སྐུ་རབ་བྱུང་གི་ཆ་ལུགས་ཅན་རྣམས་ལ་ཆོས་གོས་རྣམ་གསུམ་ལྷུང་བཟེད་འཁར་གསིལ་དཀར་གསུམ་མངར་གསུམ་འཁོར་རབ་ཏུ་བྱུང་བའི་ཆ་ལུགས་ཅན་དཔག་ཏུ་མེད་པར་བཅས་ཏེ་ཕུལ་བར་བསམ། གཞན་ཡང་སོ་སོའ་བཞུགས་གནས་མངོན་པར་དགའ་བ་དང་། བདེ་བ་ཅན་དང་། སྟུག་པོ་བཀོད་པའི་ཞིང་ཁམས་ལྟ་བུའི་བཀོད་པ་ལོངས་སྤྱོད་ཕུན་སུམ་ཚོགས་པ་བཞུགས་ཁང་ཡང་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་ཟླུམ་པོ་གཉིས་བརྩེགས་སོགས་སྒོ་རྟ་བབ་རྒྱན་དུ་
༢༡༧ མས་བརྒྱན་པ། གཞན་ཡང་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་ལ་སོགས་པ་ཡིད་ཀྱིས་སྤྲུལ་ཞིང་མཆོད་ནས་ཕཊ་ཀྱིས་མཚམས་སྦྱར་རོ། །དེ་བཞིན་དུ་བདེ་དགྱེས་གསང་གསུམ་ལ་སོགས་པ་གསར་རྙིང་བླ་མེད་རྒྱུད་སྔའི་ལྷ་ཚོགས་རྣམས་ལ་གོང་ལྟར་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའི་མཆོད་རྫས་དང་བགོ་བའི་གོས་དང་སྐུ་ཡི་རྒྱན་ལ་སོགས་པ་གོང་ལྟར་བླ་མེད་སྔགས་དང་མཐུན་པར་ཕུལ། ཡོ་ག་དང་བྱ་སྤྱོད་སོགས་རྒྱུད་སྡེ་འོག་མ་རྣམས་ལའང་ཞལ་ཟས་དཀར་གསུམ་མངར་གསུམ་ལྷའི་བདུད་རྩི་རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་སྙན་ཆ་མགུལ་དོ་དཔུང་རྒྱན་ཕྱག་ཞབས་སོར་མོའ་གདུ་བུལ་སོགས་པའི་རྒྱན་སྣ་ཚོགས། རིན་པོ་ཆེའི་གདུགས་དང་དར་སྣ་ཚོགས་ཀྱི་སྟོད་གཡོགས་སྨད་དཀྲིས་བླ་བྲེ་རྒྱལ་མཚན་བ་དན་ལྔ་ལྡི་རྔ་ཡབ་གཟིམ་ཆ་སེང་ཁྲི་པདྨ་ཟླ་གདན་ལ་སོགས་མཁོ་བའི་ཡོ་བྱད། བཞུགས་གནས་ཀྱི་གཞལ་ཡས་ཁང་མི་འདྲ་བ་སྣ་ཚོགས་འཁོར་ལྷའི་བུ་དང་བུ་མོ་ལ་སོགས་པ་ལག་ན་འདོད་པའི་ཡོན་ཏན་སྣ་ཚོགས་ཐོགས་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་ཏེ་ཕུལ་བར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །རྡོ་རྗེ་ཕག་མོ་རིགས་བཞི་མཁའ་འགྲོ་ལ་སོགས་པ་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ལ་དམ་རྫས་ཚོགས་ཀྱི་འཁོར་ལོ་ཤ་སྣ་ཚོགས་ཆང་སྣ་ཚོགས་འབྲུ་སྣ་ཚོགས་བཟའ་བཅའི་ཚོགས་མ་ཚང་བ་མེད་པ་རུས་པའི་རྒྱན་དྲུག་ལ་སོགས་པ་དཔལ་དང་དུར་ཁྲོད་ཀྱི་ཆས་དང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་རལ་གྲི་ལ་སོགས་རིགས་ལྔའི་ཕྱག་མཚན། ཌཱ་དྲིལ་གྲི་ཐོད་ཁ་ཾ་རིན་པོ་ཆེ་སྣ་ཚོགས་དང་མེ་ལོང་མེ་ཏོག་གི་ཕྲེང་བ་སོགས་རྒྱན་གོས་ཡོ་བྱད་མ་ཚང་བ་མེད་པ་སོ་སོའ་ཡིད་དང་མཐུན་པའི་འཁོར་དཔའ་བོ་དང་མཚན་ལྡན་རིག་མ་སོགས་རང་རང་གི་སྐལ་པབ་དང་འཚམས་པ་མང་པོ་ཕུལ་བར་བསམ་སྟེ་ཕཊ་ཀྱིས་མཚམས་
༢༡༨ སྦྱར་རོ། །ཁྱད་པར་དུ་མ་གཅིག་ལབ་སྒྲོན་ལ་སོགས་པའི་སྐྱབས་གནས་ཀྱི་གཙོ་བོ་རྣམས་ལ་ལན་གྲངས་བསམ་གྱིས་མི་ཁྱབ་པ་ཡང་ཡང་ཕུལ་བར་བསམ་ཞིང་ཕུལ་མཁན་གྱི་ལས་བྱེད་རྣམས་ཀྱང་གཙོ་ཆེར་བླ་མའི་ཚོགས་རྣམས་ལ་དཀར་མོ་དང་། ཡི་དམ་མཁའ་འགྲོ་ལ་སེར་མོ་གཙོ་ཆེ་བར་གསུངས་སོ། །དེ་ལྟར་དཀོན་མཆོག་སྲི་ཞུ་རྣམས་ལ་ཕུལ་བས་སྐུ་གསུང་ཐུགས་མཉེས་ནས་རྒྱུ་ཚོགས་རྫོགས་ལམ་སྒྲིབ་པ་བྱང་། །འབྲས་བུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་སྩོལ་བར་བསམ། གཉིས་པ་ཡེ་ཤེས་དང་འཇིག་རྟེན་པའི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་བཀའ་ཉན་དྲེགས་བྱེད་ཡང་འཁོར་ཕོ་ཉའི་ཚོགས་དང་བཅས་པ་རྣམས་ལ་དམར་ཆེན་ཁྲག་གི་རྒྱ་མཚོ། །དབང་པོ་ལྔའི་མེ་ཏོག །ཤ་ཆེན་གསུར་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། ཤ་རུས་ཀྱི་བཟའ་བཅའ་སྣ་ཚོགས། དམར་ཆེན་གྱི་གཏོར་མ་རི་རབ་ཙམ་དང་། རྐང་གླིང་ཐོད་རྔ་ལ་སོགས་པའི་རོལ་མོ་སྣ་ཚོགས། རང་རང་གི་ཡིད་དང་མཐུན་པའི་ཤ་ཁྲག་དོན་སྙིང་པགས་པ་སོགས། བསྟེན་རྫས་སྒྲུབ་རྫས་བསྐང་རྫས་དར་ནག་འཇོལ་བེར་རེ་ལྡེའི་ཤམ་བུ་མི་ལྤགས་སྟག་ཤམ་གླང་གོས་ལ་སོགས་པའི་གོས་སྣ་ཚོགས། ཐོད་པ་སྐམ་རློན་རྒྱན་དྲུག་སྦྲུལ་ཆུན་རྒྱུ་ཞགས་ལ་སོགས་པའི་རྒྱན་སྣ་ཚོགས། གྲི་གུག་རལ་གྲི་ཤོ་རྡེལ་ནད་རྐྱལ་ཚོན་གྲུག་ལ་སོགས་པའི་ཕྱག་མཚན་སྣ་ཚོགས་བྱ་ནག་ཁྱི་ནག་རྟ་ནག་གཡག་ནག་གཞན་ཡང་བྱ་རིགས་གཅན་གཟན་དུག་སྦྲུལ་ལ་སོགས་པའི་སོགསྲོག་ཆགས་ཀྱི་རིགས་གྱུར་སྤྱན་གཟིགས་སྣ་ཚོགས། དུར་ཁྲོད་ཀྱི་བཀོད་པ་མེ་རླུང་དམར་ནག་ཁྲག་མཚོ་ཐོད་མཁར་སོགས་བཞུགས་ཡུལ་གྱི་བཀོད་པ་འཇིགས་ཤིང་ཡ་ང་བ་བསམ་གྱིས་མི་ཁྱབ་པ་སྤྲུལ་ནས་ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ། གཞན་ཡང་རིན་པོ་ཆེ་སྣ་
༢༡༩ ཚོགས་དར་ཟབ་གོ་མཚོན་གཏེར་གྱི་སྒྲོམ་བུ་བཀྲ་ཤིས་རྫས་རྟགས་ནོར་བུ་ཆ་བདུན་འདོད་འཇོའ་བ་དཔག་བསམ་གྱི་ཤིང་ལ་སོགས་པའི་འདོད་དགུ་འབྱུང་བའི་མཆོད་སྤྲིན་མང་པོས་ནོར་ལྷ་གནོད་སྦྱིན་གྱི་རིགས་རྣམས་ལ་མཆོད། ཡང་མེ་ཏོག་ཤིང་ཐོག་འབྲུ་སྨན་དར་ཟབ་རྒྱན་ཕྲེང་ལྷའི་ཁང་བཟང་། ཁྲུས་ཀྱི་རྫིང་བུ་ལ་སོགས་པའི་རང་རང་གི་སྤྱོད་ཡུལ་དང་མཐུན་པའི་མཆོད་པའི་སྤྲིན་དཔག་ཏུ་མེད་པས་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བའི་དཔལ་མགོན་བདུན་ཅུ་སོགས་ཕྱི་རྒྱུད་ཀྱི་སྲུང་མ་རྣམས་ལ་ཕུལ་བར་བསམ། དེ་ལྟར་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཐུགས་མཉེས་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། དཀར་ཕྱོགས་སྐྱོང་ཞིང་ནག་ཕྱོགས་འཇོམས་པའི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བཅོལ་ཐོགས་མེད་དུ་སྒྲུབ་པར་བསམ། ཡང་མཆོད་པའི་ལྷ་མོ་སྣ་ཚོགས་དང་ཁྱད་པར་དཀར་མོ་གྲངས་མེད་པས་ཐོད་པ་བདུད་རྩིས་གང་བ་དང་མཆོད་རྫས་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་ཕ་མས་གཙོར་བྱས་རིགས་དྲུག་གི་སེམས་ཅན་རྣམས་ལ་སོ་སོར་ཕུལ་ཞིང་དེ་ཡང་ཚ་དམྱལ་རྣམས་བསིལ་བ། གྲང་དམྱལ་རྣམས་དྲོ་བ་གསོད་གཅོད་གཏུབ་པ་སོགས་མི་བྱེད་ཅིང་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་ལྷའི་བདུད་རྩི་ཁ་དོག་སྣ་ཚོགས་པ་བྱིན་པར་བསམ། ཡི་དྭགས་རྣམས་ལ་བཀྲེས་སྐོམ་སེལ་བའི་རྫས་བཟའ་བཏུང་སྣ་ཚོགས་པ་ལྷའི་བདུད་རྩིའི་ཆར་ཕབས་པས་གཟུགས་བཟང་ཕུན་སུམ་ཚོགས་པར་བསམ། དུད་འགྲོ་རྣམས་ལ་ཤེས་རབ་བསྐྱེད་པའི་རྫས་བདུད་རྩི་ཁ་དོག་སྣ་ཚོགས་པ་དང་རང་རང་གི་ཡིད་དང་མཐུན་པའི་བཟའ་བཏུང་གནས་དང་བཅས་པ་ཕུལ་བས་མ་རིག་པའི་སྒྲིབ་པ་དག་ནས་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ། མི་རྣམས་ལ་ང་དར་གོས་གསུམ་གསེར་དངུལ་དར་ཟབ་བང་མཛོད་རྟ་དྲེལ་ནོར་ཕྱུགས་སོགས་གང་ལ་གང་
༢༢༠ འདོད་ཀྱི་ལོངས་སྤྱོད་ནམ་མཁའི་མཛོད་བཞིན་ཕུལ་བས་འདོད་དགུ་ལྷུན་གྱིས་གྲུབ་པར་བསམ། ལྷ་མ་ཡིན་རྣམས་ལ་རྡོ་རྗེའི་གོ་མཚོན་དང་འཆི་མེད་ཀྱི་བདུད་རྩི་སོགས་ལོངས་སྤྱོད་སྣ་ཚོགས་ཕུལ་བར་བསམ། ལྷ་རྣམས་ལ་བདུད་རྩི་ཁ་དོག་སྣ་ཚོགས་ཅང་ཤེས་ཀྱི་རྟ་དང་ཁྲུས་ཀྱི་རྫིང་བུ་མ་རྨོས་པའི་ལོ་ཏོག་མེ་ཏོག་སྣ་ཚོགས་ཀྱི་རྒྱན་དང་ཕྲེང་བ། ལྷའི་བུ་དང་བུ་མོ་རྣམས་ཀྱི་རྩེད་འཇོ་ལ་སོགས་པའི་དགའ་བདེའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་བསམ། མདོར་ན་རིགས་དྲུག་སྙིང་རྗེའི་མགྲོན་དེ་རྣམས་ལ་གང་འདོད་ཀྱི་ལོངས་སྤྱོད་དང་བདུད་རྩི་ཕུལ་བས་སོ་སོའ་སྡུག་བསྔལ་དང་ཉེས་དམིགས་ཅི་ཡོད་པ་ལས་གྲོལ་ནས་སངས་རྒྱས་ཐོབ་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །ཡང་རིགས་དྲུག་དེ་རྣམས་ཀྱི་ནང་ནས་ཀྱང་བདག་གིས་སྔོན་བསྐལ་པ་གྲངས་མེད་པ་ནས་ཕན་ཚུན་བསད་ཅིང་གཏུབས་པས་ཚེ་ཐུང་བའི་ལན་ཆགས། རྐུ་འཕྲོག་བཅོམ་གསུམ་བྱས་པས་ནོར་འབུལ་བའི་ལན་ཆགས། བརྡུང་བརྡེག་བཅིངས་པ་དབང་པོ་འབྲོག་པ་སོགས་ནད་མང་ཞིང་ལུས་སྡུག་བསྔལ་བའི་ལན་ཆགས། ཡུལ་ཁམས་ཕོ་བྲང་བུ་དང་ཆུང་མ་ལུས་སྲོག་འཕྲོག་པ་སོགས་ལན་ཤིན་ཏུ་ཆེ་བའི་ལན་ཆགས། རྫས་དང་ཡོ་བྱད་ཤ་ཁྲག་ལ་ལོངས་སྤྱོད་པ་ལ་སོགས་ལན་ཆགས་ཕྲ་མོའ་རིགས་གྱུར་གྱིས་ད་ལྟ་རང་ལ་དེ་ལྟ་བུའི་ལན་ཆགས་བསྙེག་ཅིང་གདུག་པའི་བསམ་སྦྱོར་དང་ལྡན་པ་དེ་རྣམས་ལ་ངོ་བོ་གོང་གི་བདུད་རྩི་ལ་རྣམ་པ་ཤ་རི་ཁྲག་མཚོ་རུས་པའི་གྲོམ་ཁྲོད་ཁྲ་ཤིག་གེ་བ། རླངས་པ་ཕ་ལེ་བ་ངོ་བོ་ཡག་པ་ཡིད་དུ་འོང་བ་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་ཁྲག་ལྟ་བུ་ཁར་བཏུང་བ་རེག་པ་དྲི་ཚོར་བ་ཙམ་གྱིས་གནས་སྐབས་མཐར་ཐུག་གི་སྡུག་བསྔལ་ཐམས་ཅད་ཞི་ཞིང་བདེ་བའི་མཆོག་ཐོབ་པར་བྱེད་པ་དང་། གཞན་ཡང་ལན་ཆགས་འཇལ་གང་དགོས་ཀྱི་
༢༢༡ ཡུལ་མཁར་རྟ་ནོར་གསེར་དངུལ་རིན་པོ་ཆེའི་རིགས་དང་སྐྱེས་པ་བུད་མེད་གཟུགས་བཟང་ཕུན་སུམ་ཚོགས་པ་གོས་རྒྱན་སྣ་ཚོགས་མདོར་ན་ལན་ཆགས་འཇལ་གང་དགོས་དངོས་པོའ་རྫས་དེ་རྣམས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཆེ་བ་འདོད་དགུ་ཆར་ལྟར་འབེབས་པར་སྤྲུལ་ནས་བྱིན་པས་ལན་ཆགས་ཤ་མཁོན་ཐམས་ཅད་བྱང་ནས་བྱང་ཆུབ་ཐོབ་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །དེ་ཡན་ཆད་དཀར་ཚོགས་ལམ་ཁྱེར་སྐོར་གསུམ་གྱི་རིམ་པའོ། །ཡང་རང་གི་ཐུགས་ཀ་ནས་ལྷ་མོ་དཀར་མོ་གྲངས་མེད་པ་ཐོད་པ་བདུད་རྩིས་གང་བ་ཐོགས་ཏེ། རིགས་དྲུག་གི་གནས་སོ་སོར་བྱོན་ནས་བདུད་རྩི་དྲངས་པས་རང་རང་གི་སྡུག་བསྔལ་ལས་གྲོལ་ཏེ་བྱང་ཆུབ་ཐོབ་ནས་རིགས་དྲུག་གི་གནས་སྟོང་སྟེ། སླར་ཡང་ལྷ་མོ་དེ་རྣམས་ལས་འོད་འཕྲོས་གནས་སྟོང་པ་རྣམས་ལ་ཁྱབ་པས་དམྱལ་བའི་གནས་བཻ་ཌཱུ་ལྟར་དག་པ་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ། དེ་བཞིན་ཡི་དྭགས་ཀྱི་གནས་པདྨ་རཱ་ག་ལྟར་དག་པ་པདྨའི་རང་བཞིན། བྱོལ་སོང་གི་གནས་ཤེལ་ལྟར་དག་པ་འཁོར་ལོའ་རང་བཞིན། མིའི་གནས་གསེར་ལྟར་དག་པ་རིན་པོ་ཆེའི་རང་བཞིན། ལྷ་མ་ཡིན་གྱི་གནས་མར་གད་ལྟར་དག་པ་རྒྱ་གྲམ་གྱི་རང་བཞིན། ལྷའི་གནས་དག་པ་སྟོང་གསལ་འོད་ལྔའི་ངོ་བོ་ཡེ་ཤེས་ཆེན་པོའ་རང་བཞིན་དུ་གྱུར་པར་བསམ། མཐར་ལྷ་མོ་རང་ལ་བསྡུས་ནས་མི་དམིགས་པར་བཞག་གོ །སླར་ཡང་བདུད་རྩིའི་ལྷག་མ་དེ་ཉིད་དཀར་གསུམ་མངར་གསུམ། སྨན་སྣ་ཚོགས་དར་ཟབ་རིན་པོ་ཆེ་འབྲུ་སྣ་ཚོགས། རྟ་ནོར་སོགས་གཡུང་དྭགས་སྣ་ཚོགས་འབྲང་དང་ཤ་བ་སོགས་རི་དྭགས་སྣ་ཚོགས། བྱ་རིགས་གཅན་གཟན་ཉ་སྲམ་རུ་སྦལ་སོགས་སྐྱེ་འགྲོའི་གཟུགས་བརྙན་དེ་རྣམས་ལུས་ཆེ་ཞིང་སྟོབས་དང་ལྡན་པ་བ་སྤུ་ཉག་མ་རེ་རེ་ལས་ཀྱང་དེ་འདྲ་
༢༢༢ གྲངས་མེད་འཕྲོ་བ། རྫ་དང་གངས་རི་སྤང་ལྗང་ནགས་ཚལ་མཚོ་དང་ནེའུ་གསེང་ཆུ་མིག་མེ་ཏོག་གི་ཚལ་ཆེན་སོགས་བཀོད་པ་ངོ་མཚར་ཅན་དུ་མ་དང་། རིན་པོ་ཆེའི་སྣོད་སྣ་ཚོགས་པ་རྣམས་ཀྱི་ནང་དུ་ཇ་ཆང་གསེར་སྐྱེམས་ཕུད་སྣ་ཚོགས། མདའ་མདུང་གོ་མཚོན་དང་སྣ་ཚོགས་ཀྱིས་བརྒྱན་པ་དང་། བལ་ཚོན་སྣ་ཚོགས། འདོད་ཡོན་གྱི་བཀོད་པ་གྲངས་མེད་པ་སྤྲུལ་ནས་གཞི་བདག་རྣམས་ལ་ཕུལ་བས་རང་རང་གི་གནས་ཡུལ་རྒྱན་གོས་བཟའ་བཏུང་ཆ་བྱད་སོགས་ཕུན་སུམ་ཚོགས་པར་གྱུར་ནས་གཞི་བདག་ཕོ་རིགས་རྣམས་སྟག་གཟིག་རྟ་སྤྱང་ལ་ཞོན་པ་ཁྲི་ལ་སྡོད་པ་སོགས་སྤྱོད་ལམ་བག་ཕེབས་པའི་རྣམ་འགྱུར་དང་། མོ་རིགས་རྣམས་ཀྱང་དར་ཟབ་གོས་དང་རྒྱན་ཕྲེང་སོགས་ཀྱིས་བརྒྱན་ཅིང་ལག་ཏུ་ཏོང་སྐུད་དམར་དཀར་གྱི་གྲུ་གུ་བཞུ་བ་སོགས་སོ་སོར་ལོངས་སྤྱོད་འདོད་དགུའི་དཔལ་འབྱོར་དང་ལྡན་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །ཡང་བདུད་རྩིའི་ལྷག་མ་དེ་ཉིད་ཞོ་དང་འོ་མ་སོགས་དཀར་གསུམ། ཀ་ར་བུ་རམ་སོགས་མངར་གསུམ་ཁྲག་རྣམས་འོ་མའི་རྒྱ་མཚོ་ཆེན་པོ་དང་ནང་ཁྲོལ་རྣམས་ཀླུ་སྨན་སྣ་ཚོགས་པ་དང་། ཀླུ་རྣམས་དགྱེས་པའི་ཡོ་བྱད་དུ་མ་བསམ་ལ། ཀླུ་རྣམས་ཀྱང་ཁོག་སྟོད་ལྷའི་སྐྱེས་བུ་ལྟ་བུ་ལ་སྐུ་སྨད་སྦྲུལ་མཇུག་དང་ལྡན་པ་མགོ་ལ་སྦྲུལ་མགོ་ལྔ་བདུན་དགུ་ལ་སོགས་པའི་གདེངས་ཀ་ཡོད་པ། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ་དེ་རྣམས་ཀླུའི་ཡོ་བྱད་ལ་ལོངས་སྤྱོད་པས་གནོད་སེམས་ཞི་ནས་བདེ་སྐྱིད་ཕུན་སུམ་ཚོགས་པར་བསམ། ཡང་དེའི་ཕྱི་མཚམས་དར་སྣ་ཚོགས་ཀྱི་ཡོལ་བས་བཅད་པའི་ཕྱི་རོལ་དུ་ཤ་ཁྲག་གི་རྒྱ་མཚོ་ལ་ཀླུ་གདོལ་པ་སོགས་ནག་ཕྱོགས་ཤ་ཁྲག་ལ་དགྱེས་པ་རྣམས་ཀྱིས་ལོངས་སྤྱོད་པས་གདུག་སེམས་ཞི་ནས་བྱང་ཆུབ་ཀྱི་སེམས་
༢༢༣ རྒྱུད་ལ་སྐྱེས་པར་བསམ་མཐར་མཆོད་ལྷ་བསྡུ། མཉམ་པར་བཞག །འདིར་གཞི་བདག་དང་ཀླུ་གཉིས་བྱེ་བྲག་སོ་སོར་འབུལ་དགོས་པ་ནི་གཅོད་ཀྱི་ཉམས་ལེན་གྱི་ཁྱད་ཆོས་ཕྱི་འཇིགས་ཡུལ་ལ་བརྟེན་ནས་ནང་འཇིགས་མཁན་གྱི་ཤེས་རིག་གཏན་ལ་འབེབས་པའི་ཕྱིར་དུ་གཉན་ས་རི་ཁྲོད་འགྲིམས་པ་གཙོ་བོར་སྟོན་པའི་ཕྱིར་དང་གནས་སྐབས་སུ་ཕྲིན་ལས་གང་འདོད་བཅོལ་པའི་དོན་དུ་ཕུལ་བ་ཡིན་ནོ། །དོན་ལ་རིགས་དྲུག་གི་ནང་དུ་མ་འདུས་པ་ནི་མིན་ཏེ་གཞི་བདག་ནི་མི་མ་ཡིན་མིའི་འགྲོ་བ་ལ་འདུས་པ་དང་། ཀླུ་རྣམས་དུད་འགྲོའི་འགྲོ་བ་ལ་འདུས་པ་ཡིན་ནོ། །དེ་ལྟར་ཕུལ་ཚེ་མཆོད་མཁན་གྱི་ལྷ་མོ་སྤྱིར་མདོག་སྣ་ཚོགས་ཡིན་ཀྱང་གཙོ་ཆེར་ཆོས་སྐྱོང་རྣམས་ལ་དམར་མོ་དང་ཕྱི་རྒྱུད་རིགས་དྲུག་སོགས་ལ་དཀར་མོ་ཡིན་པར་གསུངས་སོ། །དེ་ནས་དམར་འགྱེད་བྱེད་པ་ནི། རྣམ་ཤེས་གོང་ལྟར་སྤར་ལ་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ལས་ཁྲོས་མ་ནག་མོ་གཡས་མི་ལྤགས་དང་གཡོན་མི་རྐང་འཛིན་པ་སོགས་གཞུང་ལྟར་མཐུན་པར་བསྐྱེད་པའི་ཐུགས་ཀ་ནས་ལས་བྱེད་སྒོ་མ་བཞི་དང་ཁྲོས་མ་གྲངས་མེད་སྤྲུལ་ནས་གོང་གི་འགྱེད་དེ་རྣམས་ཀྱིས་མི་ཚིམ་པའི་ཕོ་གདོན་མོ་གདོན་ཀླུ་གདོན་སོགས་གདུག་པའི་བསམ་སྦྱོར་དང་ལྡན་པ་དེ་རྣམས་བཀུག་ནས་བེམ་པོ་ཤ་རི་ཁྲག་མཚོ་འཇིག་རྟེན་གྱི་ཁམས་དང་མཉམ་པར་སྤེལ་བ་དེ། གདོན་དེ་རྣམས་ཀྱིས་ཤ་ཟ་ཁྲག་འཐུང་རུས་པ་མུར་འཁོར་བ་མ་སྟོང་གི་བར་དུ་ལོངས་སྤྱོད་རྒྱུན་མི་འཆད་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་ལ་རྐང་གླིང་འབུད་ཅིང་། ན་མོ་གནས་གཉན་ས་སོགས་བྱའོ། །ཡང་འགྱེད་ཚུལ་མི་འདྲ་བ་འགའ་ཞིག་ཡོད་པ་ལས་བདུད་རྩི་བུམ་འགྱེད་མ་ནི། རང་གཞན་གྱི་རྣམ་ཤེས་འཕོ་བ་གང་འདོད་ལྟར་མ་གཅིག་གི་ཐུགས་ཀར་སྤར། མ་
༢༢༤ གཅིག་གི་ཐུགས་ཀ་ནས་རིག་པའི་ངོ་བོ་ཧ་ཡིག་དཀར་པོ་ལས་གྲུབ་པའི་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར་མོ་གཡས་གྲི་གུག་དང་གཡོན་བདུད་རྩིས་གང་བའི་བུམ་པ་ཐོགས་པ་རྒྱན་ཆ་ལུགས་དང་ལྡན་པ་གཅིག་ཏུ་གྱུར་ནས་བེམ་པོ་དེའི་སྤྱི་གཙུག་ནས་ཕྱག་གི་བུམ་པའི་བདུད་རྩི་བླུགས་པས་བེམ་པོ་དེ་ཉིད་རྒྱལ་གྲོད་འོ་མས་གང་བ་ལྟ་བུར་གྱུར་པར་བསམ་ལ་ཕྱག་གཡས་ཀྱི་གྲི་གུག་བཤགས་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ནས་ཁོག་ཟམ་ལ་ཐིམ་འོད་དུ་ཞུ་ནས་བདུད་རྩིར་འདྲེས་པས་ཁ་དོག་སྣ་ཚོགས་པའི་མཆོད་སྤྲིན་དུ་དམིགས་ནས་ས་གཞི་ཤེལ་ལྟར་དག་པར་བདུད་རྩིས་གང་བར་བསམ་ལ་རང་གི་ཐུགས་ཀ་ནས་ལྷ་མོ་དཀར་མོ་ཕྱག་གཉིས་བུམ་པ་བདུད་རྩིས་གང་བ་ཐོགས་པ་དཔག་ཏུ་མེད་པས་བླ་མ་ཡི་དམ་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་མཆོད། ཡང་བདུད་རྩི་དེ་ཉིད་ཐོད་རློན་ཤས་གང་བ་མང་པོར་གྱུར་ཏེ་ཆོས་སྐྱོང་བའི་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་མཆོད། དེ་ཕྱིན་གྱི་སྲུང་མ་དང་རིགས་དྲག་ལན་ཆགས་བགེགས་རིགས་གཞི་བདག་ཀླུ་དང་བཅས་པ་རྣམས་ལ་བདུད་རྩིས་མཆོད་པས་ཚིམ་པར་བྱེད་པའོ། །ཡང་རྣམ་ཤེས་སྤར་བ་སོགས་གོང་ལྟར་ལམ་གཅིག་གི་ཐུགས་ཀ་ནས་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་ལས་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར་མོ་གྲི་གུག་དང་ཐོད་ཁྲག་ཐོགས་པ་གཅིག་ཏུ་བསྐྱེད་ལ་གྲི་གུག་གིས་བེམ་པོའ་སྨིན་མཚམས་ཡན་སྒར་གྱིས་གྲས་པའི་ནང་དུ་བེམ་པོའ་ཤ་ཁྲག་རྣམས་བླུགས་ནས་བཀང་སྟེ་སྔར་ལྟར་རླུང་གཡོས་མེ་སྤར་ཐོད་པ་དྲོས་ཤིང་བདུད་རྩི་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད་པར་བསམ། ཡང་ཕྱོགས་བཅུའི་སངས་རྒྱས་
༢༢༥ དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་ཐམས་ཅད་རང་གི་ཕྱག་གི་ཐོད་པའི་ནང་དུ་བ་བཅིང་ཞུ་བས་ཐོད་པ་གང་། ཐོད་པའི་ཚངས་བུག་ནས་ཆད་ཟམ་གྱི་ཐེམ་བུ་བུད་པ་ལྟར་བདུད་རྩི་བབ་ནས་མདུན་གྱི་ཐོད་ནང་གི་བདུད་རྩིར་ཐིམ་པས་དམ་ཡེ་གཉིས་སུ་མེད་པར་འདྲེས། ཁོལ་བའི་རླངས་པ་འོད་ཟེར་དཀར་པོའ་རྣམ་པ་སྟེང་དུ་འཕྲོས། ཁུ་བ་བདུད་རྩིའི་རང་བཞིན་རོ་མཆོག་བརྒྱ་དང་ལྡན་པ་བར་ན་འཁྱིལ་བ། སྙིགས་མ་འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་འོག་ན་གནས་པར་བསམ། ལས་བྱེད་དཀར་མོ་ཐོད་པ་ཐོགས་པ་མང་པོས་དཀོན་མཆོག་སྲི་ཞུ་ནས་བཟུང་སྟེ་གཞི་བདག་ཀླུ་དང་བཅས་པ་ལ་འབུལ་བ་ནི་ཐོད་ཞལ་མའོ། །ཡང་རྣམ་ཤེས་སྤར་བ་ནས་བཟུང་སྟེ་ལས་བྱེད་དཀར་མོའ་སྤེལ་སྦྱངས་ཐོད་ཞལ་མ་ལྟར་བྱས་ནས་ལས་བྱེད་མདོག་སྣ་ཚོགས་སྤྲོས་ནས་མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་ཏེ་མགྲོན་ཐམས་ཅད་ལ་སྔར་ཐོད་སྒྱེད་མའི་སྐབས་ལྟར་འབུལ་བ་ནི་འདོད་ཡོན་ལྔ་མཆོད་མའོ། །དེ་ལྟ་བུའི་འགྱེད་ཚུལ་དེ་རྣམས་ཀྱང་ངོ་བོ་རང་གི་ཤ་ཁྲག་ལ་རྣམ་པ་གང་འདོད་ཀྱི་མཆོད་རྫས་བདུད་རྩི་སོགས་སུ་སྤེལ་ཞིང་འགྱེད་ཡུལ་གྱི་མགྲོན་རྣམས་ནི། དཀོན་མཆོག་སྲི་ཞུ། མགོན་པོ་ཡོན་ཏན། རིགས་དྲུག་སྙིང་རྗེ། གདོན་བགེགས་ལན་ཆགས་ཀྱི་མགྲོན་རྣམས་ལ་ཡིན་ཞིང་། དེ་ལྟར་འགྱེད་པའི་འབྲས་བུ་བྱིན་རླབས་དངོས་གྲུབ། ཕྲིན་ལས་མཐུ་རྩལ། ལན་ཆགས་སྡུག་བསྔལ་སོགས་བདེ་སྡུག་གི་སྣང་བ་ཅི་ལྟར་ཤར་ཡང་གདོད་མའི་ཆོས་སྐུ་སྐྱེ་འགག་གནས་གསུམ་བྲལ་བ་བསམ་བརྗོད་དང་བྲལ་བའི་ཡུམ་དོན་ལ་མཉམ་པར་བཞག་ཅིང་གནས་སྐབས་ཀྱི་བདེ་སྡུག་ཅི་བྱུང་ཡང་དེ་ཉིད་ཀྱི་ངོ་བོར་རང་བཞིན་གདོད་ནས་དག་པའི་ངང་དུ་ལམ་དུ་ཁྱེར་བ་སྟེ། དཀར་འགྱེད་མགྲོན་བཞི་མ་དང་། དཀར་ཚོགས་ལམ་ཁྱེར་སྐོར་གསུམ་
༢༢༦ ཟེར་བའི་དོན་འདི་རྣམས་ལ་འདུས་སོ། །ཡང་ཡིག་ཆ་འགའ་ཞིག་ལས་འདི་སྐབས་འགྱེད་ཚུལ་བདུན་དུ་བཤད་པ་དང་། དེ་སྐབས་ནང་གསེས་ཀྱི་ས་བཅད་བསྒྲིགས་པ་སོགས་མི་མཚུངས་པ་འགའ་རེ་འདུག་ཀྱང་འདི་ནི་སློབ་དཔོན་གྱིས་བདག་ལ་གསུངས་པའི་བཤད་རྒྱུན་ངེས་པ་ཅན་ཡིན་པ་དང་། དྲུང་རིན་པོ་ཆེ་ཞལ་བཞུགས་སྐབས་ཀྱི་ཕྱག་དཔེ་ཡིད་ཆེས་ཅན་འགའ་ལའང་འདི་ལྟར་འདུག་པ་དེ་གཉིས་ལ་དབང་པོ་བྱས་པའོ། །དེ་ནས་དམར་འགྱེད་ནི། རྣམ་ཤེས་སྤར་བ་དང་ཧྲཱིཿཡིག་དམར་པོ་ལས་རིག་པ་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་པ་གོང་ལྟར་ལ། བེམ་པོའ་ཡན་ལག་བཞི་གྲི་གུག་གིས་བཅད་ནས་ཕྱོགས་བཞིར་བཙུགས་པའི་སྟེང་དུ་པགས་པ་སྐྱོན་ནས་བརྒྱངས་བའི་སྟེང་དུ་བེམ་པོ་ཤ་ཁྲག་རུས་གསུམ་གྱི་ཕུང་པོ་ཆེན་པོར་བསམ་ལ་རང་རྣལ་འབྱོར་མའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར། སེར། དམར། ལྗང་བཞི་སྤྲོས་ནས་གཡང་གཞིའི་རྩ་བཞི་ནས་འཇུས་ཏེ་མགྲོན་རྣམས་ལ་བསྟབ་པ་ནི་མཆོག་ཕུར་མ་དང་། ཡང་རྣམ་ཤེས་སྤར་བ་དང་རིག་པ་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་པ་གོང་ལྟར་ལ་ཡན་ལག་བཞི་ལ་མི་སྐྱོན་པར་པགས་པ་ས་གཞིར་བཏིང་བའི་སྟེང་དུ་ཤ་ཁྲག་རུས་གསུམ་ཕྱུར་བུར་སྤུངས་ཏེ་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་བཞི་སྤྲོས་ཏེ་གོང་ལྟར་མགྲོན་རྣམས་ལ་བསྟབས་པ་ནི་གཡང་གཞི་མའོ། །དེ་ལྟར་དཀར་འགྱེད་དམར་འགྱེད་བྱ་རྒྱུའི་ཤ་ཁྲག་དེ་ཉིད་མགྲོན་རིགས་ཐམས་ཅད་ལ་བསྔོས་མ་ཐག་ཏུ་དཀོན་མཆོག་སྲི་ཞུ་རྣམས་ཀྱང་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་རྫོགས། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཀྱིས་ཕྲིན་ལས་སྣ་ཚོགས་ཐོགས་པ་མེད་པར་བསྒྲུབས། རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀྱང་གནས་སྐབས་མཐར་ཐུག་གི་སྒྲིབ་གསུམ་ལས་གྲོལ་ཏེ་མངོན་སངས་རྒྱས། ཁྱད་པར་དམར་འགྱེད་ཀྱི་དུས་སུ་གདོན་
༢༢༧ བགེགས་ལན་ཆགས་འབྱུང་པོ་རྣམས་ཀྱི་ཁར་སོང་བ། དྲི་ཚོར་བ་ཙམ་གྱིས་སྡུག་བསྔལ་ལས་གྲོལ་ཞིང་མཐར་ཐུག་ཀུན་ཀྱང་བྱང་ཆུབ་ཆེན་པོའ་གོ་འཕང་ཐོབ་པར་བསམ། སྤྱིར་ཡང་སྒྱུ་ལུས་མཆོད་སྦྱིན་གྱི་རིམ་པ་གང་བྱེད་ཀྱང་གནད་དུ་ཆེ་བ་ནི་འདི་ལྟར་གོ་དགོས་ཏེ། གཞི་གདོད་མའི་འོད་གསལ་བདེ་གཤེགས་སྙིང་པོ་འཁོར་འདས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པར་གནས་པ་དེ་ཉིད་མངོན་སུམ་དུ་མ་བྱས་ཀྱི་བར་དུ་གཉིས་སྣང་འཁྲུལ་རྟོག་གིས་བསྡུས་པའི་བཟང་ངན་གཙང་བཙོག །ལྷ་འདྲེ་ལ་རེ་དོགས་ཀྱིས་ཕན་གནོད་སོགས་མིང་གི་སྒྲོ་བཏགས་ཙམ་ལ་ཞེན་པའི་ཀུན་བཏགས་དང་། སྐྱེ་ཤི་ན་ཚ་འཁོར་འདས་སོགས་གཉིས་སྣང་གིས་བསྡུས་པའི་གཟུང་འཛིན་གྱི་སྣང་བ་ལ་ཨ་འཐས་སུ་ཞེན་པའི་གཞན་དབང་དང་། དེ་གཉིས་ཀྱིས་བསྡུས་པའི་རྟོག་ཚོགས་ཀྱི་དྲི་མ་ཐམས་ཅད་རང་སར་དག །རང་སར་སྟོང་ཞིང་འོད་གསལ་བདེ་གཤེགས་སྙིང་པོ་དེ་ཉིད་རྟག་ཆད་འགྲོ་འོང་སྐྱེ་འགག་གཅིག་དང་ཐ་དད་སོགས་ཐམས་ཅད་ཀྱི་དྲི་མས་ཡེ་ནས་མ་གོས་ཤིང་སྤྲོས་མེད་ནམ་མཁའི་དཀྱིལ་ལྟ་བུ་དེ་ཡང་བེམ་སྟོང་སོགས་མ་ཡིན་པ་སྐུ་བཞི་ཡེ་ཤེས་ལྔའི་བདག་དམ་པ་གཙང་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མོས་པ་ལམ་དུ་བྱེད་པ་ནས་མངོན་དུ་མ་གྱུར་པར་དེ་ལྟ་བུ་ཉམས་སུ་བླང་བ་ལ་བདག་འཛིན་ལུས་སྲོག་ལ་གཅེས་པར་འཛིན་པའི་དབང་གིས་ན་ཚ་སྡུག་བསྔལ་སོགས་མི་བཟོད་པའི་ཚོར་བ་ཉམས་སུ་མྱོང་བ་ལ་ཨ་འཐས་སུ་ཞེན་པའི་བདག་འཛིན་འདི་ཉིད་ལུས་བེམ་པོ་འཁོར་ལོངས་སྤྱོད་སོགས་གཟུགས་སུ་སྣང་བ་འདི་ཉིད་གཉིས་སྣང་གིས་བསྡུས་པའི་མགོན་རིགས་རྣམས་ཀྱིས་ཅི་ལྟར་འཚམས་པ་བཞིན་དུ་ལོངས་སྤྱོད་པར་བསམ་ནས་མཆོད་པར་བྱ་བ་དང་། ཡང་བདག་ཏུ་བཟུང་བའི་སྒྱུ་ལུས་སོགས་དངོས་
༢༢༨ པོ་ལ་ཞེན་པའི་ཨ་འཐས་སུ་ཞེན་པ་དང་། སྦྱིན་ཡུལ་འཁོར་འདས་ཀྱི་མགྲོན་རྣམས་དང་སྦྱིན་བྱེད་གཉིས་སུ་འཛིན་པའི་རྟོག་ཚོགས་དེ་རྣམས་རང་རིག་འོད་གསལ་ཆོས་སྐུ་ཕྱག་རྒྱ་ཆེན་པོ་བློའི་ཡུལ་ལས་འདས་ཤིང་བསམ་བརྗོད་དང་བྲལ་བ་དེ་ཉིད་ཀྱི་ངང་ལ་དག་དགོས་པ་ནི་གལ་ཆེ་སྟེ། ཀ་ཚོམས་ཡང་ཚོམས་ལེ་ལག་ཟབ་དོན་ཐུགས་ཀྱི་སྙིང་པོའ་རྩ་འགྲེལ་འབྲུག་པ་ཀུན་སྤངས་ཆེན་པོའ་གསང་གཅོད་སོགས་མ་ཡི་གཅོད་སྐོར་གྱི་གནད་རྣམས་གོ་ཉམས་རྟོགས་གསུམ་གྱིས་གཏན་ལ་ཕེབ་པ་ཞིག་དགོས་རྒྱུར་སྣང་ངོ་། །དེ་ལྟར་དམིགས་སྐོར་རྣམས་རྒྱས་པར་ན་གསོལ་འདེབས་སོ་སོའ་མཚམས་སུ་རེ་རེ་སྦྱར་ཞིང་ཕཊ་བརྒྱ་མར་གྲགས་པ་དང་། ཡང་གནས་གཉན་ས་མའི་མགོར་དཀར་འགྱེད་མགྲོན་བཞི་མ་དང་། གཞི་བདག་ཀླུ་དང་གདོན་ལ་དམར་འགྱེད་སོགས་རྒྱས་པར་བཏང་ནས་དེ་ཕྱིན་གྱི་མཚམས་རྣམས་སུ་འགྱེད་ཚུལ་རེ་ཟུང་བཏང་བ་དང་། ཡང་གནས་གཉན་ས་མའི་མགོར་དཀར་འགྱེད་མགྲོན་བཞི་མ་སོགས་འགྱེད་ཚུལ་གང་འདོད་རྒྱས་པར་བཏང་ནས། དེ་ཕྱིན་གྱི་གསོལ་འདེབས་ཀྱི་མཚམས་རྣམས་སུ་བྱིན་འབེབས་དང་དམིགས་མེད་ལ་བཞག་པ་སྟེ་དེ་རྣམས་ལོང་སྐབས་རིང་ཐུང་དང་བསྟུན་པ་ནི་སྔར་གྱི་ཞལ་རྒྱུན་ལགས་སོ། །དེ་ནས་གསོལ་བ་འདེབས་ཤིང་བྱིན་འབེབས་པ་ནི། བཀའ་བརྒྱུད་ཉམས་བརྒྱུད་ཕ་བརྒྱུད་མ་བརྒྱུད་སྲས་བརྒྱུད་འདི་རྣམས་ལ་གསོལ་བ་གདབ་པའི་ཚེ་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུ་མ་རིག་པ་ལས་བྱུང་བའི་ཁམས་གསུམ་གྱི་འཁོར་བའི་རྒྱུར་གྱུར་པའི་སྡིག་ལྟུང་གི་བློ་ཐམས་ཅད་སྐད་ཅིག་ལ་ལྡོག་ཅིང་གཉིས་སྣང་འཁྲུལ་པའི་བག་ཆགས་ཐམས་ཅད་རང་སར་ཞི་ནས་གདོད་མའི་ཆོས་སྐུ་ཡུམ་ཆེན་མོའ་དགོངས་པ་མངོན་སུམ་དུ་རྟོགས་ནས་སངས་རྒྱས། གཞན་དོན་
༢༢༩ གཟུགས་སྐུ་གཉིས་ཀྱིས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་ཕྲིན་ལས་རྣམ་བཞིའི་དོན་རྒྱ་ཆེན་པོ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཞིག་སྐྱབས་ཡུལ་ཁྱེད་རྣམས་མཁྱེན་སྙམ་པའི་མོས་གུས་དྲག་པོ་སྙིང་ནས་འབར་བ་ཞིག་གལ་ཆེའོ། །དེའི་ཚེ་དམིགས་ཐུན་ནི། ཕྱི་སྣོད་ཐམས་ཅད་རིན་པོ་ཆེའི་སྣོད། ནང་བཅུད་ཐམས་ཅད་གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པ་སྣ་ཚོགས་འབུལ་ལོ། །དེ་ནས་ཌཱ་ཀི་འབུམ་བསྐུལ་གྱི་ཚེ། མ་གཅིག་དང་ཕག་མོ་ལྷ་ལྔ་ངོ་བོ་གཅིག་ཀྱང་རྣམ་པ་སོ་སོར་སྣང་ཞིང་། རྡོ་རྗེ་ཕག་མོའ་སྐུའི་ཆས་རྒྱན་དང་ཕྱག་མཚན་གདན་བཞུགས་ཡུལ་སོགས་ལ་མཁའ་འགྲོ་འབུམ་ཚོ་རེ་རེ་འདོན་བསྒོམ་བཞིན་གནས་པ་སྟེ། མདོར་ན་རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་མཁའ་འགྲོ་མ་རྣམས་ལ་གསོལ་བ་བཏབ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་སྩོལ་བར་བསམ། དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས་བསང་ཆུས་བྲན་ལ་བཀའ་བརྒྱུད་ཚོགས་ལས་འདོན་པར་སྤྲོ་ཚེ་དེའི་དམིགས་སྐོར་ཟུང་མང་སྔར་ལུགས་ལ་གསལ་བར་མ་གསུངས་ཀྱང་། ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་གསུང་རྒྱུན་ལྟར་ན་འདོན་བསྒོམ་ལྟར་ཡུམ་ཆེན་མོ་ནས་རྩ་བའི་བླ་མའི་བར་གྱི་བླ་མ་རྣམས་ཀྱང་དཔལ་ཧེ་རུ་ཀའི་ཆ་ལུགས་སུ་གྱུར་པ་ལ་འཁོར་དཔའ་བོ་དཔའ་མོ་འབུམ་སྡེའི་ཚོགས་དང་བཅས་ཏེ་སྤྱན་དྲངས་ནས་སྐྱབས་ཡུལ་རྣམས་དང་གོ་ས་གཅིག་པ་མདུན་གྱི་ནམ་མཁར་བཞུགས་པའི་སྐུ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས། ཕྱི་གནས་ཡུལ་ལ་ཕོག་པས་ཨོ་རྒྱན་མཁའ་སྤྱོད་ཀྱི་ཞིང་ཁམས། གནས་ཁང་ལ་ཕོག་པས་ཨོ་རྒྱན་རང་བྱུང་གི་གཞལ་ཡས་ཁང་ཐོད་པ་སྐམ་རློན་ལས་གྲུབ་པ། སྣོད་ཐམས་ཅད་ཐོང་པའི་སྣོད། བཅུད་ཐམས་ཅད་ཤ་ལྔ་བདུད་རྩི་ལྔ། མགྲོན་ཐམས་ཅད་དཔའ་བོ་
༢༣༠ དང་མཁའ་འགྲོ་མ་ཁོ་ནར་གྱུར་པར་བསམ། དེ་ནས་མ་བརྒྱུད་ཚོགས་ལས་ཀྱི་སྐབས་ཚོགས་ལྷ་སྤྱན་དྲངས་ཤིང་བྱིན་ཕབ་པ་ནི། སྐྱབས་ཡུལ་སྤྱི་དང་མ་གཅིག་ཕག་མོ་རིགས་ལྔ་ཐ་དད་མེད་པའི་སྐུ་ལས་འོད་ཟེར་འཕྲོས་པས་དབུས་ཕྱོགས་གསང་ཆེན་རོལ་པའི་དུར་ཁྲོད་ནས་སངས་རྒྱས་མཁའ་འགྲོ་སྐུ་མདོག་ནག་མོ་ཕྱག་གཡས་འཁོར་ལོ་རྩིབས་བརྒྱད་དང་། གཡོན་པད་སྣོད་བཟའ་བཏུང་སྣ་ཚོགས་ཀྱིས་གང་བ་བསྣམས་པ་གྲངས་མེད་དང་། གཞན་ཡང་མཆོད་རྫས་སྣ་ཚོགས། རོལ་མོའ་རིགས་བྱེད་ཐོགས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་སྐྱབས་ཡུལ་གྱི་འཁོར་དུ་ནམ་མཁར་བཞུགས་པར་བསམ་ལ། སྐད་ཅིག་གིས་ཏིང་ངེ་འཛིན་གྱིས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ་ནས་མཆོད་ཕྱག་བྱས་ཤིང་། དེ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་འཇིག་རྟེན་ལ་ཕོག་པས་ཨོ་རྒྱན་གྱི་དུར་ཁྲོད་དམ། དབུས་ཕྱོགས་གསང་ཆེན་རོལ་པའི་དུར་ཁྲོད་མི་རོ་རྟ་རོ་ཁྲལ་ཁྲོལ་དུ་འདུག་པ། རྩི་ཤིང་ཐམས་ཅད་མདའ་དང་མདུང་དུ་འདུག་པ། ཆུ་རྣམས་ཐམས་ཅད་ཁྲག་དང་རྣག་ཏུ་འདུག་པ། སྒྲ་སྐད་ཐམས་ཅད་དུར་མོའ་སྐད་དུ་འདུག་པ། ཉིན་བཞིན་དུ་མེ་འབར་བ། མཚན་བཞིན་དུ་རླུང་འཚུབས་པ། རི་བོ་ཧེ་རུ་ཀ་ཕོ་མོ་ལྟར་བྲོ་ཁྲིག་ཁྲིག་གར་ཁྱུག་ཁྱུག་ཏུ་འདུག་པ། ནང་གི་གནས་ཁང་ལ་ཕོག་པས་གནས་ཁང་དེ་ཉིད་དུར་ཁྲོད་ཀྱི་གཞལ་ཡས་ཁང་པ། ཕྱི་དཀར་བ་ཐབས་ཀྱི་རང་བཞིན། ནང་དམར་བ་ཤེས་རབ་ཀྱི་རང་བཞིན། བར་དུར་ཁྲོད་ཀྱི་རུས་པ་དུམ་བུ། ཤ་རིགས་ཀྱི་ཁྲོག་བྱས་པ། སྟེང་དུ་མི་ལྤགས་ཀྱི་གཡང་གཞིའི་བླ་རེ། མི་རྒྱུ་རློན་པའི་ལྡ་ལྡི། ཚིལ་ཆེན་གྱི་འཕན་གདུགས། ས་གཞི་ཆུ་སེར་དང་ཁྲག་གིས་ཞལ་ཞལ་བྱས་ཤིང་བར་མཚམས་ཐམས་ཅད་དྲི་ཆུའི་ཞལ་བ་དང་། མི་
༢༣༡ ཆེ་ཆུང་སྣ་ཚོགས་ཀྱི་ཀེང་རུས་ཀྱིས་ཀ་གདུང་སྣ་ཚོགས་བྱས་པ། འཇིགས་ཤིང་ཡ་ང་བ། སྟེང་ན་འཇའ་ཚོན་སྣ་ལྔའི་སྤྲིན་འཁྲིགས་པ། བར་ན་མེ་ཏོག་སྣ་ཚོགས་ཀྱི་ཆར་འབབ་པ། ས་གཞི་སྤོས་ཀྱི་དྲི་ངད་དང་ལྡན་པར་བསམ། ནང་ཡོན་བདག་ཕོ་མོ་དང་སྣང་ཞིང་སྲིད་པའི་རིགས་ཐམས་ཅད་ལ་ཕོག་པས། ཕོ་ཐམས་ཅད་རང་བྱུང་གདོད་ནས་དག་པའི་དཔལ་ཧེ་རུ་ཀའི་སྐུ་དང་། མོ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པ་གདོད་མའི་རང་བྱུང་གི་རྣལ་འབྱོར་མའི་སྐུ་ཡིན་ལ་ཡིན་བཞིན་དུ་མངོན་སུམ་དུ་གནས་པར་བསམ། སྣོད་ཐམས་ཅད་བྷནྡྷ་སྐམ་རློན་དང་རིན་པོ་ཆེའི་སྣོང་སྣ་ཚོགས་སུ་གྱུར་པར་བསམ། བཅུད་ཐམས་ཅད་ཤ་ལྔ་བདུད་རྩི་ལྔ་གཉིས་སྣང་གི་རྟོག་པ་འཇོམས་པའི་རྫས་སུ་གྱུར་པར་བསམ། དེ་བཞིན་མཆོད་རྫས་ཇི་སྙེད་པ་ཐམས་ཅད་རང་བྱུང་བདེ་བ་ཆེན་པོ་མེད་བཞིན་དུ་སྣང་། སྣང་བཞིན་དུ་སྟོང་པ་མགྲོན་རྣམས་ཀྱི་ཚོགས་དྲུག་གི་ཤེས་པ་ལ་འབད་མེད་ལྷུན་གྲུབ་ཏུ་ལོངས་སྤྱོད་པའི་རྫས་སུ་བསམ་ལ་ཕཊ་བྱ་ཞིང་། ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། ཞེས་པ་ནས་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། ཞེས་པའི་བར་གྱི་ཚིག་རྣམས་གྱེར་བསྒོམ་བྱའོ། །དེ་བཞིན་དུ་ཤར་ཕྱོགས་རྡོ་རྗེ་མཁའ་འགྲོས་རྡོ་རྗེ་པད་སྣོད། ལྷོ་ཕྱོགས་རིན་ཆེན་མཁའ་འགྲོས་རིན་ཆེན་པད་སྣོད། ནུབ་ཕྱོགས་པདྨ་མཁའ་འགྲོས་པདྨའི་པད་སྣོད། བྱང་ཕྱོགས་ལས་ཀྱི་མཁའ་འགྲོས་རྒྱ་གྲམ་པད་སྣོད་སོགས་ཐོགས་པ་དང་། འཁོར་མཁའ་འགྲོ་གྲངས་མེད་གོང་ལྟར་སྤྱན་དྲངས་ཤིང་ས་གཞི་བྱིན་གྱིས་བརླབས། ཡོན་བདག་སྣོད་བཅུད་མཆོད་རྫས་སོགས་བཤད་མ་ཐག་པ་ལྟར་བྱིན་གྱིས་བརླབས་པར་བྱ་ཞིང་། དེ་ཡང་ཤར་ཕྱོགས་ཐམས་ཅད་གཏུམ་དྲག་དུར་ཁྲོད་བདེ་ཆེན་དཀར་
༢༣༢ མོའ་ཚོགས་ཁང་། ལྷོ་ཕྱོགས་གད་རྒྱངས་སྒྲོག་པའི་དུར་ཁྲོད་སེར་མོ་དོན་གྲུབ་ཀྱི་ཚོགས་ཁང་། ནུབ་ཕྱོགས་པདྨ་འཁྱིལ་པའི་དུར་ཁྲོད་དམར་མོ་སྒྲ་སྒྲོགས་ཀྱི་ཚོགས་ཁང་། བྱང་ཕྱོགས་ཀི་ལ་སྒྲོགས་པའི་དུར་ཁྲོད་སྣ་ཚོགས་མཐར་ཕྱིན་གྱི་ཚོགས་ཁང་དུ་གྱུར་ནས་གོང་ལྟར་བྱིན་གྱིས་བརླབ་བོ། །འདི་རྣམས་རིགས་བཞི་མཁའ་འགྲོ་དང་དོན་གཅིག་ཅིང་བྱིན་འབེབས་ཀྱི་དམིགས་པ་གསལ་བ་ཤིན་ཏུ་གལ་ཆེའོ། །དེ་ནས་ཚོགས་རྫས་བདུད་རྩིས་བྲན་ལ་གཞན་རིག་དང་རང་རིག་བསྲེ་བ། རང་རིག་དང་དབྱིངས་རིག་བསྲེ་བ། ཕུང་པོའ་ཤ་ཁྲག་ཚོགས་སུ་བསྲེ་བ་རྣམས་གཅོད་མཁན་རང་ཉིད་ཀྱི་ཉམས་རྟོགས་དང་བསྟུན་པར་དགོས་ཤིང་། འདིའི་བཤད་སྲོལ་འགའ་ཞིག་སྨྲས་ཀྱང་ཆོག་མོད་ཀྱི་ཡི་གེ་མང་དོགས་ནས་མ་སྤྲོས་སོ། །དེ་ལྟར་ཕུང་པོ་ཚོགས་གཏོར་གཅིག་ཏུ་གྱུར་པའི་ངོ་བོ་ཤ་ཁྲག་ལ་རྣམ་པ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཡར་སྣེ་ༀ་དཀར་པོས་མཚན་པ། ལྟེ་བར་ཨཱཿདམར་པོས་མཚན་པ། མར་སྣེ་ཧཱུྃ་སྔོན་པོས་མཚན་པ་ཉི་མའི་གདན་ལ་ཟུག་པ། ཡར་སྣེ་ཟླ་བའི་དཀྱིལ་འཁོར་གྱིས་བཀབ་པ། ཚོགས་གཞོང་དེ་ཉིད་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་གྱི་ཚད་དང་མཉམ་པར་བསམ། དེ་ནས་ༀ་མ་གཅིག་མ་སོགས་འབྲུ་གསུམ་གྱིས་གསོལ་བ་བཏབ་པས། རང་རྣལ་འབྱོར་མར་གསལ་བའི་དཔྲལ་བ་ནས་འོད་ཟེར་དཀར་པོ་གཅིག་འཕྲོས་མ་གཅིག་གི་དཔྲལ་བའི་ༀ་ལ་ཕོག །ༀ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་ལ་ཕོག །སྐུའི་བྱིན་རླབས་ཐམས་ཅད་བསྡུས་ནས་མ་གཅིག་གི་དཔྲལ་བར་ཐིམ། ༀ་དེ་ལས་འོད་ཟེར་དཀར་པོ་ༀ་གྱི་རྣམ་པར་བྱུང་ནས་རྡོ་རྗེའི་མར་སྣེ་ཟླ་བའི་ཁ་ཆོད་ༀ་ལ་ཕོག །ཨཱཿཡན་ཆད་འོད་དུ་ཞུ། དེ་བཞིན་དུ་
༢༣༣ མགྲིན་པའི་ཨཱཿདང་ཐུགས་ཀའི་ཧཱུྃ་སོགས་གོང་ལྟར་སྤྲོ་བསྡུའི་སྦྱོར་བས་ཉི་ཟླ་རྡོ་རྗེ་ཡི་གེ་རྣམས་འོད་དུ་ཞུ་བས་ཚོགས་གཞོང་དེ་ཉིད་ལྟེམས་སེ་གང་བས་ཟག་མེད་ཚོགས་ཀྱི་འཁོར་ལོ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དཀར་ལ་དམར་བའི་མདངས་ཆགས་པ་ཅུང་ཟད་སྔོ་བའི་འོད་དང་ལྡན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་མེར་གྱིས་གང་བར་བསམ་མོ། །དེ་ནས་བསྟབ་པ་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྐུ་དང་བ་སྤུ་ཐམས་ཅད་ལས་མཁའ་འགྲོ་མ་མདོག་སྣ་ཚོགས་པ་ཕྱག་ན་ཐོད་སྣོད་གཡང་གཞི་སོགས་སྣོད་སྣ་ཚོགས་ཐོགས་པ་ཉི་ཟེར་ལ་རྡུལ་འཚུབས་པ་ལྟར་སྤྲོས་ནས་ཚོགས་གཏོར་དེ་ཉིད་བཅུས་ཏེ། རང་རང་གི་དབང་པོ་དང་འཚམས་པའི་ཕྱི་ནང་གསང་བའི་མཆོད་རྫས་དཔག་ཏུ་མེད་པར་གྱུར་ནས་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་མཆོད་པ་དང་། དཀྱིལ་འཁོར་གྱི་གཙོ་བོ་འཁོར་ལོ་བདེ་མཆོག་ལྟ་བུ་ལ་མཐའ་དཔའ་བོ་དཔའ་མོའ་བར་དུ་ཡི་དམ་ལྷ་ཚོགས་རྣམས་ལ་མཆོད་པ་དང་། རྡོ་རྗེ་ཕག་མོ་ནས་རིགས་ལྔའི་ཁོངས་སུ་གཏོགས་པའི་མཁའ་སྤྱོད་ས་སྤྱོད་ས་འོག་ན་སྤྱོད་པའི་མཁའ་འགྲོ་མ་རྣམས་ལ་མཆོད་པ་དང་། དཔལ་ཡེ་ཤེས་ཀྱི་མགོན་པོ་དང་ལྷ་མོ་ནས་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས་དཀྱིལ་འཁོར་གྱི་མཐའ་སྐྱོང་དྲེགས་ཚོགས་སྤྲིན་བཞིན་གཏིབས་པ་རྣམས་ལ་མཆོད་པ་དང་། རྒྱལ་བ་ཤཱཀྱ་ཐུབ་པ་ནས་དམྱལ་ཁམས་བཅོ་བརྒྱད་ཡན་ཆད་རིགས་དྲུག་གི་ཚོགས་རྣམས་ལ་མཆོད་པ་དང་། སྟོང་གསུམ་གཞི་བདག་ནས་རང་ཉིད་ཉལ་མལ་གྱི་ལྷ་འདྲེ་ཡན་ཆད་ལ་མཆོད་པ་དང་། རིགས་དྲུག་མགྲོན་རིགས་ནས་ཁྱད་པར་ལན་ཆགས་པའི་གཟུགས་ཅན་གཟུགས་མེད་རྣམས་ལ་བསྟབ་པའོ། །ཡང་ནད་པ་སོགས་ལ་སྦར་བསྟབ་བྱེད་པའི་ཚེ། གཡས་ཀྱི་སོར་མོ་ལྔ་མཁའ་འགྲོ་ལྔ།
༢༣༤ གཡོན་གྱི་སོར་མོ་ལྔ་ཤུགས་འགྲོ་ལྔར་བསྐྱེད་ལ་དེ་ལས་སྤྲོས་པའི་མཁའ་འགྲོ་མ་གྲངས་མེད་པས་རང་རང་གིས་ཟ་ཞིང་གཞན་ལ་སྦྱིན་པ་དང་། ནད་པའི་མགོ་ནས་རྐང་པའི་བར་དུ་ཟོས་ནས་ལྷག་མ་ཏིལ་འབྲུ་ཙམ་ཡང་མེད་པར་བསམ། མཐའ་དམར་འགྱེད་ཅུང་ཟད་རེ་དང་། རྗེས་ལ་འཁོར་གསུམ་དམིགས་མེད་དུ་བཞག་སྟེ་དགེ་ཚོགས་རྒྱས་གདབ་བོ། །དེ་ནས་འཁོར་འདས་ཀྱི་མགྲོན་རྣམས་མདོག་མ་སྒྱུར་གཟུགས་མ་རྗེས་རྣམ་པ་མ་བཅོས་པ་རང་སར་སོ་སོར་ཅི་འདོད་དུ་འབུལ་བ་ནི་ཕྱོགས་རིས་མེད་པའི་མཆོད་སྦྱིན་འཁོར་འདས་མཉམ་ཉིད་ཀྱི་སྟོན་མོ་བདག་ཉིད་ཆེན་པོའ་ཚོགས་འཁོར་ཞེས་བྱ་བ་མདོ་ལུགས་ཀྱི་མཆོད་པ་ལས་ཁྱད་པར་འཕགས་ཤིང་། སྔགས་ཀྱི་ཚོགས་འཁོར་དང་ཚུལ་མཚུངས་པ་ཙམ་ལས་ཅི་ལྟ་བ་བཞིན་ཁྱད་པར་མེད་པ་ནི་མ་ཡིན་ཏེ་གང་ཟག་བློ་གྲོས་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །ཞེས་སྔར་གྱི་གསུང་རྒྱུན་དང་། སྔགས་དངོས་དང་མཚུངས་པ་ནི་ཚོགས་མགྲོན་དེ་རྣམས་ཡེ་གདོད་མ་ནས་ལྷན་སྐྱེས་བདེ་བ་ཆེན་པོའ་ཡེ་ཤེས་རྡོ་རྗེ་འཆང་དངོས་ཡིན་ཀྱང་། ད་ལྟ་གཉིས་སྣང་གློ་བུར་གྱི་འཁྲུལ་པའི་དྲི་མས་དབང་བསྒྱུར་ཞིང་འཁྲུལ་པའི་རང་གཟུགས་སྣ་ཚོགས་སུ་སྣང་ཡང་ཡེ་གདོད་མ་ཉིད་ནས་ཡིད་བཞིན་གྱི་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་གཙོ་འཁོར་སོགས་བརྡ་དོན་རྟགས་ཀྱི་ཡེ་ཤེས་ཀྱི་རང་གཟུགས་བདེ་དགྱེས་གསང་གསུམ། སྒྱུ་ཐོད་གདན་གསུམ་དུས་ཀྱི་འཁོར་ལོ་བཀའ་བརྒྱད་དགོངས་འདུས་སོགས་དཔལ་ཧེ་རུ་ཀ་ཡིན་ལ་ཡིན་བཞིན་དུ་དེའི་སྐུ་བསྒོམ་པ་དང་། ཚོགས་འཁོར་མཆོད་རྫས་རྣམས་ཤ་ལྔ་བདུད་རྩི་ལྔ་སོགས་ཕྱི་ནང་སྣོད་བཅུད་ཐམས་ཅད་གདོད་མའི་བདེ་བ་ཆེན་པོའ་དཀྱིལ་འཁོར་དུ་བསྒོམ་པ་འདི་ནི། བླ་མེད་སྔགས་ཀྱི་ཚོགས་འཁོར་དངོས་ཡིན་ཅིངཞིང་ཐུན་མོང་གི་མཆོད་པ་གཞན་ལས་ཁྱད་པར་དུ་
༢༣༥ འཕགས་པའོ། །དེ་ལྟར་གང་ལ་གང་འདོད་ཅི་ལ་ཅི་དགྱེས་ཀྱི་ཚོགས་འཁོར་ཕུལ་བའི་ཚེ་ཕྱི་ཡི་ཚོགས་རང་རང་གི་ཞིང་ཁམས་ཕོ་བྲང་བཞུགས་གནས་གོས་རྒྱན་ཡོ་བྱད་དང་། ནང་གི་ཚོགས་བཟའ་བཏུང་གི་རིགས་ལུས་འཚོ་བར་བྱེད་པའི་རྫས། གསང་བའི་ཚོགས་ཕོ་མོ་སྙོམས་འཇུག་གི་བདེ་བ་དགའ་བ་སྐྱེད་པར་བྱེད་པ། དེ་ཁོ་ན་ཉིད་ཀྱི་ཚོགས་གཉིས་སྣང་འཁྲུལ་པའི་དྲི་མ་རང་སར་དག་ནས་གཉིས་མེད་བདེ་བ་ཆེན་པོ་རང་རིག་འོད་གསལ་དུ་གནས་པ་དེ་རྣམས་ལ་ལོངས་སྤྱོད་པའོ། །རྗེ་དྲུང་པ་རིན་པོ་ཆེ་ནས། ཕྱི་བདག་པོས་ཡོངས་སུ་མ་བཟུང་བའི་དངོས་པོ་འབྱོར་ཚད་སོགས་དང་། ནང་ཁ་རྗེ་ཆུས་སྲིད་སོགས་དང་། གསང་བ་ཡབ་ཡུམ་སྙོམས་འཇུག་སོགས་དང་། དེ་ཁོ་ན་ཉིད་འཁོར་གསུམ་དམིགས་མེད་ཕྱག་རྒྱ་ཆེན་པོ་ཡིན་ནོ། །ཞེས་གསུངས་པ་དང་དོན་གཅིག་ཅིང་ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ་སོགས་ཤ་སྣ་ཁྲག་སྣ་ཆང་སྣ་འབྲུ་སྣ་སོགས་རྫས་ཐམས་ཅད་གཅིག་ཏུ་ཚོགས་པར་བསགས་ནས་བྱིན་གྱིས་བརླབས་ཏེ། འཇིག་རྟེན་གྱི་ཁམས་ན་རིན་ཐང་དང་བྲལ་བའི་རྫས་ཁྱད་པར་ཅན་དེ་འཁོར་འདས་ཀྱི་མགྲོན་རིགས་ཐམས་ཅད་ལ་སྤེལ་བས་གོང་མ་ས་ལམ་ལ་གནས་པ་རྣམས་ཀྱང་ཡེ་ཤེས་གོང་ནས་གོང་དུ་འཕེལ་བ་དང་། དམ་ཚིག་ལ་གནས་པ་རྣམས་ཀྱང་ཐེ་ཚོམ་མེད་པར་རོལ་པས་བཟང་ངན་གཙང་བཅོག་སོགས་སྣང་གྲགས་ཀྱི་དངོས་པོ་ཀུན་བརྟགས་དང་། དེ་ལ་མངོན་པར་ཞེན་པའི་བདེ་སྡུག་འཁོར་འདས་སུ་འཛིན་པའི་གཞན་དབང་གི་དྲི་མ་ཐམས་ཅད་དག་ནས་གདོད་མའི་ཡོངས་གྲུབ་ཟུང་འཇུག་བདེ་བ་ཆེན་པོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མངོན་དུ་བྱེད་པ་ནི་བླ་མེད་ཚོགས་ཀྱི་འཁོར་ལོའ་དགོངས་པ་ཡིན་པས་གོ་ཉམས་རྟོགས་གསུམ་གྱིས་འདི་ལ་ནན་ཏན་དུ་བྱའོ། །དེ་ནས་ཚོགས་ཀྱིས་ཕུག་གཏོར་
༢༣༦ གསོས་ལ་བདུད་རྩི་བྲན་ཞིང་རྒྱས་པར་ན་གསང་སྔགས་ནང་གཏོར་རམ་ཚོགས་གཞུང་གི་ཕྱི་སྣོད་འཇིག་རྟེན་སོགས་དང་། ཤིན་ཏུ་བསྡུ་ན། ཕྱི་སྣོད་འཇིག་རྟེན་ཉུང་བས་ཀྱང་ཆོག་གོ །དེ་ནས་བསྐང་གཏོར་བདུད་རྩིས་བྲན་ལ་བསྐང་བསྐྱེད་དམིགས་པ་འདོན་བསྒོམ་བཞིན་བྱས་ལ་འོག་མིན་ལ་སོགས་གཅོད་བསྐང་རྣམས་གང་མོས་བཏང་ངོ་། །མཐར་དཔོན་སློབ་རྣམས་ཚོགས་ལ་རོལ་ཞིང་ལྷག་མ་བསྡུ་ནས་བཏེགས་ལ་བདུད་རྩིས་བྲན་ཞིང་། དམིགས་པ་ནི་རང་ཉིད་རྗེ་བཙུན་མར་གསལ་བའི་ཐུགས་ཀ་ནས་ཀེང་རུས་ཀྱི་མཁའ་འགྲོ་མ་བཞིའམ་ཡང་ན་གཅིག་སྟེ་ཕྱི་ན་ཤ་དང་པགས་པ་མེད་པ། ནང་ན་ཁྲག་དང་དོན་སྙིང་མེད་པ་སྐྱ་ཟིང་ངེར་འདུག་པ་གཅིག་གིས་ཕྱག་ན་བྷནྡྷའི་སྣོད་སྟོང་གསུམ་གྱི་ཚད་དང་མཉམ་པའི་ནང་དུ་ལྷག་མའི་གཏོར་མ་ཤ་ཁྲག་གི་རྒྱ་མཚོ་བཟང་ཞིང་རྒྱ་ཆེ་ལ་ཟད་མི་ཤེས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཐོགས་ནས་འཇིག་རྟེན་ལས་འདས་ཀྱང་མ་འདས་པའི་ཚུལ་བཟུང་བའི་རིགས་ལྔ་མཁའ་འགྲོ་དཀར་སེར་དམར་ལྗང་མཐིང་ནག་གི་རལ་པ་ཅན། དེའི་འཁོར་དུ་གཏོགས་པའི་བསམ་པ་ཙམ་གྱིས་གང་འདོད་ཀྱི་གནས་སུ་ཕྱིན་པའི་ནམ་མཁའི་ལུས་ཅན་ལྟ་བུའི་མཁའ་འགྲོ་མ་རྣམས་དང་། གར་འདོད་ཀྱི་གནས་སུ་བྱ་རྒོད་པོ་གནམ་འཕང་བཅད་ནས་ཤུགས་ཀྱིས་འགྲོ་བ་ལྟ་བུའི་ཤུགས་འགྲོ་མ་རྣམས་དང་། གཞན་ཡང་ལྷག་མ་ལ་དབང་བའི་དབང་ཕྱུག་ཉེར་བརྒྱད། ཞིང་སྐྱོང་གི་དཔའ་བོ་མཁའ་འགྲོ་དྲེགས་པའི་སྡེ་དཔོན་ཕྱི་འབྲང་གི་འདྲེ་འཚུབས་སྤྲིན་བཞིན་དུ་གཏིབས་པ་དང་། གོང་མའི་སྟོན་མོ་མ་ཐོབ་པའི་ཁས་ཉན་དབང་ཆུང་སོགས་མདོར་ན་ལྷག་མ་ལ་དབང་བ་རྣམས་ལ་བྱིན་པས་སོ་སོས་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་གསོལ་བར་བསམ་ལ་ཕྱི་རོལ་དུ་དོར། འདིར་ལྷག་གཏོར་ནི་གཅོད་ཚོགས་གཞུང་བསྲང་མཁན་ཐམས་ཅད་ལ་དགོས་པའི་
༢༣༧ ངེས་པ་མེད་ཀྱང་གྲུབ་ཆེན་རྨ་སེ་རིན་པོ་ཆེའི་ཕྱག་ལེན་བརྒྱུད་འཛིན་རྣམས་ལ་རྗེས་སུ་གདམས་པར་མཛད་པས་རྡོ་རྗེ་ཕག་མོ་དང་དབྱིངས་ཀྱི་མཁའ་འགྲོ་གནས་མཆོག་ཉེར་བཞི་ལ་སོགས་ལྷག་གཏོར་བདུན་པོ་རྣམས་འདིར་མཛད་པ་ཡིན་ནོ། །དེ་ནས་གཅོད་ཀྱི་གཏོར་འབུལ་ནི། ཚོགས་ལྷག་གཏོར་མ་བདུད་རྩིའི་རྒྱ་མཚོ་མཁོ་དགུའི་ལོངས་སྤྱོད་དུ་བསམ་ལ། འཇིག་རྟེན་གྱི་མཁའ་འགྲོ་སྡེ་ལྔ། སྦྱང་ཞོན་མཆེད་གསུམ། མཚན་མོ་སྒྲ་སྒྲོག །ཡར་ལྷ་ཤམ་པོ། ཟངས་རི་བཙན་རྒོད་ལ་སོགས་མ་གཅིག་གི་བཀའ་སྲུང་རྣམས་སྤྱན་དྲངས་ཏེ་གཏོར་མ་བཞེས་ནས་ཕྲིན་ལས་ཐམས་ཅད་བསྒྲུབ་པར་བསམ་ལ། ཀྱེ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ་སོགས་ནས། ལན་ཆགས་ཤ་མཁོན་བྱང་གྱུར་ཅིག །བར་བརྗོད་ལ་ཕྱི་རོལ་ཏུ་དོར། དྲག་ལས་ཀྱི་སྐབས་འགར་རྟ་བྲོ་ཡང་འདིར་བྱེད་སྲོལ་སྣང་ཡང་ཚོགས་ལས་སྐབས་སུ་མི་དགོས་སོ། །དེ་ནས་མཆོད་གཏོར་རྣམས་ཁ་གསོས་ལ། ༀ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཨརྒྷཾ་སོགས་དང་། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་སོགས་ཀྱིས་མཆོད་ཅིང་། སྨྲ་བསམ་བརྗོད་མེད་སོགས་ཀྱིས་བསྟོད། མ་འབྱོར་པབ་སོགས་ནས། ཆོས་སྐུ་ཡུམ་ཆེན་མོའ་ཆོ་ག་ལ་སོགས་ཀྱི་མཐར། ན་མོ་གུ་རུ་བདེ་བ་ལེགས་པ་སོགས་ནས། མི་ལྡོག་བདེ་ཆེན་གྱི་ས་ལ་འགོད་གྱུར་ཅིག །ཅེས་པའི་བར་བརྗོད། ཡིག་བརྒྱ་ལན་གསུམ། དེ་ནས་རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁའི་ཡུམ་ཆེན་མོ་ལ་ཕོག །ཡུམ་ཆེན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ནམ་མཁའི་ལྷ་ཚོགས་རྣམས་ལ་ཕོག་པས་ཡེ་ཤེས་པ་རྣམས་རང་གནས་སུ་གཤེགས་པར་བསམ། ༀ་ཁྱེད་ཀྱི་སེམས་ཅན་དོན་ཀུན་
༢༣༨ སོགས་ཤློ་ཀ་དང་། བཛྲ་མུཿའི་མཐར་ཕཊ་ཀྱིས་མཚམས་སྦྱར་ཞིང་། དམ་ཚིག་པ་གཡས་ཀྱི་བྱང་སེམས་རྣམས་རྒྱབ་ཀྱི་དམ་ཆོས་ལ་ཐིམ། དམ་ཆོས་གཡོན་གྱི་ཉན་ཐོས་ལ་ཐིམ། ཉན་ཐོས་ཕྱོགས་བཅུའི་སངས་རྒྱས་ལ་ཐིམ། དེ་དག་འདས་མ་འོངས་ད་ལྟའི་སངས་རྒྱས་ལ་ཐིམ། སངས་རྒྱས་གསུམ་ཡང་ཡུམ་ཆེན་མོ་ལ་ཐིམ། སྟེང་བཀའ་བརྒྱུད་བླ་མ། བར་ཡི་དམ་ལྷ་ཚོགས། དེ་ཐམས་ཅད་ཀྱང་ཡུམ་ཆེན་མོ་ལ། ཡུམ་ཆེན་མོའང་མདུན་གྱི་མ་གཅིག་ལ་ཐིམ། གཞན་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱང་མ་གཅིག་ལ་ཐིམ། མ་གཅིག་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དྲིན་ཆེན་རྩ་བའི་བླ་མ་དང་དབྱེར་མི་ཕྱེད་པར་རང་གི་སྤྱི་བོའ་མདའ་གང་ཙམ་དུ་བཞུགས་པར་བསམ་ལ། ཧཱུྃ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་ཐུགས་ཀྱི་སྲས། སོགས་དང་། ཤར་ནས་གོམ་གསུམ་བྱོན་ཙ་ན། སོགས་ནས། དབུས་ཀྱི་མཐར་འཕེལ་བ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། ཞེས་པ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་མ་གཅིག་ལ་འཕྲོས་པས་འོད་དུ་ཞུ། འོད་ཟེར་ངང་པའི་སྒོ་ང་ཙམ་དུ་གྱུར་པ་རང་གི་སྤྱི་བོ་ནས་མར་བྱོན་པས་ཕོ་ཐམས་ཅད་སྤྱན་རས་གཟིགས་མོ་ཐམས་ཅད་འཕགས་མ་སྒྲོལ་མའི་སྐུར་གྱུར་པར་བསམ་ལ། ཡིག་དྲུག་མང་དུ་བཟླས་ལ་ཕཊ་བྱས་པས་མགྲོན་རྣམས་ཞི་དུལ་དགའ་མགུ་ཡི་རངས་དང་ལྡན་པའི་སྒོ་ནས་རང་གནས་སུ་སོང་བར་བསམ་ཞིང་རང་ཡང་གོང་གི་མཁའ་འགྲོ་དཀར་མོར་བསྒྱུར་ནས་སྤྱོད་ལམ་ལ་འཇུག་ཅིང་སྟོང་ཉིད་ནམ་མཁའི་དཀྱིལ་ལྟར་བཞག་པར་བྱའོ། །ཡང་ལུགས་གཅིག་ལ་གོང་གི་མ་གཅིག་སྤྱི་བོར་བསྒོམ་སྐབས་སུ་དབུས་མཐིང་ག །ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུ་སྟེ་རིགས་ལྔར་བསམ་ནས་གསོལ་འདེབས་མཐར་བཞི་ཀ་དབུས་ཀྱི་གཙོ་མོར་ཐིམ་པར་བསྒོམ་པའང་ཡོད།
༢༣༩ དེའང་རྒྱུན་མར་གྱི་ཉམས་ལེན་དུ་ལེགས་ཤིང་ཚོགས་ལས་དང་འབྲེལ་བའམ། གཞན་གྱི་སྲུང་འཁོར་སོགས་ཀྱི་སྐབས་སུ་བབ་ན་པདྨ་ཁ་ཟླུམ་གྱི་མན་ངག་བྱ་བ་ལ་གཉིས་ཏེ། དང་པོ་ཞི་ཟླུམ་ནི། དེའང་གོང་གི་གསོལ་འདེབས་ཀྱི་མཐར་མ་གཅིག་འོད་དུ་ཞུ་བ་དང་། སྔར་གྱི་གསུང་རྒྱུན་ལ་མ་གཅིག་སྐུ་ཤིན་ཏུ་ཆུང་བ་ཞལ་ཕྱག་རྒྱན་ཆ་ལུགས་སོགས་རྣམ་པར་བཀྲ་བ་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ་ཞིག་ཏུ་གྱུར་ནས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་དབུ་མའི་ལམ་ནས་མར་བབ་སྟེ་སྙིང་པདྨ་དཀར་པོ་འདབ་མ་བརྒྱད་པར་ཟེའུ་འབྲུ་འོད་ཟེར་ཁ་དོག་ལྔ་འཕྲོ་བའི་དབུས་སུ་ཞབས་སྐྱིལ་ཀྲུང་གིས་བཞུགས་པར་བསམ་ལ། ཕྱོགས་མཚམས་ཀྱི་པད་འདབ་རྣམས་མེ་ཏོག་ཁ་ཟུམ་པ་ལྟར་རམ། ཀྱེ་རྡོར་བུམ་སྐུ་ལྟ་བུར་བསྒོམ་པ་ནི་པདྨ་ཞི་ཟླུམ་ཡིན་ལ། དྲག་ཟླུམ་ནི། གོང་གི་པདྨ་དེ་དོར་ནས་རང་གི་སྙིང་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་གུར་ཐབས་སུ་གནས་པའི་དབུས་སུ་དགྲ་བགེགས་ཀྱི་བླ་སྲོག་རྣམ་པར་ཤེས་པའི་ངོ་བོ་དང་། རང་གཞན་གྱི་རིག་པའི་ངོ་བོ་གཅིག་ཏུ་བསྲེས་ལ་དེ་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་མི་བཏང་ཨང་སྙམས་པ་ནི་པདྨ་དྲག་ཟླུམ་ཞེས་བྱའོ། །འདི་སྐབས་སུ་གོང་གི་སྐུ་དེ་མི་བྱ་བར་ཐིག་ལེ་བྱ་བར་བཞེད་དོ། །དེ་ནས་བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱས་པར་བྱའོ། །དེས་ནི་ཚོགས་གཞུང་དང་ལུས་སྦྱིན་སོགས་ཀྱི་དམིགས་ཟིན་དྲུང་རིན་པོ་ཆེའི་དགོངས་བཞེད་ཀྱི་ཞལ་རྒྱུན་བརྗོད་ཟིན་ལ། གཉིས་པ་ལུས་སྦྱིན་དང་དྲག་ལས་སོགས་ཀྱི་སྐབས་དབང་སྡུད་དྲག་པོ་དང་དམར་འགྱེད་ཀྱི་རིམ་པ་ནི། བསྲེ་བ་སྐོར་གསུམ་བྱས་མཐར་རྣམ་ཤེས་ཧཱུྃ་ཡིག་མཐིང་ནག་ཏུ་བསྒྱུར་ཏེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་བདག་ཉིད་དུར་ཁྲོད་བདག་མོ་ཁྲོས་མ་ནག་མོ་སོགས་གཞུང་ལྟར་འདོན་བསྒོམ་བྱེད་ཅིང་སྐུ་ཆེ་བའི་ཚད་ནི་དབུ་སུམ་ཅུ་རྩ་གསུམ་
༢༤༠ ལྷའི་གནས་སུ་སླེབས་པ་སོགས། དེ་བཞིན་དུ་སྐུ་སྟོང་ཀྱིསགིས་ལྷ་ཁམས་དབང་དུ་སྡུད་པ་སོགས་ཆེ་བའི་ང་རྒྱལ་བསྐྱེད་ལ། སྡུད་བྱེད་ལས་ཀྱི་ཕོ་ཉ་དེའི་ཐུགས་ཀ་ནས་སྤྲུལ་པའི་ལས་བྱེད་ཀྱི་མཁའ་འགྲོ་མ་ལྕགས་ཀྱུ་མ་དཀར་མོ་སོགས་ཉི་ཟེར་ལ་རྡུལ་འཚུབས་པ་ལྟར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཡོངས་སུ་གསལ་བར་གྱུར་པར་འདོན་བསྒོམ་བྱ་ཞིང་བདེན་སྟོབས་བརྗོད་ལ། བསྡུ་བར་བྱ་བའི་གདོན་ནི་བདག་འཛིན་རྣམ་པར་རྟོག་པའི་དགྲ་བོ་སོགས་ནས་གདོན་སྣ་འདྲེན་དང་བཅས་པའི་བར་གྱི་གདོན་ཐམས་ཅད་སྟེང་འོག་ཕྱོགས་མཚམས་ཀུན་ནས་ལྕགས་ཀྱུས་བཟུང་། ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་ལུས་སེམས་མྱོས་པར་བྱས། གཞན་ཁྲོས་མ་རྣམས་ཀྱིས་གཡས་མི་ལྤགས་ཀྱི་གཡང་གཞིས་བྲབ། གཡོན་མི་རྐང་གླིང་བུ་དྲག་ཏུ་བུས་པས་བསྔངས་ཤིང་འདར་རང་དབང་མེད་པར་རླུང་ཆེན་གྱིས་སྦུར་མ་བསྡུས་པ་བཞིན་དུ་རང་གི་མདུན་དུ་བཀུག་ལ། སྔར་གྱི་བེམ་པོ་དེ་ཉིད་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་ཆེན་པོར་བསམ་ལ། གདོན་དེ་རྣམས་ཀྱིས་ཤ་ཐམས་ཅད་སྟག་དར་མས་ཤ་ལ་རོལ་པ་ལྟར། ཁྲག་ཐམས་ཅད་བེའུ་རྐན་དྲག་གིས་ནུ་མ་ནུ་བ་ལྟ་བུ། རུས་པ་ཐམས་ཅད་སོ་རྣོན་གྱིས་ཡོས་འཆོས་པ་ལྟ་བུ། པགས་པ་ཐམས་ཅད་ཅི་ལྟར་འཚམས་པ་བཞིན་དུ་གྱོན་ནས་དགའ་མགུ་ཡི་རངས་དང་ལྡན་པར་བསམ་ཞིང་། ཀྱེ་འདུས་ཤིག་སོགས་འདོན་བསྒོམ་བྱའོ། །ཡང་འདི་སྐབས་དམར་འགྱེད་སྣ་ཚོགས་འདོད་ན་འོག་ཏུ་གསལ་ལྟར་ལ། དེ་ནས་རང་ཉིད་ཁྲོས་མར་གསལ་བའི་མདུན་དུ་རང་ལ་བྱང་གཏད་སོགས་བསམ་ངན་འཆང་བའི་བནྡེ་བོན་པོ་སྔགས་པ་གཅོད་མཁན་སོགས་རང་རང་གི་གོས་རྒྱན་དང་བཅས་པ་ལག་ན་ཐུན་ཟོར་སོགས་འབྱུང་བཞི་གང་ལ་བཅོལ་བའི་ལག་ཆ་
༢༤༡ ཐོགས་པ་རྦད་རྒྱུའི་ལྷ་སྲུང་དང་བཅས་པ། རྔམ་རྔམ་རྫིགས་རྫིགས་ཀྱི་ཚུལ་དུ་གསལ་བར་བསྐྱེད། དེའི་གཡས་སུ་ཕོ་གདོན་རྒྱལ་པོ་བནྡེ་དང་མི་དཔོན་གྱི་གཟུགས་ཅན་ལ་རྒྱལ་འགོང་སེར་གཟུགས་ཧོར་འདྲ་ལྟ་བུའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། གཡོན་དུ་འདྲེ་མོའ་གཙོ་མོ་ནམ་གྲུ་མ་གཡུའི་རལ་པ་གསེར་གྱི་སྨིན་མ་དུང་གི་མཆེ་བ་ཅན་ལ་མཛེས་ཤིང་ཡིད་འཕྲོག་པར་བྱེད་པའི་བུད་མེད་གཞོན་ནུ་མ་ལྟ་བུ་དང་། བསེན་མོ་སྒ་བཤའ་ཤ་རིད་མི་སྡུག་གཟུགས་ཅན་ལ། རེ་གོས་མི་ལྤགས་སོགས་གྱོན་པའི་འདྲེ་མོའ་ཚོགས་ཆེན་པོས་བསྐོར་བ། མདུན་དུ་ས་བདག་གི་རྒྱལ་པོ་སྦལ་ནག་མགོ་དགུ་པ་ལ་ས་བདག་རྗེ་བློན་བཅུ་བདུན་སོགས་ས་བདག་གཞི་བདག་གི་དམག་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་དགེ་བསྙེན་ཉའི་མགོ་ཅན་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ་ལ། རང་འདྲའི་འཁོར་དུ་མ་དང་བཅས་པ་ལ་གཞན་ཡང་མ་ངེས་པའི་མགོ་བརྙན་ཅན་དུ་མས་བསྐོར་བ། བྱད་མའི་འོག་ཏུ་ཀླུ་བདུད་སྤྲུལ་མགོ་དགུ་པ་གཡས་སྤྲུལ་ཞགས་དང་། གཡོན་ནད་རྐྱལ་ཐོགས་པ་སྐུ་སྨད་སྦྲུལ་ནག་ཏུ་འཁྱིལ་བ་ལ། འཁོར་དུ་ཀླུ་བདུད་ནག་པོ་དེ་འདྲ་བ་དང་གཞན་ཡང་མ་ངེས་པའི་གཟུགས་ཅན་སྣ་ཚོགས་ཀྱིས་བསྐོར་ནས། རྒྱ་མཚོའ་ཁར་སྤྲིན་དང་ན་བུན་གྱི་ནང་དུ་གནས་པར་བསྒོམ། བྱད་མའི་སྟེང་གི་ནམ་མཁར་སྤྲིན་ནག་འཇའ་འོད་འཁྲུགས་པའི་དབུས་སུ་གཟའ་བདུད་རཱ་ཧུ་ལ་མཐིང་ནག་མངོན་རྟོགས་དང་མཚུངས་པ་ལ་གཟའ་དང་རྒྱུ་སྐར་གྱི་དམག་ཚོགས་ཀྱིས་བསྐོར་བ། དེ་རྣམས་ཀྱི་གཡས་གཡོན་མདུན་རྒྱབ་རྣམས་སུ་བདུད་མི་ནག་རྟ་ནག་ཅན་གྱི་དམག་ཚོགས་དཔག་ཏུ་མེད་པ། དེ་བཞིན་དུ་བཙན་མི་དམར་རྟ་དམར་རྐྱ་རྐང་སྣ་ཚོགས་པ་བྱ་དམར་ཁྱི་དམར་དང་བཅས་པ། དརདམ་སྲི་ཕོ་མོའ་ངོ་བོ་སྐྱེས་པ་བུད་མེད་གཞོན་མཛེས་
༢༤༢ དང་མི་སྡུག་པའི་གཟུགས་སྣ་ཚོགས་ཐོགས་པ། ཆུང་སྲི་བྱིས་པ་ཕོ་ཐེར་ཅན་གྱི་རྣམ་པ། དམ་སྲི་བནྡེ་སྔགས་པ་གཅོད་པའི་རྣམ་པ་ཅན་གྱི་ཚོགས་དང་། ཐེའུ་རང་ཕོ་མོ་ནི་རྐང་པ་གཅིག་པ་དང་བྱིས་པ་ར་སླག་ཅན་དང་ར་ཞོན་སོགས་ཀྱི་རྣམ་པ་ཅན་དང་། གཞན་ཡང་སྣང་ཞིང་སྲིད་པས་བསྡུས་པའི་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི་རང་གཟུགས་ལྷ་འདྲེ་མདོག་དབྱིབས་རྒྱན་ཆ། ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ་འཁོར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་འཇིག་རྟེན་གྱི་ཁམས་གང་བ་ཙམ་དུ་བསྐྱེད་ལ། གོང་ལྟར་རང་ཉིད་ཁྲོས་མའི་ང་རྒྱལ་གྱིས་བདེན་སྟོབས་བརྗོད་ཅིང་། གདོན་དེ་རྣམས་གོང་ལྟར་བཀུག་ལ་གཟུགས་དེ་རྣམས་ལ་བསྟིམ་མོ། །དེ་ནས་བེམ་པོ་སྟོང་གསུམ་གྱི་ཚད་དང་མཉམ་པ་དེ་རང་ཉིད་ཁྲོས་མའམ་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ང་རྒྱལ་གྱིས་རྐང་པ་ནས་བཟུང་སྟེ་གདོན་དེ་རྣམས་ཀྱི་ཁར་གཡུགས་པས་ཤ་ཁྲག་རུས་གསུམ་སྐྱིན་འདོད་དྲག་ཏུ་བབས་པ་ལྟར་གྱུར་ནས་གདོན་རང་རང་སོ་སོས་ཟ་ཞིང་དགའ་མགུ་ཡི་རངས་དང་ལྡན་པར་བསམ་ལ། ཧཱུྃ། མ་བན་ཆེན་སོགས་བྱ། ཡང་ན་རྡེབ་པ་མ་དང་ཁྲོ་ཆུ་ཞིང་ལྤགས་དང་གཟན་འགྱེད་མ་སོགས་བྱས་ཀྱང་ལེགས་ཤིང་ཆང་བུ་དང་། ཁྲུས་ཆུ་གཏོར་བའི་ཚེ་རོ་འགྱེད་མ་ཕྱག་ལེན་མཛད་པ་ཡིན་ནོ། །ཡང་འདི་སྐབས་དང་གོང་གི་ཤ་ཟ་འདུས་སོགས་ཀྱི་སྐབས་སུ་ནད་པ་ལ་སྔར་བསྟབ་བྱེད་པའི་ཚེ་གཡས་ཀྱི་སོར་མོ་ལྔ་ལྕགས་ཀྱི་སྤྱང་ཀི་ལྔ་དང་། གཡོན་གྱི་སོར་མོ་ལྔ་ཟངས་ཀྱི་འཕར་བ་ལྔར་གྱུར་ཅིང་དེ་ལས་དེ་འདྲ་གྲངས་མེད་སྤྲུལ་ནས་རང་གིས་ཟ་ཞིང་གཞན་ལ་བཀྱེ་བའང་བྱའོ། །ཡང་རང་ལ་གང་གནོད་ཀྱི་གདོན་ལ་གྲངས་མང་དུ་གསོག་ཀྱང་རུང་ངོ་། །དེ་མཐར་ཤ་ཁྲག་རུས་གསུམ་གདོན་དེ་རྣམས་ཀྱིས་ཤ་ཟན་གྱི་ཅབ་སྒྲ་དི་རི་རི། ཁྲག་འཐུང་གི་རྔུབ་སྒྲ་ཀྱུ་རུ་རུ། རུས་མུར་གྱི་
༢༤༣ ལྷ་བ་ལྗིབས་སེ་ལྗིབ་སོགས་གཞུང་ལྟར་དམིགས་པ་གསལ་བཞིན་པའི་འདོན་བསྒོམ་བྱའོ། །དེ་ནས་སྔར་ཚོགས་གཞུང་གི་སྐབས་སུ་བཤད་མ་ཐག་པ་ལྟར། དེ་ལྟར་ཐུགས་ཀ་ནས་ལས་བྱེད་ཀྱི་ཀེང་རུས་སྤྲོ་བ་སོགས་ལྷག་མའི་དམིགས་པའི་མཐར། སྲིད་གསུམ་བྷནྡྷ་སོགས་འདོན་བསྒོམ་དང་། ཐམས་ཅད་ནམ་མཁའ་མཛོད་སོགས་དང་། གཅོད་ཡུལ་ཉམས་སུ་ལེན་པའི་སོགས་ཀྱིས་བསྔོ་སྨོན་དང་། གཅོད་དོན་རྒྱུད་ལ་འབྱོར་བའི་དོན་དྲན་པར་བྱས་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །དེ་ནས་ཚོགས་གཞུང་གི་སྐབས་ལྟར་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ་བ་པདྨ་ཞི་ཟླུམ་དྲག་ཟླུམ་གང་འདོད་དང་། མགྲོན་གཤེགས་པ། མཐར་སྟོང་ཉིད་ངང་ལ་བཞག་པ་སོགས་གོང་ལྟར་བྱའོ། །ད་ནི་གོང་དུ་སྨོས་པའི་ཁ་སྐོང་གི་རིམ་པ་རྣམས་ལ། སྔར་གྱི་ཞལ་རྒྱུན་རྙིང་པ་གོང་དུ་མ་འཐུས་པ་རྣམས་འདིར་ཅུང་ཟད་སྤྲོ་བ་ནི། དམར་འགྱེད་སྐབས་སུ་བེམ་རིག་ཕྲལ་བའི་བེམ་པོ་དེ་ལུས་ཆེ་བ་ཚོ་བ་དཀར་ལ་སྣུམ་པ་སྙི་ལ་འབོལ་བ་སྤྲོ་ལ་ཞིམ་པ། གཞོན་ཤ་རྒྱས་ཤིང་བཀྲག་མདངས་དང་ལྡན་པ། ལྟ་ན་སྡུག་པ། མཛེས་ཤིང་ཡིད་དུ་འོང་བ། དྲི་ངད་བཟང་པོ་སྣ་ཚོགས་བྲོ་བ། བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་སེལ་ནུས་པའི་རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་སྟོང་གསུམ་ཁྱབ་པར་དམིགས་ལ། ལན་ཆགས་ཀྱི་བདག་པོ་ལ་སོགས་པའི་ལྷ་འདྲེ་རྣམས་ཀྱིས་ཧབ་སྒྲ་དི་རི་རི་གཅན་གཟན་ཤ་ལ་རུབས་པ་བཞིན་རོལ་པར་བསམ་སྟེ། དཔེར་ན་རྟ་རོ་ལུང་སྟོང་དུ་བསྐྱུར་བ་བྱ་རྒོད་ཀྱི་ཟོས་པ་ལྟ་བུར་བསམ་པ་ནི་བེམ་བསྐྱུར་མ་དང་། ཡང་བེམ་པོ་དེ་རང་ཉིད་རྡོ་རྗེ་རྣལ་འབྱོར་མས་སྟོད་སྨད་དུམ་བུ་བཞིར་བཅད་ནས་ཕྱོགས་བཞིར་འཕངས་པས་ཕྱོགས་མཚམས་ཀྱི་ལྷ་འདྲེ་ཐམས་ཅད་ཀྱི་ཧབ་
༢༤༤ ཐོབ་ཏུ་ཟོས་པར་བསམ་པ་ནི་གླིང་བཞི་མ་དང་། ཡང་བེམ་པོ་དེ་རང་ཉིད་རྗེ་བཙུན་མའི་ཕྱག་གི་གྲི་གུག་གིས་བཤས་གཏུབ་བྱས་པས་ཁྲག་རྣམས་རྒྱ་མཚོ་ཆེན་པོར་གྱུར་པའི་ནང་དུ་རུས་པའི་ཚོགས་རྣམས་གཙང་ཕུར་བཙུག་པ་ལྟར་གྱུར་པའི་རྩེ་མོར་ཤ་རྣམས་བ་དན་ནམ། འཕན་དར་ཕྱར་བ་ལྟར་གྱུར་པ་ལས་ཤ་ཁྲག་རུས་གསུམ་གྱི་རྒྱུན་ཆེན་པོ་བབས་པས་གདོན་རྣམས་ཀྱིས་འཁོར་བ་ཇི་སྲིད་བར་དུ་ལོངས་སྤྱོད་པར་བསམ་པ་ནི་བ་དན་མ་དང་། ཡང་ཁྲོས་མའམ་རྡོ་རྗེ་རྣལ་འབྱོར་མས་བེམ་པོའ་རྐང་པ་ནས་བཟུང་སྟེ་གདོན་རྣམས་ཀྱི་ནམ་མཁར་གཡུགས་པས་ཉ་རོ་ཚོས་པ་སྤྲུག་པ་ལྟར་ཤ་ཁྲག་རུས་གསུམ་བར་མཚམས་མེད་པར་རྒྱ་ཆེ་རྒྱུན་མི་འཆད་དུ་བབས་པ་ལྷ་འདྲེ་རྣམས་ཀྱི་ཁར་སོང་བས་གང་ལ་གང་འདོད་ཀྱི་ལོངས་སྤྱོད་པ་ནི་རུས་སྤྲུགས་མ་དང་། ཡང་བེམ་པོ་དེ་ལས་རོ་སྐམ་རློན་རྙིད་པ་བྱིས་པ་དར་མ་རྒན་པོ་སོགས་ཀྱི་རོ་ཡི་ཚོགས་རབ་འབྱམས་རྒྱ་མཚོའ་རྡུལ་གྱི་གྲངས་དང་མཉམ་པར་སྤྲོས་ནས་ཡུལ་ཡུལ་ཅན་ལྟར་སྣང་བའི་གནས་རྣམས་ཁེངས་ནས། མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་གདོན་དེ་རྣམས་ལ་བཀྱེས་པས་ཟ་ཞིང་ཚིམ་པར་བསམ་པ་ནི་རོ་འགྱེད་མ་དང་། ཡང་ཁྲོས་མའམ་རྡོ་རྗེ་རྣལ་འབྱོར་མས་བེམ་པོའ་རྐང་པ་གཉིས་ནས་བཟུང་སྟེ་ནམ་མཁའི་དབྱིངས་སུ་ཁྱེར་ཏེ། ལྷ་འདྲེ་དཔག་ཏུ་མེད་པ་རྣམས་འོག་ནས་ཁ་ཡར་ཟེད་དེ་དཔེར་ན་ནས་བརྔས་པའི་སོག་དེ་བྲག་ལྟ་བུ་ཁ་ནག་སག་སག་བྱེད་པ་དེ་རྣམས་ཀྱི་ཁར་བྱིན་བར་དམིགས་ལ་བརྡེབ། ཡང་ན་མདུན་ཏུ་བེམ་པོའ་མགོ་བོ་ཆད་པ་ཁྲོ་ཆུའི་ཕ་ཝཾ་ཆེན་པོ་སྟོང་གསུམ་དང་མཉམ་པར་གྱུར་པའི་སྟེང་དུ་བརྡབས་པས་ཤ་ཁྲག་རུས་པ་རྣམས་སོ་སོར་ཞིག་ནས་དམར་ཐར་ཐར་སོང་བས་ལྷ་འདྲེ་རྣམས་ཀྱིས་ཟོས་པར་དམིགས་པ་ནི་བརྡེབ་པ་མའོ། །ཡང་དམར་འགྱེད་ཀུན་གྱི་རྩ་བར་གྱུར་པ་ལ་གཟན་འགྱེད་
༢༤༥ མ་ནི། བསྲེ་འཕོ་སོགས་གཞུང་ལྟར་ལ་རིག་པའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མས་བེམ་པོ་བཤའ་གཏུབས་གསྲེསྲེག་གསུམ་བྱ་བ་དང་། ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར་ནས། རང་གི་སྐུ་དང་བ་སྤུ་ལས་རང་འདྲ་བའི་རྣལ་འབྱོར་མ་འབྱུང་བཞིའི་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ནས་གནས་ཡུལ་གྱི་གདོན་བགེགས་ལ་སོགས་པ་ལ་བྱིན་པས་ཤ་ཟོས་ཁྲག་འཐུང་རུས་པ་མུར། པགས་པ་གྱོན་ནས་བགྱེས་པའི་གད་མོ་ཧ་སྒྲ་དང་བཞད་པའི་གླུ་དང་བཅས་ཏེ་ཚིམ་པར་བསམ་པ་དང་། ཡང་མཁའ་འགྲོ་དེ་ལས་ཉུང་ཙམ་གྱིས་སྟོང་གསུམ་ཙམ་དུ་བཀྱེ་བར་བསམ་པ་དང་། ཡང་འབུམ་ཕྲག་མང་ཙམ་གྱིས་དེ་ལས་ས་ཁྱོན་ཆུང་ཙམ་དུ་བཀྱེ་བར་བསམ་པ་དང་། ཡང་ཕྱོགས་བཅུར་འབུམ་ཕྲག་བཅུས་བཀྱེས་ནས་ཕཊ་བཅུ་བརྗོད་པ་དང་། ཡང་ཤ་ཁྲག་གིས་འཇིག་རྟེན་ཐམས་ཅད་ཕྱུར་བུར་བཀང་ནས་གདོན་དེ་རྣམས་ཀྱིས་གང་ལ་གང་འདོད་ཀྱི་ཚུལ་དུ་ཧབ་ཐོབ་ཀྱིས་ཟོས་པར་བསམ་མོ། །ཡང་དཀར་འགྱེད་དང་ཁྲ་འགྱེད་དང་ཚོགས་འཁོར་གྱི་འཕྲོས་ལ་ཤ་ཁྲག་གི་རྒྱ་མཚོར་བསྒྱུར་ནས་དེ་ལྟར་དམིགས་ཀྱང་རུང་ངོ་། །གཉིས་པ་སྔར་གྱི་གཅོད་རྒན་རྣམས་ཀྱི་ཞལ་རྒྱུན་གྱི་འཕྲོས་ནི། སྐྱབས་འགྲོའི་སྐབས་མ་གཅིག་ཐུབ་པ་ཡུམ་ཆེན་རྣམས་སུམ་བརྩེགས་སོགས་ཟིན་བྲིས་མང་བའི་ལུགས་བསྒོམ་པ་དང་། ལྷ་བསྐྱེད་སྐབས་གདན་མས་རིམ་ཞེས་པད་ཉི་ཟླ་བ་སོགས་མ་གཅིག་གི་གདན་དང་མཉམ་དུ་དེ་ལས་མཐོ་བའི་གཡས་ཕྱོགས་སུ་པད་ཟླའི་གདན་དང་། དེ་ཐད་གཡོན་ཕྱོགས་སུ་ཆོས་འབྱུང་ཉི་རོའ་གདན་དང་། དེ་གཉིས་ཀྱི་དབུས་ཀྱི་ཆར་ཤིན་ཏུ་མཐོ་བའི་སར་སེང་ཁྲི་རྒྱན་དྲུག་ཅན་གཅིག་ལས་གཅིག་མཐོ་བའི་ཚར་བཞི་བསྒོམ་ཞིང་དེ་ལ་གདན་མས་རིམ་ཞེས་པ་དང་། སེང་ཁྲི་སྟེང་མའི་དབུས་སུ་ཧཱུྃ་
༢༤༦ མཐིང་ཀ་དང་། དེ་འོག་ཁྲི་སྟེང་དབུས་སུ་ༀ་དཀར་པོ་ལ་ཧཱུྃ་སྔོན་པོ། ཏྲཱཾ་སེར་པོ། ཧྲཱིཿདམར་པོ། ཨཱཿལྗང་གུ་བཞིས་བསྐོར་བ་དང་། དེ་འོག་ཁྲི་སྟེང་དུ་མཱུཾ་ཡིག་དམར་སེར། དེ་འོག་ཁྲི་སྟེང་དུ་ཨ་དཀར་པོའམ་སེར་པོ་བསྒོམ་པའང་འདུག་གོ །དེ་འོག་པད་གདན་གྱི་སྟེང་དུ་ཧཱུྃ་དཀར་པོ་བསྒོམ་སྟེ་འདི་ས་བོན་མས་རིམ་ཡིན་གསུང་། དབུས་ཀྱི་ཧཱུྃ་ཡིག་དེ་མ་གཅིག་ཏུ་བསྒོམ་པ་ནས་བཟུང་སྟེ་སྟེང་དུ་ཧཱུྃ་ཡིག་སྔོན་པོ་དེ་རྡོ་རྗེ་འཆང་གི་བར་དུ་བསྒོམ་པ་ནི་ལྷ་ཡས་རིམ་ཡིན་གསུངས། གཞན་རྣམས་སྔ་མ་དང་མཚུངས། ཡང་སྡིག་སྦྱོང་སྐབས་མ་གཅིག་གི་ཐུགས་སྲོག་ཧཱུྃ་ལ་ག་ཏེའི་སྔགས་ཕྲེང་དང་། ཡུམ་ཆེན་མོ་ལའང་དེ་བཞིན་ག་ཏེ་སོགས། གཞན་ལྷ་རྣམས་དེའི་རིགས་འགྲེས་པའི་རང་སྔགས་བཀོད་ཅིང་བསྐོར་བའི་ལུགས་ཀྱང་གསུང་རྒྱུན་འགའ་རེ་ལ་འདུག །འདི་ལ་འགའ་ཞིག་གིས་དགག་པ་མཛད་འདུག་ཀྱང་བདག་གིས་ནི་སྤང་བླངས་མེད་པར་གསུང་རྒྱུན་ནི་ཡིན་འདུག་པས་ཁམས་དྭངས་ཤིང་དལ་བའི་སྐབས་རྣམས་སུ་དེ་ལྟར་དམིགས་པ་དང་། དུས་རྒྱུན་གཙོ་ཆེར་དྲུང་རིན་པོ་ཆེའི་ཟིན་བྲིས་གོང་དུ་སྨོས་པ་དམིགས་པ་ཡིན་ནོ། །ཡང་འགྱེད་ཀྱི་སྐབས་སུ་གསུང་རྒྱུན་ལ་འགྱེད་ཚུལ་དྲུག་ཏུ་གསུངས་པ་དང་། དྲུང་རིན་པོ་ཆེའི་ཟིན་བྲིས་ལའང་དེ་ལྟར་གནང་འདུག་པ། འདི་གཉིས་གནད་ཤིན་ཏུ་གཅིག་པས་བདག་ཀྱང་དེའི་རྗེས་སུ་འབྲང་བའོ། །ཡང་དྲུང་གི་ཟིན་བྲིས་དང་གསུང་རྒྱུན་རྣམས་སུ་གཅོད་ཚོགས་ཀྱི་སྤྱི་ཆིངས་སུ་ཐོག་མར་སེམས་བསྐྱེད་ཅིང་མགྲོན་བསྡུ་བ་དང་གཅིག །སྐྱབས་ཡུལ་བསྒོམ་ཞིང་ཚད་མེད་བཞི་ལ་བློ་སྦྱོང་ཞིང་ཚོགས་ཞིང་སྤྱན་འདྲེན་པ་དང་གཉིས། ཡན་ལག་བརྒྱད་པས་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་དང་གསུམ། ལུས་སེམས་ཕྲལ་ཞིང་མཎྜལ་འབུལ་བ་དང་བཞི། ལུས་མཆོད་པ་
༢༤༧ འབུལ་བའི་སྦྱིན་པ་བཏང་བ་དང་ལྔ། གསོལ་བ་འདེབས་ཤིང་བྱིན་ཕབ་པ་དང་དྲུག །བསྔོ་བ་སྨོན་ལམ་གྱིས་མཇུག་བསྡུ་བ་དང་བདུན་ན་སྔོན་དངོས་རྗེས་གསུམ་གྱི་ཆོ་གའི་གོ་རིམ་ཐམས་ཅད་ཚང་བར་བསྟན་པ་ཡིན་ལ། འགྱེད་ཚུལ་བདུན་དུ་གསུངས་པའི་རྒྱུན་དང་ཡིད་གཏད་ཕེར་བའི་ཡིག་ཆའང་རྙེད་དཀའ་བ་དང་། དེར་མ་ཟད་འགྱེད་ཚུལ་གྱི་ས་བཅད་དེའང་དཀར་འགྱེད་མགོན་བཞི་མའི་སྐབས་གོང་གི་བདུན་པོའ་ས་བཅད་དང་འགྲིགས་དཀའ་བ་སོགས་འདི་ཡིན་གྱི་ངོས་བཟུང་མི་འདུག་པས་བཏང་སྙོམས་སུ་བཞག་གོ །ཡང་ཌཱ་ཀི་བྱིན་འབེབས་ཀྱི་སྐབས་སུ་རྡོ་རྗེ་ཕག་མོ་རིགས་བཞི་མཁའ་འགྲོ་དང་སྐུ་དང་ཕྱག་མཚན་སོགས་ལས་སྤྲུལ་པའི་རིགས་ལྔའི་མཁའ་འགྲོ་གྲངས་མེད་དང་ཕྱོགས་བཞི་དབུས་དང་ལྔ་ལས་དེ་འདྲ་བའི་རིགས་ལྔ་འབུམ་ཕྲག་མང་པོ་སྤྱན་དྲངས་ནས་སྐྱབས་ཡུལ་གྱི་འཁོར་དུ་བཞུགས་པ་ལ། དད་མོས་དྲག་པོས་གསོལ་བ་བཏབ་པས་འབུམ་ཕྲག་ཡངས་པའི་མཁའ་འགྲོ་དེ་རྣམས་ས་གཞིར་བཞུགས་པས་ཕྱི་ནང་སྣོད་བཅུད་བྱིན་གྱིས་བརླབས་པ་སོགས་དང་། རང་རྣལ་འབྱོར་མའི་ཐུགས་ཀ་ནས་རིགས་ལྔ་ཌཱ་ཀི་འབུམ་ཕྲག་བཅུ་སྤྲོས་ནས་ཐོད་པ་བདུད་རྩིས་གང་བ་ཐོགས་ཏེ་སྔར་གྱི་ཌཱ་ཀི་དེ་རྣམས་མཆོད་པར་དམིགས་པ་དང་། ཌཱ་ཀི་འབུམ་ཕྲག་བཅུ་པོ་ཡང་འབུམ་ཕྲག་གཅིག་ཏུ་བསྡུས་ནས་རང་རྣལ་འབྱོར་མ་དང་དབྱེར་མེད་དུ་བྱས་ཏེ་འོག་གི་མཆོད་སྦྱིན་སྐབས་སུ་སླར་ཡང་རང་ལས་དེ་འདྲ་གྲངས་མེད་དུ་སྤྲུལ་ནས་མཆོད་པ་བྱེད་པའི་ལུགས་ཀྱང་འདུག་གོ །ཡང་རྣམ་ཤེས་སྤར་བ་དང་བསྲེ་བའི་སྐབས་བསྲེ་བ་མི་བྱ་བ་ནི། སྨྱོན་པའི་རྣམ་ཤེས་མི་སྤར། སྦྲུམ་མའི་རྣམ་ཤེས་མི་སྤར། མཛེ་ཕོ་དང་ནད་ངན་སོགས་ཀྱི་རྣམ་ཤེས་མི་བསྲེ་བའི་གསུང་རྒྱུན་ཀྱང་འདུག་གོ །དེ་ལྟར་ཚོགས་ལས་གཞུང་
༢༤༨ གི་དམིགས་ཐུན་ནི་དྲུང་རིན་པོ་ཆེའི་ཟིན་བྲིས་དང་སྔར་ནས་དཔར་གྱི་ཁྲིད་རྒྱུན་ཡོད་པ་གཉིས་གཞིར་བཞག་ཡིན་པ་བདག་གི་སློབ་དཔོན་གྱིས་སྔར་ཀུན་མཁྱེན་སི་ཏུ་རིན་པོ་ཆེར་གཅོད་སྐོར་སྣ་ཚོགས་བེ་བུམ་གྱི་ལུང་དང་། ལྕགས་རྡོར་མ་རི་སྐོར་སོགས་ཀྱི་ཁྲིད་ལུང་ཕུལ་སྐབས་སུ་སྐུ་ཞབས་ཀུན་མཁྱེན་ཆེན་པོའ་ཞལ་སྔ་ནས་གཅོད་སྐོར་འདི་ལ་དྲུང་ཀུན་དགའ་རྣམ་རྒྱལ་གྱི་གསུང་རྒྱུན་དང་ཟིན་བྲིས་འདི་རྣམས་གཙོ་བོར་བཏོན་དགོས་ཤིང་འཆད་ཉན་ཀྱང་འདི་ལ་བྱེད་དགོས། གཞན་གཅོད་ཀྱི་ཟིན་བྲིས་ཀྱི་ཡིག་ཆ་མང་དུ་ཡོད་ཀྱང་ཕལ་ཆེར་ལ་ངེས་ཤེས་འདྲོངས་དཀའ་གསུང་ལྟར་བདག་གི་སློབ་དཔོན་གྱིས་ཀྱང་དེ་ཕྱིན་ཆད་ནས་དེ་ལྟར་དུ་མཛད་པས་འདི་དེའི་ལུགས་ཡིན་ལ། དམར་འགྱེད་སྣ་ཚོགས་ཀྱང་བན་སྒར་བའི་གསུང་དང་གཞན་ལུགས་འགའ་ལའང་མང་དུ་ཡོད་འདུག་པ་དང་། གསུང་རྒྱུན་ལའང་ལུས་སྦྱིན་སོགས་དྲག་ལས་ཀྱི་སྐབས་འདིར་ཁ་འཕང་མཛད་འདུག་པ་དེ་ལྟར་ཡིན་ལགས། ཡང་ལམ་མཆོག་བདུད་ཀྱི་གཅོད་ཡུལ་ཟིན་བྲིས་རྒྱས་པར་བཀྲལ་བ་ཞེས་བྱ་བ་དེའི་ལུང་ཁྲིད་སོགས་ཀྱི་རྒྱུན་ཡོད་བཞིན་དེ་ལུགས་མ་བཅོས་པར་ཉམས་སུ་བླངས་པས་འཐུས་ཤིང་། གཞན་ཁ་འཕང་གང་ཡང་མི་དགོས་སོ། །སྤྱིར་གདམས་པ་བདུད་ཀྱི་གཅོད་ཡུལ་ཟབ་མོ་འདི་ཉིད་ཉན་རང་སོགས་ཐེག་པ་འོག་མ་རྣམས་ཀྱིས་ཀྱང་གང་ཟག་བདག་མེད་ཀྱི་དོན་ཕྱོགས་མཚོན་ཙམ་རྟོགས་ཤིང་། བར་བ་མཚན་ཉིད་མེད་པའི་འཁོར་ལོ་ཤེར་ཕྱིན་གྱི་མདོ་རྣམས་ནས་ཆོས་དང་གང་ཟག་གཉིས་ཀའི་བདག་འཛིན་བཟློག་ནས་ཟབ་མོ་སྟོང་པ་ཉིད་ནམ་མཁའ་ལྟ་བུའི་དོན་སྟོན་ཅིང་བྱང་སེམས་འཕགས་པ་རྣམས་ཀྱི་ཐུགས་ལ་འཁྲུངས་ཤིང་། ཐ་མ་ངེས་དོན་གཏན་ལ་འབེབས་པའི་མདོ་སྡེ་རྣམས་ལས་བདེ་གཤེགས་སྙིང་པོ་གཞོམ་གཞིག་བྲི་
༢༤༩ གང་དང་བྲལ་བའི་ཡེ་ཤེས་སྙིང་པོ་མངོན་སུམ་དུ་བསྟན་པའི་འཕགས་བཞི་སྐྱེད་བྱེད་ཡུམ་ཆེན་མོའ་དགོངས་དོན་དེ་བཞིན་ཏུ་སྔགས་གསར་རྙིང་གི་རྒྱུད་སྡེ་རྣམས་ནས་ཀྱང་གདོད་མའི་ཟུང་འཇུག་བདེ་བ་ཆེན་པོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མངོན་དུ་བྱེད་པའི་དོན་དང་། དེའི་ཐབས་གསང་སྤྱོད་རིག་སྤྱོད་སོགས་ཐབས་ཤེས་ལམ་གྱི་ཆ་ཐམས་ཅད་ཀྱང་རྫོགས་པར་བསྟན་པའི་ཟབ་མོའ་དོན་འདི་ཉིད་ཡིན་ལ་ཡིན་བཞིན་ཤེས་པའི་སྒོ་ནས་སྙིང་ནས་ཉམས་སུ་བླང་བར་བྱ་དགོས་ཤིང་། དེ་ལྟར་མ་ཡིན་པའི་ཚེ་འདིའི་ནད་གདོན་རྐྱེན་ངན་ཞི་བ་ཙམ་དང་རྙེད་བཀུར་འདོད་ཡོན་སོགས་ཀྱི་དོན་ཡིན་པར་རློམ་ནས་ཉམས་ལེན་ཕྲན་བུ་བྱས་ཀྱང་གཅོད་ཀྱི་གོལ་ས་གསུམ་གྱི་ལམ་དུ་སོང་ཞིང་བདག་འཛིན་བདུད་བཞི་སོགས་ལྷ་འདྲེ་དྲུག་ལམ་དུ་མི་སློང་བས་དེ་ལྟར་མ་ཡིན་པར་དང་པོ་ཚེ་འདིའི་འདོད་ཡོན་བདེ་སྐྱིད་སོགས་བདུད་བཞིའི་རྒྱུར་གྱུར་བའི་ཆགས་ཞེན་གྱི་འཁྲི་བ་ཀུན་གཅོད་ཅི་ཐུབ་དང་། བར་དུ་ལས་ཉོན་འཁྲུལ་པའི་རྣམ་རྟོག་ཀུན་གཅོད་ཅི་ནུས་དང་། ཐ་མ་སྙེམས་བྱེད་གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན་དབྱིངས་སུ་བཅད་ནས། འོད་གསལ་ཆོས་སྐུ་སྐྱེ་བ་མེད་པ་ཡུམ་ཆེན་མོའ་དགོངས་པ་མངོན་སུམ་དུ་རྟོགས་ནས་མངོན་པར་རྫོགས་པ་སངས་རྒྱས་པ་དང་། གནས་སྐབས་སུའང་ཕྲིན་ལས་རྣམ་བཞིས་འགྲོ་དོན་དཔག་མེད་འབྱུང་བ་ཞིག་དགོས་པར་གསུངས་པས་དེ་བཞིན་ཉམས་སུ་བླང་བར་བྱའོ། །དེ་ལྟར་གཅོད་ཀྱི་ཟིན་བྲིས་རྣམ་གསལ་འདིའང་བསྟན་འགྲོའི་དཔལ་མགོན་དམ་པ་སྙིང་པོ་དོན་གྱི་སྒྲུབ་བརྒྱུད་ཟུར་མང་བཀའ་བརྒྱུད་ཀྱི་གཙུག་རྒྱན་འདྲེན་མཆོག་གར་དབང་མཆོག་གི་སྤྲུལ་སྐུའི་ཞལ་སྔ་ནས་འདི་ལྟར་བགྱིད་དགོས་པའི་བཀའ་གནང་ཡིད་བཞིན་དབང་གི་རྒྱལ་པོ་སྤྱི་བོའ་རྒྱན་
༢༥༠ དུ་བཀོད་ནས་བན་རྒན་བསྟན་འཛིན་རྣམ་དག་གིས་བགྱིས་ཤིང་། ན་ཚོད་དང་མིག་དབང་མི་གསལ་བས་ངག་ནས་རིམ་པར་སྨྲས་རིམ་བཞིན་ཤཱཀྱའི་བཙུན་ཆུང་ཡེ་ཤེས་དབང་ལྡན་གྱིས་ཡི་གེར་བྲིས་ཤིང་འདུ་བགྱིས་པའི་དགེ་བས་རྒྱལ་བསྟན་སྤྱི་དང་སྙིང་པོ་དོན་གྱི་བསྟན་པ་དར་ཞིང་། བསྟན་འཛིན་རྣམས་ཞབས་པད་ཡུན་དུ་བརྟན་ཅིང་ཁྱད་པར་མཆོག་གི་བླ་མ་དམ་པ་འདི་ཉིད་འགྱུར་མེད་རྡོ་རྗེའི་ཁྲི་ལ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཕྲིན་ལས་རྣམ་བཞིས་མཁའ་ཁྱབ་ཀྱི་འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་རྒྱས་ཤིང་། སྒྲུབ་བརྒྱུད་སྙིང་པོའ་བསྟན་པ་ནམ་མཁའི་མཐའ་ཀླས་སུ་འཕེལ་པའི་རྒྱུར་གྱུར་ཅིག། །།དགེའོ།། །།


Notes


Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.