Tibetan:བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཡོན་ཏན་གྱི་ཁྲིད་འཆི་མེད་རྡོ་རྗེའི་སྐུ་ ་ ་ ་
(Redirected from Tibetan:བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཡོན་ཏན་གྱི་ཁྲིད་འཆི་མེད་རྡོ་རྗེའི་སྐུ་ ་ ་ ་)
Jump to navigation
Jump to search
བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཡོན་ཏན་གྱི་ཁྲིད་འཆི་མེད་རྡོ་རྗེའི་སྐུ་ ་ ་ ་
bcom ldan 'das mgon po tshe dpag med yon tan gyi khrid 'chi med rdo rje'i sku sgrub par byed pa
Damngak Dzö Volume 16 (མ་) / Pages 427-445 / Folios 1a1 to 10a7
bcom ldan 'das mgon po tshe dpag med yon tan gyi khrid 'chi med rdo rje'i sku sgrub par byed pa
Damngak Dzö Volume 16 (མ་) / Pages 427-445 / Folios 1a1 to 10a7
Tibetan Text
XXX
བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཡོན་ཏན་གྱི་ཁྲིད་འཆི་མེད་རྡོ་རྗེའི་སྐུ་སྒྲུབ་པར་བྱེད་པ་བཞུགས་སོ། །
XXX
རིན་ཆེན་བྱེ་བས་ཀུན་ནས་བརྒྱན་པའི་སྐུ། པདྨ་རཱ་གའི་ལྷུན་པོ་ལྟར་བརྗིད་ཅིང༌། །ཐུན་མཚམས་ཉི་མ་འབུམ་གྱི་གཟི་འོད་ཅན། འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཆུ་སྐྱེས་ཟླ་བའི་སྐྱིལ་ཀྲུང་མཛོད་འཛིན་ཅིང༌། །མཉམ་བཞག་སྟེང་ན་བུམ་བཟང་བདུད་རྩིས་བཀང༌། །འཛུམ་བཅས་ཞི་བའི་ཞལ་བསྟན་མཚན་དཔེས་བརྒྱན། །མགོན་པོ་འོད་དཔག་མེད་དེས་བདག་སྐྱོངས་ཤིག །མགོན་པོ་དེ་ཡི་ཡེ་ཤེས་འོད་བྱེད་པས། །དཔལ་ལྡན་མི་ཏྲའི་འདབ་སྟོང་ཡོངས་རྒྱས་ཤིང༌། །མན་ངག་སྦྲང་རྩིའི་དགའ་སྟོན་གཅིག་བརྒྱུད་དུ། །མཁས་ལ་དབང་བ་ཤྲཱི་པུ་ཏྲས་སོ། །དེ་ནས་དེ་ཡི་བུམ་བཟང་བདུད་རྩིའི་མཆོག །གང་བྱོས་ཚུལ་དུ་གྲགས་པའི་མཚན་ཅན་ལ། །ལེགས་པར་བརྒྱུད་པའི་བདུད་རྩིའི་སྦྲང་རྒྱུན་ནི། །བདག་གིས་འཐུང་བས་བརྒྱུད་ཀྱི་བདུད་རྩི་བལྟམས། །ཞེས་བྱའོ། །དེ་ཡང་འདིར་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་
XXX
ཡོན་ཏན་གྱི་ཁྲིད། འཆི་མེད་རྡོ་རྗེའི་སྐུ་སྒྲུབ་པར་བྱེད་པ་ལ་དོན་རྣམ་པ་བཞི་སྟེ། དང་པོ་གདམས་པའི་འདིའི་བརྒྱུད་པའི་བྱུང་ཚུལ་ནི། རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛཱ་ཀིས། སོ་ས་གླིང་གི་དུར་ཁྲོད་དུ་ཐུགས་དམ་ལྷ་ལྔ་བསྒྲུབས་པས། དེ་དག་གིས་ཞལ་མངོན་སུམ་དུ་གཟིགས་ཤིང༌། སོ་སོའི་ཁྲིད་ཀྱི་རིམ་པ་གསུངས་ནས། །མི་རབས་བདུན་གྱི་བར་དུ་བདག་ཅག་གིས་བྱིན་གྱིས་བརླབས་པའི་གང་ཟག་ལས་ཅན་ཤ་སྟག་འབྱུང་ངོ་ཞེས་གསུངས་པ་ཡིན་ནོ། །དེ་ནས་གདམས་པ་གཅིག་བརྒྱུད་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱིས་མི་ཏྲ་ཛཱ་ཀི་ལ་གསུངས། དེས་པཎྜིཏ་ཤྲཱི་པུ་ཏྲ་ལ། དེས་གྲགས་པ་རིན་ཆེན་ལ། དེས་བུདྡྷ་ཤྲི་ལའོ། །དེ་དག་གིས་བརྒྱུད་པའི་བྱུང་ཚུལ་སོངས་ནས། གཉིས་པ་སྔོན་འགྲོ་ལ་གཉིས། ཐུན་མོང་གི་སྔོན་འགྲོ་དང༌། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ཐུན་མོང་གི་སྔོན་འགྲོ་ནི། དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་
XXX
པ། ལས་རྒྱུ་འབྲས་ཀྱི་དོན་བསམ་པ་འཁོར་བའི་ཉེས་དམིགས་བསྒོམས་པ་སྟེ་བཞི་ནི་ཐུན་མོང་གི་སྔོན་འགྲོའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་བཞི། དང་པོ་ཅི་བྱས་ཐར་པའི་ལམ་དུ་འགྲོ་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད་ནི། རང་གི་སྤྱི་གཙུག་གི་ནམ་མཁར་རིན་པོ་ཆེ་དུ་མ་ལས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། རྨ་བྱས་བཏེགས་པའི་སྟེང་དུ། རབ་རྒྱས་པདྨ་འབུམ་ལྡན་དང་ཟླ་བའི་སྟེང་དུ་རང་གི་རྩ་བའི་བླ་མ་འོད་དཔག་མེད་ཀྱི་རྣམ་པ་ཅན། ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལུགས་ཀྱིས་གནས་པ་ལ་བཀའ་བརྒྱུད་བླ་མས་བསྐོར་བ། མདུན་དུ་ཡི་དམ་རྒྱ་མཚོ། གཡས་སུ་སངས་རྒྱས་རྒྱ་མཚོ། རྒྱབ་ཏུ་གསུང་རབ་རྒྱ་མཚོ། གཡོན་དུ་དགེ་འདུན་རྒྱ་མཚོ། འོག་ཏུ་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོས་གང་ཞིང༌། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་ཕུང་འཐིབས་པ་ལྟར་གཏིབས་པའི་སྐྱབས་ཞབས་ན། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཚུད་པར་བསམ་ཞིང༌། ཐམས་ཅད་མོས་པ་དང་ལྡན་པས་སྐྱབས་འགྲོ་ཀུ་དི་རི་རི་བྱེད་པར་བསྒོམས་ལ། སྐྱབས་སུ་འགྲོ་བར་བྱའོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །མཐར་དེ་དག་འོད་དུ་ཞུ་ནས་རང་ལ་ཐིམ་པས། ལུས་ངག་ཡིད་གསུམ་མ་བཅོས་པར་རྟོག་མེད་དུ་ཕྱམ་མེ་བ། འཛིན་མེད་དུ་ཤིག་གེ་བ། གསལ་སྟོང་དུས་ས་ལེ་བ། ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་པ་ནི་དོན་གྱི་སྐྱབས་འགྲོའོ། །གཉིས་པ་སྡིག་སྒྲིབ་དག་བྱེད་ཧྲཱིཿཡིག་བཞི་སྦྱོར་གྱི་ཁྲིད་ནི། རང་གི་སྤྱི་བོའི་ཧྲཱིཿཡིག་དམར་པོ་ཚེག་དྲག་དང་བཅས་པ་ལ་བདུད་རྩི་འོ་མའི་རྒྱུན་ལྟ་བུ་དཀར་ནར་ར་ར་བབས་པས། ལུས་ཀྱི་ནང་
XXX
གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུའི་རྣམ་པར་དེད་ནས། རྩ་སྒོ་ཆུ་སྒོ་སེན་མོའི་བར་ནས་བུད་དེ། ས་རིམ་པ་དགུའི་ཞབས་སུ་སོང་ཞིང༌། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་དཀར་ལྟེམ་གྱིས་གང་བར་བསྒོམ་པ་ནི་སྡིག་པ་དག་བྱེད་ཀྱི་སྦྱོར་བའོ། །གཉིས་པ་ནད་དག་པར་བྱེད་པའི་སྦྱོར་བ་ནི། ཚད་པའི་ནད་ལ་བདུད་རྩི་གངས་ཆུ་དང༌། ག་བུར་གྱི་ཆུ་ལྟ་བུ་བསིལ་བའི་རང་བཞིན་ཅན། གྲང་བའི་ནད་ལ་བདུད་རྩི་ཁྲོ་ཆུ་ཁོལ་མ་ལྟ་བུ་ཚ་བའི་ངད་དང་ལྡན་པ། འདུས་པའི་ནད་ལ་ཞུན་མར་ལྟ་བུ་བདོ་བའི་རང་བཞིན་ཅན་བབས་པས་ནད་ཐམས་ཅད་ཞི་བར་བསྒོམ་མོ། །གསུམ་པ་གདོན་དག་པར་བྱེད་པའི་སྦྱོར་བ་ནི་ཧྲཱིཿཡིག་ལས་རྟ་མགྲིན་སྐུ་ཆུང་ལ་ཡན་ལག་དོད་པ། ཕྱག་མཚན་དང་བཅས་པ། མེ་དཔུང་འབར་ཞིང་མང་པོ་བྱུང་ནས་ལུས་ཀྱི་ནང་གང་གདོན་ཐམས་ཅད་བསྲེག་བཅོམ་ནས། རྩ་སྒོ་ཆུ་སྒོ་བ་སྤུའི་སྒོ་རྣམས་ནས། སྡོམ་དང་སྡིག་པའི་རྣམ་པར་བུད་པར་བསྒོམ་མོ། །བཞི་པོ་འོད་ཟེར་གྱི་སྦྱོར་བ་བྱེད་པ་ནི་ཧྲཱིཿཡིག་ལས་འོད་ཟེར་ཁ་དོག་སྣ་ལྔ་དང་ལྡན་པས། ཉི་མ་སྟོང་གི་འོད་ལྟ་བུ་འཕྲོས། ལུས་ཀྱི་ནང་གང་ནས། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས་ཤིང་ཕྱི་རོལ་ཏུ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་རྣམས་སྦྱངས་བར་བསྒོམ། དེ་དག་གི་སྐབས་སུ་ངག་ཏུ་ཧྲཱིཿཞེས་འདོན་པར་བྱའོ། །མཐར་རང་ལུས་འོད་དུ་ཞུ་ནས་ཧྲཱིཿལ་ཐིམ། ཧྲཱིཿནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་ཀྱི་ངང་ལ། ལུས་གནད་ལྟ་སྟངས་དང་ལྡན་པར་བཞག་པ་ནི་དོན་གྱི་གཤགས་པའོ། །གསུམ་པ་ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་
XXX
གྱི་ཁྲིད་ནི་གཉིས་ཏེ། དང་པོ་སྒྲུབ་པའི་མཎྜལ་ནི། གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར་བའི་རི་བོ་མཆོག་རབ་ཀྱི་སྟེང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གི་ནང་དུ། སྐྱབས་སུ་འགྲོ་བའི་དམིགས་ཡུལ་བསྒོམས་པ་ལྟར་བསྐྱེད་ལ་མེ་ཏོག་གི་ཚོམ་བུ་བཀོད། དེ་ནས་མཎྜལ་གཉིས་ཡོད་ན་དེ་ཉིད་དུ་བཞག་ལ། མཆོད་པའི་མཎྜལ་མདུན་དུ་མཆོད། གཉིས་མེད་ན། ལྷ་དེ་དག་བར་སྣང་ལ་བཏེགས་ལ། སྒྲུབ་པའི་མཎྜལ་བསྒྲུབ་སྟེ། རི་རབ་གླིང་བཞི། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་ཕྱི་ནང་གི་མཆོད་པའི་ལྷ་མོ་དུ་མ་བློས་སྤྲུལ་ནས། མཎྜལ་སྤྱི་ལྟར་ལན་ཉི་ཤུ་རྩ་གཅིག་གི་བར་དུ་འབུལ་ལོ། །དེས་ནི་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་དོ། །མཐར་མཆོད་ཡུལ་གྱི་ལྷ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་མ་བཅོས་པའི་ངང་ལ་མཉམ་པར་བཞག་གོ །དེ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བཞི་པ་བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། རང་གི་སྤྱི་བོའི་གཙུག་ཏུ་རིན་པོ་ཆེ་དུ་མ་ལས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། སྣ་ཚོགས་པདྨ་འབུམ་ལྡན་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྩ་བའི་བླ་མ་འོད་དཔག་མེད་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་སུ་བཞུགས་པ། དེའི་སྤྱི་བོར་པཎ་ཆེན་ཤྲཱི་པུཏྲ། དེའི་སྤྱི་བོར་གྲུབ་ཐོབ་མིཏྲ་ཛྭ་ཀི གཡས་ཌཱ་མ་རུ། གཡོན་དྲིལ་བུ། སྤྱན་ནམ་མཁར་གཟིགས་པ། སྐུ་ལ་རས་ཀྱི་ཨངྒ་རག་སྨད་གཡོགས་ཅན། རུས་པའི་རྒྱན་དྲུག་འཁྲོལ་བ། དེའི་སྤྱི་བོར་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་
XXX
པ། བླ་མ་དེ་དག་འཇའ་འོད་ཀྱི་དབུས་ན་སྐུ་གཟི་མདངས་དང་བཅས་པ། གསུང་ཚངས་དབྱངས་དང་བཅས་པ། ཐུགས་བྱིན་རླབས་དང་བཅས་པའི་རང་བཞིན་དུ་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཁར་ཧཱུྃ་མཐིང་ཁ། ལྟེ་བར་ཧོ་སེར་པོ་ལས་འོད་འཕྲོས་པས། ཕྱོགས་བཅུའི་རྩ་བརྒྱུད་ཀྱི་བླ་མ་རྣམས་དང༌། ཡི་དམ་དཀོན་མཆོག་གསུམ། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་འོད་ཟེར་གྱིས་སྤྱན་དྲངས་ནས། བླ་མ་དེའི་སྐུ་གསུང་ཐུགས་ཀྱི་སྤྱི་བོ། མགྲིན་པ། སྙིང་ཁ། ལྟེ་བ། གསང་གནས་རྣམས་སུ་ཐིམ་པར་བསྒོམ། བླ་མ་ཀུན་འདུས་ཀྱི་ངོ་བོར་བསམ་ལ་མཎྜལ་ཕུལ། གསོལ་བ་གདབ་ནས་དབང་བསྐུར་ཞུ་བ་ནི་བཞི་ལས། དང་པོ་འོད་ཟེར་གྱི་སྦྱོང་བ་ནི། བླ་མ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཁར་ཧཱུྃ་ཡིག་སྔོན་པོ། ལྟེ་བར་ཧོ་ཡིག་སེར་པོ་བཞི་ལས་འོད་ཟེར་རིམ་པ་བཞིན་དུ་དཀར་དམར་མཐིང་སེར་ཕྱུང་ནས། རང་གི་གནས་བཞིར་ཕོག་པས། གནས་སྐབས་བཞིའི་སྒྲིབ་པ་ཐམས་ཅད་སྦྱོང་ནས་དབང་བཞི་ཐོབ་པར་བསྒོམ་མོ། །བླ་མའི་གནས་བཞིའི་ཡི་གེ་བཞི་ལས། བདུད་རྩི་འོ་མའི་རྒྱུན་ལྟ་བུ་དང༌། པདྨ་རཱ་ག་ཞུ་བའི་རྒྱུན་ལྟ་བུ་དང༌། མཐོན་མཐིང་ཞུ་བ་ལྟ་བུ་དང༌། གསེར་ཞུན་ལྟ་བུ་བཞི་བྱུང་ནས། རིམ་གྱིས་རང་གི་སྤྱི་བོ་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་གང༌། སྒྲིབ་པ་བཞི་དག །དགའ་བ་བཞིའི་ཡེ་ཤེས། དབང་བཞི་ཐོབ། སྐུ་བཞི་མངོན་དུ་བྱས་པར་བསྒོམ་མོ། །གསུམ་པ་ཡིག་འབྲུ་བརྟན་པར་བྱེད་པ་ནི། ཡིག་འབྲུ་བཞི་
XXX
རིམ་གྱིས་གདན་དང་བཅས་པ་རྦད་ཀྱིས་ཆད་ནས་རང་གི་གནས་བཞིར་ཐིམ་པར་བསྒོམ་མོ། །དེས་ཀྱང་སྒྲིབ་པ་བཞི་དག །དགའ་བ་བཞི་སྐྱེས། དབང་བཞི་བརྟན། སྐུ་བཞི་མངོན་དུ་བྱས་པར་བསྒོམ་མོ། །བཞི་པ་ཡོངས་རྫོགས་ཀྱི་དབང་ནི། བརྒྱུད་པའི་བླ་མ་རྣམས་རིམ་གྱིས་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་ནས། སེམས་ཉིད་མ་བཅོས་པའི་ངང་ལ་ལྷོད་ཀྱིས་གློད་ལ་རིག་པ་རྟོག་མེད་འཛིན་མེད་དུ་ཤིག་གེ་བཞག་གོ །དེ་ནི་བླ་མེད་དོན་གྱི་རྣལ་འབྱོར་རོ། །གསུམ་པ་བསྐྱེད་པའི་རིམ་པའི་ཁྲིད་ལ་བཞི་སྟེ། དང་པོ་སྲུང་བའི་འཁོར་ལོ་བསྒོམ་པ་ནི། སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཧྲཱིཿས་མཚན་པ། དེ་ལས་འོད་འཕྲོས། འོག་རྡོ་རྗེ་ས་གཞི། ཕྱོགས་རྡོ་རྗེའི་ར་བ་དང་དྲྭ་བ། སྟེང་རྡོ་རྗེའི་གུར་དང་བླ་རེ། ཕྱི་རོལ་མཚོན་ཆ་སྣ་ཚོགས་ཀྱིས་གང་ཞིང༌། ཡེ་ཤེས་ཀྱི་མེ་འབར་བའི་རང་བཞིན་དུ་གྱུར། དེའི་དབུས་སུ་ཧྲཱིཿལས་རང་ཉིད་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས། ཞབས་གཉིས་པད་ཉིའི་གདན་ལ་བརྐྱང་བསྐུམ་གྱིས་བཞུགས་པ། ཕྱག་གཡས་བེ་ཅོན་ནམ་མཁར་གདེངས་པ། གཡོན་པ་སྡིགས་མཛུབ་ཐུགས་ཀར་བསྒྲེངས་པ། ཞལ་གདངས་ཤིང་ལྗགས་འདྲིལ་བ། རྣོ་ཞིང་དཀར་བའི་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་དམར་ལ་གཡོ་བ། སྨིན་མ་དབུ་སྐྲ་འབར་བ། སྤྱི་གཙུག་རྟ་མགོ་ལྗང་ཞུར་རྔོག་མ་ལེ་བརྒན་མེ་ལྟར་འབར་བ། སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་དང་རིན་པོ་ཆེ་དུ་མས་བརྒྱན་པ།
XXX
བསྐལ་པའི་མེ་ཆེན་འབར་བའི་དབུས་ན་བཞུགས་པར་བསམ་ལ། སྐུ་དེ་ལས་དེ་ལྟ་བུའི་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་ནས། གདོན་བགེགས་ཐམས་ཅད་བཅོམ་ཞིང་བསྲེགས་ནས། སྲུང་འཁོར་གྱི་ཕྱི་རོལ་དུ། ཞལ་ཕྱིར་གཟིགས་ནས་བར་ཆད་བསྲུང་བའི་ཚུལ་དུ་ཐམ་འགགས་སུ་བཞུགས་པ། གཞན་རྣམས་ཞལ་ནང་དུ་གཟིགས་ནས། བསྲུང་བར་མཛད་ཅིང་ཐམ་འགགས་སུ་བཞུགས་པར་བསྒོམ་པ་ནི། སྲུང་འཁོར་གྱི་ཁྲིད་རིམ་མོ། །གཉིས་པ་དངོས་གཞིའི་སྒོ་ནས་འཆི་མེད་རྡོ་རྗེའི་ཚེ་བསྒྲུབ་པའི་ཁྲིད་ནི། ཚད་མེད་བཞི་སྔོན་དུ་འགྲོ་བས། རང་ཐ་མལ་པར་གནས་པའི་ལུས་ཀྱི་ནང་སྟོང་དམར་སེང་བ་བསྒོམ། སྤྱི་བོར་རིན་པོ་ཆེ་དུ་མ་ལས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། པདྨ་འབུམ་ལྡན་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿལས་འོད་འཕྲོས། དོན་གཉིས་བྱས་ཚུལ་འདུས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་ཅན། ཕྱག་གཉིས་མཉམ་བཞག་གི་སྟེང་ན། འཆི་མེད་རྡོ་རྗེའི་ཚེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་བཀང་བ་འཛིན་པ། སྤྱན་དཀྱུས་དང་སྨིན་དཀྱུས་རིང་ཞིང༌། མཛོད་སྤུ་དཀར་པོས་བརྒྱན་པ། དབུ་སྐྲ་རལ་པའི་ཐོར་ཅོག་དང་ཅོད་པན་ཅན། རིན་པོ་ཆེ་སྣ་ལྔའི་རྩེ་ཕྲན་དང་སྙན་ཆ། མགུལ་རྒྱན་དང་ཕྱག་གདུབ། འོག་པག་དང་ཞབས་གདུབ། དར་གྱི་ཅོད་པན་དང་མུ་ཏིག་སྣ་ལྔས་བརྒྱན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཟེར་གྱིས་སྣང་བར་བྱེད་པའི་བདག་
XXX
ཉིད་དུ་བསམ་ལ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཁར་ཧཱུྃ་སྔོན་པོ་གསུམ་ལས་འོད་འཕྲོས། ཚེ་དཔག་མེད་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་སྤྱན་དྲངས་ལ། ཚེ་དཔག་མེད་དེ་ལ་དབྱེར་མེད་དུ་ཐིམ་པར་བསྒོམ། བཅོམ་ལྡན་འདས་ཀྱི་ཕྱག་གི་བུམ་པའི་དབུས་སུ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཆོད་པའི་སྤྲིན་ཕུང་དུ་མས་མཆོད། དེ་དག་གི་རྡོ་རྗེའི་ཚེ་དང་བསོད་ནམས། དཔལ་དང་གཟི་བརྗིད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ཤེས་ཐམས་ཅད་འོད་ཟེར་གྱིས་བསྡུས་ནས། བུམ་ནང་གི་ཧྲཱིཿལ་ཐིམ་པར་བསྒོམ། སླར་ཡང་ལྕགས་ཀྱུ་དང་ཞགས་པ་ལྟ་བུའི་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་ལྷ་དང་ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ལ་སོགས་ཏེ། སེམས་ཅན་ཐམས་ཅད་ལ་ཕོག་དེ་དག་འོད་དཔག་མེད་ཀྱི་གོ་འཕང་ལ་བཀོད། དེ་དག་གི་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། གྲགས་པ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་འོད་ཟེར་གྱིས་བསྡུས་ནས་བུམ་ནང་གི་ཧྲཱིཿལ་ཐིམ་པར་བསྒོམ། ཡང་འོད་ཟེར་འཕྲོས་ནས་ཕྱོགས་བཅུའི་ས་ཆུ་མེ་རླུང༌། ནམ་མཁའ། ཉི་ཟླ་དང༌། དཔག་བསམ་གྱི་ཤིང༌། ནོར་བུ་རིན་པོ་ཆེ་སྣ་ལྔ་ལ་སོགས་པ་འབྱུང་བའི་བཅུད་ཐམས་ཅད་དང་ནུས་པ། བཀྲག་དང་གཟི་མདངས། འོད་དང་ཡོན་ཏན་ཐམས་ཅད་ཧྲཱིཿལ་ཐིམ་པར་བསྒོམ། དེ་ནས་བཅོམ་ལྡན་འདས་ལ་སྤྲུལ་པའི་མཆོད་པས་མཆོད་ལ། གསོལ་
XXX
བ་བཏབ་པ་ནི། བཅོམ་ལྡན་འདས་འོད་དཔག་མེད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཚེ་དང་ཡེ་ཤེས་ཀྱིས་དབང་བསྐུར་ཞིང༌། དངོས་གྲུབ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། བུམ་པའི་ནང་ནས་བདུད་རྩིའི་རྒྱུན་འོ་མ་ལྟ་བུ་སྤྱི་བོ་ཚངས་པའི་བུ་ག་ནས་མར་བབས་པ་ལ་རིག་པ་གཏད་ནས། རླུང་རོ་ལན་གསུམ་བུས་ལ། རླུང་ཚུར་རྔུབ་པ་དང༌། སྟབས་སུ་མཆིལ་མ་ཞིག་མིད་བཏང་ལ། རླུང་དེ་ལྟེ་བར་མནན་ནས་འོག་རླུང་འཐེན་ལ་བུམ་པ་ཅན་བཟུང་ལ། བདུད་རྩིའི་རྒྱུན་གྱིས་གསང་གནས་ཡན་ཆད་དཀར་ལྟེམ་གྱིས་གང་བར་བསམ་ལ། དམིགས་པ་ཐེབས་རེ་བྱ། དེ་བཞིན་དུ་ལྟེ་བ། སྙིང་ཁ། མགྲིན་པ། སྤྱི་བོ་མན་ཆད་དཀར་ལྟེམ་གྱིས་གང་བར་བསམ་ལ། དམིགས་པ་ཐེབས་རེ་བྱ་གསུངས། དེ་ལྟར་དམིགས་ཐེབས་རྒྱས་པ་བསྒོམ། འབྱོང་ན་རླུང་ཐེབས་རེ་དང་རྩ་འཁོར་གང་བའི་དམིགས་པ་སྦྲག་ནས། དམིགས་པ་ཐེབས་གཅིག་ལ་རྩ་འཁོར་ལྔ་ལྔ་གང་བར་ཡང་ཡང་བསྒོམ། ཡང་དམིགས་ཐེབས་ལྷག་མ་བཞི་ནི། འོད་དཔག་མེད་བསྐྱེད་ཅིང་བུམ་ནང་གི་ཧྲཱིཿལས་འོད་ཟེར་སྤྲོ་བསྡུ་བྱེད་པ་གོང་དང་འདྲ་བ་ལ། བདུད་རྩིའི་རྒྱུན་དམར་པོ་པདྨ་རཱ་ག་ཞུ་བ་ལྟ་བུ་དང༌། སྔོན་པོ་བཻཌཱུརྻ་ཞུན་མ་ལྟ་བུ་དང༌། སེར་པོ་གསེར་ཞུན་མ་ལྟ་བུ་དང༌། ལྗང་ཁུ་མར་གད་ལྟ་བུ་དང་ལྔ་པོ་སྤྱི་གཙུག་ཚངས་བུག་ནས་མར་བབས་པར་བསམས་ལ་རླུང་རོ་ལན་གསུམ་བསལ་ནས་མཆིལ་མ་ཞིག་མིད། དེ་ལྟེ་བའི་འོག་ཏུ་བསྒྱུར་ལ་སྟེང་རླུང་ཆིལ་གྱིས་མནན། འོག་རླུང་ཡར་འཐེན་ལ་བུམ་པ་ཅན་བཟུང༌།
XXX
བདུད་རྩི་ལྔ་པོས་གསང་གནས་གང་བ་དང༌། ལྟེ་བ། སྙིང་ཁ། མགྲིན་པ། སྤྱི་བོར་གང་བར་བསྒོམ། རྒྱས་པར་བྱེད་ན་དམིགས་ཐེབས་རེ་རེ་བྱས། མ་འབྱོང་ན་དམིགས་ཐེབས་རེས་བདུད་རྩི་ཁ་དོག་རེ་རྫོགས་པར་བྱེད། དེས་བདུད་རྩི་དམར་པོ་རྒྱུན་བབས་པས་ལུས་ཐམས་ཅད་དམར་ལྟེམ་གྱིས་གང་བར་བསམ། དེ་བཞིན་སྔོན་པོ་དང་སེར་པོ། ལྗང་ཁུའི་བདུད་རྩིའི་རྒྱན་བབས་པའི་ཚེ་སོ་སོའི་ཁ་དོག་ལྟར། རང་ལུས་ཀྱང་འོད་དཔག་མེད་རིགས་ལྔའི་རྣམ་པར་གསལ་ཞིང༌། འཆི་མེད་རྡོ་རྗེའི་ཚེ་ཐོབ་སྙམ་དུ་བསྒོམ། དེ་དག་རྫོགས་ནས་འོད་དཔག་མེད་འོད་ཞུ་ནས་རང་ལ་ཐིམ་པས། ལུས་ཀྱི་ནང་ཐམས་ཅད་འོད་དཔག་མེད་ཡུངས་འབྲུ་ཙམ་གྱིས་ཐམ་འགགས་སུ་གང་ཞིང༌། ཕྱི་རོལ་བ་སྤུའི་རྩ་བ་ཐམས་ཅད་ཀྱང་སྐུ་གང་བར་བསྒོམ་ལ། ལུས་ངག་ཡིད་གསུམ་མ་བཅོས་པའི་ངང་ལ་བཞག་གོ །གཉིས་པ་གསུང་གི་སྒོ་ནས་འཆི་མེད་གསུང་བསྒྲུབ་པའི་ཁྲིད་ནི། རང་གི་སྤྱི་བོར་ཤེལ་ཕོར་ཡུ་བ་ཅན། ཐེམ་ཞབས་སུ་ཡོད་པ་ལྟ་བུ། ཁ་གྱེན་དུ་གདེང་བའི་དབུས་སུ་ཡི་གེ་ཨཱཿདཀར་པོ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུར་ཕྱོགས་བཅུར་འཕྲོས། སངས་རྒྱས་སྲས་བཅས་མཆོད་ཅིང༌། སླར་དེ་དག་ཚེ་དང་བསོད་ནམས་བསྡུས། རིགས་དྲུག་གི་སེམས་ཅན་ལ་ཕོག །འོད་དཔག་མེད་ཀྱི་ས་ལ་བཀོད་ནས་དེ་དག་གི་ཚེ་དང་བསོད་ནམས། འབྱུང་བའི་བཅུད་བསྡུ་བ་རྣམས་ཀྱི་དམིགས་པ་གོང་དང་འདྲ་ལ། དེ་བཞིན་དུ་གོང་ལྟར་གསོལ་བ་བཏབ་པས། ཨཱཿལས་བདུད་རྩིའི་རྒྱུན་དཀར་པོ་ཐེམ་བུ་རྡོལ་བ་ལྟར་བབས་པས་གསང་གནས་ཕྱིན་གང༌། དེ་བཞིན་དུ་
XXX
ལྟེ་བ། སྙིང་ཁ། མགྲིན་པ། སྤྱི་བོ་རྣམས་གང་བར་བསམ་ཞིང༌། འཇམ་རླུང་མཆིལ་མ་དང་བཅས་པ་སྟབས་སུ་ལྟེ་འོག་ཏུ་མནན། འོག་རླུང་ཡར་འཐེན་ནས་བུམ་པ་ཅན་བཟུང༌། དམིགས་པ་གཉིས་ནི། ཨཱཿལས་བདུད་རྩིའི་རྒྱུན་དམར་པོ་བབས་པར་བསམ་ལ་རླུང་སྔར་དང་འདྲ། རྩ་འཁོར་ལྔ་རིམ་གྱིས་གང་བར་བསྒོམ་ལ། རླུང་བཟུང་བ་དང་དམིགས་པ་སྟབས་སུ་བྱའོ། །མཐར་འཇོག་པའི་ཚེ། ཨཱཿདཀར་པོ་ལས་ཨཱཿ་དཀར་པོ་ཆར་བབས་པ་ལྟར་ཆད་ནས། ལུས་ཀྱི་ནང་ཐམས་ཅད་ཨཱཿས་ཐམ་འགགས་སུ་གྱུར་ནས་ཕྱི་རོལ་བ་སྤུའི་རྩ་བ་ཐམས་ཅད་ལས་ཀྱང་ཨཱཿས་གང་བར་བསམ་ལ་ངག་ཏུ་ཨཱཿཞེས་བརྗོད་ཀྱང་རུང་གསུངས་སོ། །མཐར་ལུས་ངག་ཡིད་གསུམ་མ་བཅོས་པའི་ངང་ལ་མཉམ་པར་བཞག་གོ །གསུམ་པ་ཐུགས་ཀྱི་སྒོ་ནས་འཆི་མེད་རྡོ་རྗེའི་ཚེ་བསྒྲུབ་པའི་ཁྲིད་ནི། རང་ལུས་ཐ་མལ་བར། སྟོང་ར་དམར་སེང་བསྒོམ་པའི་སྤྱི་བོར་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུའི་སྟེང་དུ། ཐིག་ལེ་དམར་ལ་འཚེར་བ། སྣུམ་ལ་འདྲིལ་བ། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད། དེ་དག་གི་ཚེ་དང་བསོད་ནམས་འབྱུང་བའི་བཅུད་བསྡུ་བའི་དམིགས་པ་རྣམས་སྐུའི་ཁྲིད་དང་མཚུངས་ཤིང༌། སླར་གསོལ་འདེབས་གོང་དང་མཚུངས་སོ། །དེ་ནས་རླུང་རོ་ལན་གསུམ་འབུད་ལ། དམིགས་པ་བསྒོམ་པ་ནི། ཐིག་ལེ་ལས་བདུད་རྩིའི་རྒྱུན་དམར་ན་རང་བྱུང་བས། གསང་གནས་ཕྱིན་གང༌། དེ་བཞིན་དུ་ལྟེ་བ་དང༌། སྙིང་ཁ། མགྲིན་པ། སྤྱི་བོ་རྣམས་སུ་རིམ་
XXX
གྱིས་གང་བར་བསྒོམ་ལ། འཇམ་རླུང་མཆིལ་མ་དང་སྟབས་སུ་ལྟེ་འོག་ཏུ་མནན། འོག་རླུང་འཐེན་པ་བུམ་པ་ཅན་བཟུང་ངོ༌། །མཐར་ཐིག་ལེ་ལ་ཐིག་ལེ་དཔག་ཏུ་མེད་པ་ཆད་ནས། ཆར་བབས་པ་ལྟར་ལུས་ཀྱི་ནང་ཐམས་ཅད་གང༌། ཐིག་ལེ་དམར་པོས་ཐམ་འགགས་སུ་གང་བར་བསྒོམ། ཕྱི་རོལ་བ་སྤུའི་རྩ་བ་ཐམས་ཅད་ཀྱང་ཐིག་ལེ་དམར་པོས་ཐམ་འགགས་སུ་གང་བར་བསམ་ལ་ལུས་ངག་ཡིད་གསུམ་མ་བཅོས་པའི་ངང་ལ་མཉམ་པར་བཞག་གོ །བཞི་པ་རྫོགས་རིམ་ལ་གསུམ་སྟེ། ཞི་གནས། ལྷག་མཐོང༌། འཕོ་བའོ། །དང་པོ་ཞི་གནས་ཀྱི་དོན་ལ་བཞི་སྟེ། དང་པོ་ཕྱི་ཡུལ་ལ་སེམས་བཟུང་བ་ལ་གཉིས་ཏེ། དང་པོ་མ་དག་པ་ཀ་བ་བུམ་པ་སོགས་ལ་སེམས་བཟུང་བ་ནི་མདུན་དུ་ཀ་བ། བུམ་པ། ཤིང་བུ། རྡེའུ་ལ་སོགས་པ་གང་ཡང་རུང་བ་ཞིག་ལ། ལུས་གནད་ལྟ་སྟངས་དང་བཅས་ལ་མ་ཡེངས་པར་སེམས་བཟུང༌། དེ་ལ་ཡེངས་སུ་ཡང་མི་འཇུག །རྟོག་པ་ཡང་མི་འགྱེད་དོ། །དེ་བཞིན་དུ་བྱིང་རྒོད་བྱུང་ན་སྟེང་འོག་ཏུ་སེམས་འཛིན་པ་དང༌། གཡས་གཡོན་དུའང་ཤེས་པར་བྱའོ། །གཉིས་པ་དག་པ་རྒྱལ་བའི་སྐུ་ལ་སེམས་བཟུང་བ་ནི། མདུན་དུ་འོད་དཔག་མེད་ཀྱི་སྐུ་གཟུགས་བཞག་པའམ། མེད་ན་བསྒོམ་ལ། དེ་ལ་རྟོག་པ་ཡང་མི་སྤྲོ། ཡེངས་སུ་ཡང་མི་འཇུག་གོ །དེ་ཐོག་ཏུ་མ་ཡེངས་ཙམ་དུ་གློད་ནས་འཇོག་པ་ནི་རྒྱལ་བའི་སྐུ་ལ་སེམས་འཛིན་པའོ། །གཉིས་པ་ནང་ན་སེམས་བཟུང་བ་ལ་ཡང་གཉིས་ཏེ། དང་པོ་མ་དག་པའི་ཐིག་ལེ་ལ་སེམས་བཟུང་བ་ནི། རང་གི་སྙིང་ཁང་ཐིག་ལེ་དཀར་ལ་འཚེར་བ། སྲན་འབྲུ་ཙམ་ལ་སེམས་བཟུང་བའོ། །
XXX
གཉིས་པ་དག་པ་རྒྱལ་བའི་སྐུ་ལ་སེམས་བཟུང་བ་ནི། རང་གི་སྙིང་ཁར་པད་ཟླའི་སྟེང་དུ། འོད་དཔག་མེད་ཚོན་གང་བ་འོད་ཟེར་དང་བཅས་པ་ཞིག་ལ་སེམས་བཟུང་བའོ། །བྱིང་རྒོད་བྱུང་ན་གོང་བཞིན་བྱའོ། །གསུམ་པ་རྟོག་པ་ལ་སེམས་བཟུང་བ་ནི། རྣམ་པར་རྟོག་པ་ཐོལ་གྱིས་སྐྱེས་པ་ངོས་བཟུང་ནས་རྟོག་པ་དེ་ཉིད་ལ་ཅེར་ཅེར་བལྟས་པ་ན་འཛིན་མེད་དུ་ཞིག་ནས་རིག་སྟོང་དུ་གསལ་གསལ་འཆར་བ་སྟེ། རྣམ་རྟོག་གང་སྐྱེས་པ་དེ་ཉིད་ལ་གཏད་ནས་བསྒོམ། དེས་ནི་རྟོག་པ་མ་སྤངས་ལམ་དུ་ཁྱེར་བ་མན་ངག་གོ །བཞི་པ་འབྲས་བུའི་ཞི་གནས་མཐར་ཐུག་རྟོག་མེད་ལ་སེམས་བཟུང་བ་ནི། གནས་དབེན་པར་མུན་ཁང་གི་ནང་དུ་འབོལ་བའི་གདན་ལ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། མིག་ནམ་མཁར་ཧད་དེ་གཏད་ལ། ཡིད་ལ་ཅི་ཡང་མི་བྱེད་པར་ནམ་མཁའ་སྟོང་པའི་ངང་ལ་མ་བཅོས་པ་རྟོག་མེད་དུ་གསལ་ལེ་ཧྲིག་གེ་མཉམ་པར་འཇོག་པ་ནི། རྟོག་མེད་ལ་སེམས་འཛིན་པའོ། །དེ་དག་གིས་ཞི་གནས་སོང་བའོ། །གཉིས་པ་ལྷག་མཐོང་ལ་དོན་གསུམ་སྟེ། དང་པོ་ལྷག་མཐོང་གི་རྒྱུ་ལ་རྣམ་པར་བརྟག་ཅིང་དཔྱད་པ་ནི། འདི་ལྟར་བདག་གི་སེམས་འདི་གང་ནས་བྱུང་ཞིང་གང་དུ་གནས། གང་དུ་འགྲོ་བར་འགྱུར། ཞེས་སྐྱེ་འགག་གནས་གསུམ་གྱི་ངོ་བོ་ལ་བརྟག་ཅིང་དཔྱད། འབྱུང་བ་ལྔ་རང་ལུས་ལས་བྱུང་ངམ་སྙམ་དུ་བརྟག་ཅིང་དཔྱད་པར་བྱའོ། །གཞན་ཡང་སེམས་ལ་ཁ་དོག་དཀར་དམར་སྔོ་སེར་ལྗང་ཁུ་ལ་སོགས་པའི་ཁ་དོག་ཡོད་པ་ཞིག་གམ། འོན་ཏེ་མེད་པ་ཞིག་སྙམ་དུ་བརྟག་ཅིང་དཔྱད། གང་དུ་བདག་གི་སེམས་ནི་ས་ཆུ་
XXX
མེ་རླུང་ནམ་མཁའི་དབྱིབས་སམ། ཟླུམ་པོ། གྲུ་བཞི། ཟླ་གམ། གྲུ་གསུམ། ནར་མོ། འཇོང་མོ་ལ་སོགས་པའི་དབྱིབས་སུ་གྲུབ་པ་ཞིག་ཡིན་ནམ། དབྱིབས་མེད་པ་ཞིག་ཡིན། ཅེས་བརྟག་ཅིང་དཔྱད། སེམས་ལས་རྣམ་པར་རྟོག་པ་ལོག་ཅིག་ཡིན། འོན་ཏེ་རྣམ་པར་རྟོག་པ་སེམས་ཡིན་ཅེས་བརྟག་ཅིང་དཔྱད་པར་བྱའོ། །ཕྱི་རོལ་གྱི་སྣང་བ་འདི་སེམས་ལས་བྱུང་ངམ། འོན་ཏེ་སེམས་ལས་ཕྱི་རོལ་གྱི་སྣང་བ་བྱུང་ཞེས་བརྟག་ཅིང་དཔྱད་པར་བྱའོ། །སླར་ཡང་བརྟག་མཁན་གྱི་སེམས་ལ་ཡང་བརྟག་ཅིང་དཔྱད་དེ། སེམས་འདི་ཉིད་ཀྱང་ཡོད་པ་ཞིག་གམ་འོན་ཏེ་མེད་པ་ཞིག །གསལ་བ་ཞིག་གམ་འོན་ཏེ་མི་གསལ་བ་ཞིག །བདེ་བ་ཞིག་གམ་འོན་ཏེ་སྡུག་བསྔལ་བ་ཞིག །རྟག་པ་ཞིག་གམ་འོན་ཏེ་མི་རྟག་པ་ཞིག །སྣང་བ་ཞིག་གམ་འོན་ཏེ་མི་སྣང་བ་ཞིག །རིག་པ་ཞིག་གམ་འོན་ཏེ་མ་རིག་པ་ཞིག །བདག་ཡོད་པ་ཞིག་གམ་འོན་ཏེ་བདག་མེད་པ་ཞིག་ཅེས་བརྟག་ཅིང་དཔྱད་པར་བྱའོ། །དེའི་ཚེ་སེམས་ཀྱི་ངོ་བོ་སྟོང་པ་ནམ་མཁའ་ལྟ་བུ་ལ་རང་བཞིན་འོད་གསལ་ཞིང༌། རིག་པ་འགག་མེད་ཅིར་ཡང་འཆར་ཞིང་སྣང་བ་འདི། སྐྱེ་བ་མེད་པར་རོ་མཉམ། གནས་པ་མེད་པར་རོ་མཉམ། འགགས་པ་མེད་པར་རོ་མཉམ་ཞིང༌། གསལ་རིག་སྟོང་གསུམ་སྣང་སྟོང་དབྱེར་མེད་པ། བློ་འདས་ནམ་མཁའ་ལྟ་བུའི་དོན་མཐོང་ན་དེ་ཁོ་ན་ཉིད་དོ་ཞེས། གཞི་ལམ་འབྲས་བུའི་ཡོན་ཏན་ཐམས་ཅད་རྫོགས་པར་ངོ་སྤྲད་པར་བྱའོ། །གཉིས་པ་ལམ་གྱི་ལྷག་མཐོང་ཅིག་ཅར་དུ་ཉམས་སུ་བླངས་པར་བྱ་བ་ནི། སེམས་ཉིད་སྐྱེ་འགག་གནས་གསུམ་གྱི་མཐའ་
XXX
དང་བྲལ་བ་བདག་དང་བདག་གིར་འཛིན་པ་མཚན་མའི་གཟུང་འཛིན་དང་བྲལ་ཞིང༌། མཐོང་བྱ་མཐོང་བྱེད་མེད་པ། ངོ་བོ་སྟོང་ཞིང་རང་བཞིན་གསལ་བ། རྣམ་པ་འགག་མེད་ཀྱི་རིག་པ་ཡུལ་མེད་དུ་མར་གསལ་ཞིང་སྣང་བ་བཅོས་བསླད་གྱིས་མ་གོས་པས་གསལ་ལེ་བ། རང་ངོ་རང་གིས་ཤེས་པས་ཧྲིག་གེ་བ། རྣམ་རྟོག་གཟུང་འཛིན་གྱིས་མ་གོས་པས་རྗེན་ནེ་བ། རིག་པ་ལ་བཟོ་བཅོས་མ་བྱས་པ་ཐ་མལ་གྱི་ཤེས་པ། རྣམ་རྟོག་ལུ་རྒྱུད་དུ་སྙིང་མི་འཇུག་པས་སོ་མ་ཞེས་བྱ་སྟེ། ལྷག་མཐོང་གི་ངོ་བོ་ཉམས་སུ་བླངས་བྱའི་དངོས་གཞིར་ངོ་སྤྲད་པར་བྱའོ། །གསུམ་པ་འབྲས་བུའི་མཐར་ཐུག་ཞི་ལྷག་ཟུང་འཇུག་ཉམས་སུ་བླང་བར་བྱ་བ་ནི། དེ་ཡང་མོས་གུས་བླ་མའི་རྣལ་འབྱོར་ལ་སེམས་གནས་པ་ཞི་གནས་ཡིན་ལ། ངོ་བོ་སྟོང་ཞིང་གྲུབ་པ་མེད་པར་མཐོང་བ་ནི་ལྷག་མཐོང་ངོ༌། །བསྐྱེད་རིམ་ཆུ་ཟླ་ལྟ་བུ་ལ་སེམས་གནས་པ་ནི་ཞི་གནས་ཡིན་ལ། ངོ་བོ་སྟོང་པ་སྐྱེ་འགག་གནས་གསུམ་དང་བྲལ་བ་ནི་ལྷག་མཐོང་ངོ༌། །སེམས་ཅན་ཐམས་ཅད་ལ་ཁྱབ་པའི་བྱམས་པ་དང་སྙིང་རྗེའི་དམིགས་པ་ལ་སེམས་གནས་པ་ནི་ཞི་གནས་ཡིན་ལ། རང་བཞིན་སྟོང་པ་ཉིད་ལ་སེམས་གནས་པ་ནི་ལྷག་མཐོང་ངོ༌། །ཐབས་བསོད་ནམས་ཀྱི་ཚོགས་སྒྱུ་མ་ལྟ་བུ་ལ་སེམས་གནས་པ་ཞི་གནས་ཡིན་ལ། དེ་དག་རང་བཞིན་མེད་པ་སྟོང་པ་ཉིད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །སྣང་བ་ཐམས་ཅད་སེམས་ཀྱི་རང་གཟུགས་ཆུ་ཟླ་ལྟ་བུ་ལ་སེམས་གནས་པ་ཞི་གནས་ཡིན་ལ། དེ་དག་རྗེན་ནེ་བ་སྐྱེ་མེད་ཆུ་ཟླ་ལྟ་བུ་མཐོང་བ་ལྷག་མཐོང་ངོ༌། །སེམས་ཀྱི་རང་བཞིན་འོད་གསལ་བར་སེམས་གནས་པ་ཞི་གནས། ངོ་བོ་སྤྲོས་བྲལ་གསལ་
XXX
སྟོང་སྐྱེ་མེད་དུ་མཐོང་བ་ལྷག་མཐོང་ངོ༌། །བཅོས་བསླད་དང་བྲལ་བའི་རིག་པ་སོ་མ་ལ་སེམས་གནས་པ་ཞི་གནས། བདག་མེད་རིག་སྟོང་དབྱེར་མེད་དུ་མཐོང་བ་ལྷག་མཐོང་ངོ༌། །མདོར་ན་ཆུ་ཟླ་དང་མེ་ལོང་གི་གཟུགས་བརྙན་དང་བྲག་ཅ་ལྟར་སྣང་བ་ལས་གཞན་པའི་སྟོང་པ་མེད། སྟོང་པ་ལས་གཞན་པའི་སྣང་བ་མེད། སྣང་སྟོང་དབྱེར་མེད་ནམ་མཁའ་ལ་འཇའ་ཤར་བ་ལྟ་བུར་རྟོགས་ནས་དེའི་ངང་ལ་གནས་ཤིང༌། གཉིས་འཛིན་མཐའ་དག་སངས་ནས། རང་རིག་ཡེ་ཤེས་རྒྱས་པ་ལ་སངས་རྒྱས་ཤེས་བྱའོ། །ཟུང་འཇུག་ཅེས་ཀྱང་བྱ་སྟེ། མཐར་ཐུག་པའི་དོན་ནོ། །དེ་དག་ནི་ལྷག་མཐོང་ངོ༌། །གསུམ་པ་འཆི་ཁ་འཕོ་བའི་གདམས་ངག་ལ་དོན་གཉིས་ཏེ། དང་པོ་སྦྱང་བ་དང་གཉིས་པ་ལས་ལ་སྦྱར་བའོ། །དང་པོ་ནི་རང་གི་ལུས་སྟོང་རང་བསྒོམ་ལ། ལུས་ཀྱི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། ཁོང་སྟོང་སྦ་ལྕག་ཙམ། མར་སྣེ་ཕཊ་ཀྱིས་བཀག་པ། ཡར་སྣེ་ཚངས་བུག་རྒྱ་མཐོང་ཁ་བྱེ་བ་ལྟར་གསལ་ཧ་རེ་ཡོད་པ་བསམ་པའི་སྤྱི་བོའི་ཐད་ཀྱི་ནམ་མཁར་འདོམ་གང་ཙམ་གྱི་ཐད་སོར། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ། བདེ་བ་ཅན་གྱི་ཞིང་གི་བཀོད་པ་རྫོགས་པའི་དབུས་སུ། རིན་པོ་ཆེའི་ཁྲི་པདྨས་བཏེགས་པའི་སྟེང་དུ། རང་གི་རྩ་བའི་བླ་མ་འོད་དཔག་མེད་ལོངས་སྤྱོད་རྫོགས་པའི་ཆ་ལུགས་སུ་བཞུགས་པ་ལ། འཁོར་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ། མཚོ་དྭངས་པ་ལ་ཟླ་བ་ཤར་བ་ལྟ་བུ་གསལ་བར་བསྐྱེད། དེ་ནས་རང་གི་སེམས་ཀྱི་ངོ་བོ་ལྟེ་འོག་ཏུ་ཐིག་ལེ་དཀར་དམར་གཉིས་སུ་བསམ་ལ། ཐིག་ལེ་དཀར་པོ་དེས་དམར་པོ་ལ་བསྐོར་བ་གསུམ་བྱས་ནས། སྐར་མདའ་འཕང་
XXX
བ་ལྟར་སྐྱ་རྩེར་གྱིས་སྤྱི་བོར་ཐོན་པར་བསམ་ལ། འོད་དཔག་མེད་ཀྱི་ཐུགས་ཁར་རེག་པ་རེ་བྱས་པར་བསམ། དེའི་ཚེ་ངག་ཏུ་ཧིཀ་ཅེས་བརྗོད། ཡང་ཀ་ཞེས་བརྗོད་པས་ཕྱིར་བབས་ནས། ཐིག་ལེ་དམར་པོ་ལ་བསྐོར་བ་གསུམ་བྱས་སླར་ཡང་ཧིག་ཅེས་བརྗོད་པས། ཡར་ལ་སྔར་བཞིན་འཁོར་བར་བསྒོམ། དེ་བཞིན་ཡར་འགྲོ་མར་འགྲོ་གཅིག་ཏུ་བརྩིས་ནས་ཐུན་རེ་ལ་བརྒྱ་རྩ་བརྒྱད་དང༌། སྟོང་རྩ་ལ་སོགས་པ་མ་འབྱོངས་བར་དུ་སྦྱོང༌། གཉིས་པ་ནི། འཆི་བའི་རྟགས་ཚང་ནས། ཞེན་ཆགས་མཐའ་དག་སྤང་ལ། སེམས་མ་ཡེངས་པར་བྱམས་སྙིང་རྗེ་སྔོན་དུ་འགྲོ་བས་སྤྱི་བོར་བླ་མ་གསལ་གདབ། ལུས་ཀྱི་དབུས་སུ་རྩ་གསལ་གདབ་ནས། ཐིག་ལེ་གཉིས་པོ་གཅིག་ཏུ་གྱུར་པར་བསམ་ལ། ཧིཀ་ཅེས་རླུང་སེམས་སྤྱི་བོར་དྲག་ཏུ་གཏད་པའི་སྦྱོར་བས་རིག་པ་སྐར་མདའ་བཏང་བ་ལྟར། འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་མ་ཐུབ་ཀྱི་བར་དུ་རིག་པ་བ་རྩེ་གཅིག་ཏུ་ཡང་ནས་ཡང་དུ་དམིགས་པ་བསྒོམ་མོ། །དེ་ནས་བླ་མ་འོད་དཔག་མེད་བདེ་བ་ཅན་དུ་བྱོན་པར་བསམ་མོ། །དེས་ངེས་པར་བདེ་བ་ཅན་ཏུ་འཕོ་བར་འགྱུར་རོ། །དེ་ལྟར་ལེགས་པར་བཤད་པའི་རིན་ཆེན་གྲུ། །རབ་འབྱོར་ཡིད་བཞིན་དགོས་འདོད་ཀུན་འབྱུང་བ། །མན་ངག་སྙིང་པོ་བླ་མས་གསུངས་པ་བཞིན། །བྲིས་པའི་དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །ཚེ་དཔག་མེད་ཡོན་ཏན་གྱི་ཁྲིད་འཆི་མེད་རྡོ་རྗེའི་སྐུ་བསྒྲུབ་པ་ཞེས་བྱ་བ། བླ་མའི་ཞལ་ནས་གསུངས་པ་ལྟར་རྣལ་འབྱོར་པ་འོད་དཔག་རྡོ་རྗེས་ཡི་གེར་བཀོད་པའོ།། །།ཤུབྷཾ།
Notes
Other Information
Information about Unicode Tibetan and the digitization of this text |
---|
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion. |