Tibetan:སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཕྲིན་ལས་ཀྱི་ཁྲིད་འཁོར་བའི་འཕྲང་སྒྲོལ་
Jump to navigation
Jump to search
སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཕྲིན་ལས་ཀྱི་ཁྲིད་འཁོར་བའི་འཕྲང་སྒྲོལ་
sgrol ma 'jigs pa brgyad skyob phrin las kyi khrid 'khor ba'i 'phrang sgrol
Damngak Dzö Volume 16 (མ་) / Pages 447-465 / Folios 1a1 to 10a3
sgrol ma 'jigs pa brgyad skyob phrin las kyi khrid 'khor ba'i 'phrang sgrol
Damngak Dzö Volume 16 (མ་) / Pages 447-465 / Folios 1a1 to 10a3
Tibetan Text
XXX
སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཕྲིན་ལས་ཀྱི་ཁྲིད་འཁོར་བའི་འཕྲང་སྒྲོལ་བཞུགས་སོ། །
XXX
ཚོགས་གཉིས་རྒྱ་མཚོ་རབ་ཏུ་རྒྱས་པ་ལ། །རང་བྱུང་ཡེ་ཤེས་ཨུཏྤལ་རྣམ་རོལ་པ། །དམིགས་མེད་སྙིང་རྗེའི་དྲི་བསུང་འཕྲོ་བ་ཅན། །བཅོམ་ལྡན་སྒྲོལ་མས་འགྲོ་ཀུན་བསྐྱངས་བར་གསོལ། །གང་གི་ཞབས་ཟུང་པདྨོའི་ཅོད་པན་ལ། །ཚངས་དབང་དྲག་པོ་འཇིག་རྟེན་སྐྱོང་བཞི་དང༌། འཇིག་རྟེན་དྲེགས་ལྡན་གཙུག་གིས་གུས་བསྟེན་པའི། །འཕགས་མ་སྒྲོལ་མའི་ཞབས་ལ་སྤྱི་བོས་འདུད། །བཅོམ་ལྡན་སྒྲོལ་མས་མི་ཏྲ་ཛྭ་ཀི་ལ། །མན་ངག་བསྒོམ་པའི་རིམ་པ་གསུངས་པ་རྣམས། །སྙན་ནས་སྙན་བརྒྱུད་བདུད་རྩིའི་གཏེར་ཆེན་འདི། །འགྲོ་བ་གདུང་བ་སེལ་ཕྱིར་ཡི་གེར་བཀོད། །འདིར་བཅོམ་ལྡན་འདས་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཕྲིན་ལས་ཀྱི་ཁྲིད་འཁོར་བའི་འཕྲང་སྒྲོལ་ཞེས་བྱ་བ་འདི་སྟོན་པ་བྱེད་པ་ལ་དོན་གསུམ་སྟེ། སྔོན་འགྲོ་དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཐུན་མོང་དང་ཁྱད་པར་རོ། །དང་པོ་ལ་བཞི་སྟེ། དལ་འབྱོར་རྙེད་པར་
XXX
དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསྒོམ་པ་རྣམས་སྤྱི་དང་མཐུན་ནོ། །གཉིས་པ་ལ་བཞི་སྟེ། ཅི་བྱས་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་འགྲོ་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད། ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད། བྱིན་རླབས་མྱུར་དུ་འཇུག་པར་བྱེད་པར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་བཞི་ནི་སྤྱི་དང་མཐུན་ནོ། །དེ་དག་ནི་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞི་ནི་དོན་གཉིས་ཏེ། བསྐྱེད་རིམ་དང་རྫོགས་རིམ་མོ། །དང་པོ་ལ་གསུམ་སྟེ། དང་པོ་བསྐྱེད་པའི་རིམ་པ་སྐུའི་ཁྲིད་ནི། ཚད་མེད་པ་བཞི་སྔོན་དུ་འགྲོ་བས། །སྭབྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས། ས་གཞི་ཐམས་ཅད་རི་བོ་ཏ་ལའམ། གཡུ་ལོ་བཀོད་པའི་ཞིང་ཁམས་སུ་གྱུར་པ་ལས། དེའི་དབུས་སུ་མཚོ་སྔོ་ཞིང་དྭངས་པའི་དཀྱིལ་དུ་ནེའུ་གསེང་མེ་ཏོག་གིས་མཛེས་
XXX
པ་དང༌། དེའི་དབུས་སུ་པཾ་ལས་ཨུཏྤལ་རྒྱས་པ། ཡུ་བ་གསེར་ལས་གྲུབ་པ་ཟེའུ་འབྲུ་དང་ལོ་འདབ་རླུང་གིས་བསྐྱོད་པ་ལས་དམ་པ་ཆོས་ཀྱི་སྒྲ་འབྱུང་བ་དེའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཏཱཾ་ལས་ཨུཏྤལ་ལྗང་ཁུ་ཏཱཾ་གྱིས་མཚན་པ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས། སྒྲོལ་མའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་སྒྲོལ་མ་སྐུ་མདོག་ལྗང་སྔོན། ཞལ་གཅིག་ཕྱག་གཉིས། ཞབས་གཡས་བརྐྱང་གཡོན་བསྐུམ་པ། དར་གྱི་ཤམ་ཐབས་ཅན། ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱས་ཨུཏྤལ་འཛིན་པ། གཡོན་ཨུཏྤལ་སྙན་གྱི་ཐད་ཀར་རྒྱས་པའི་ཡུ་བ་ཐུགས་ཀར་མཐེབ་སྲིན་གྱིས་འཛིན་པ། ནུ་མ་འབུར་བ། སྤྱན་དཀྱུས་དང་སྨིན་དཀྱུས་རིང་བ། རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་ནས་ཟར་བུ་རྐེད་སོར་གཡོ་ཞིང་འགྱིང་བག་དང་བཅས་པ། ཞི་བ། སྒེག་པ། གཞོན་ནུ་ལང་ཚོ་དར་ལ་བབས་པ། བུ་མོ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། རིན་པོ་ཆེ་སྣ་ལྔས་རྩེ་ཕྲན་དང་སྙན་ཆ། མགུལ་རྒྱན་དང་དཔུང་རྒྱན། ཕྱག་གདུབ་དང་ཞབས་གདུབ། སྐུ་རགས་དང་དོ་ཤལ། དར་གྱི་ཅོད་པན་དང་མུ་ཏིག་ཆུན་པོས་བརྒྱན་པ། ཟླ་བའི་རྒྱབ་ཡོལ་ཅན་སྣང་ལ་རང་བཞིན་མེད་པ། མེ་ལོང་གི་གཟུགས་བརྙན་ལྟ་བུར་བསྒོམ་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཁར་ཧཱུྃ་མཐིང་ཁ། ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། པོ་ཏ་ལའམ། གཡུ་ལོ་བཀོད་པ་ནས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། རང་དང་དབྱེར་མེད་དུ་གྱུར། སླར་འོད་ཟེར་འཕྲོས།
XXX
རིགས་ལྔ་སྤྱན་དྲངས། དབང་བསྐུར། དྲི་མ་དག །བདུད་རྩིའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་དོན་གྲུབ་ཀྱིས་དབུ་བརྒྱན། སྙིང་ཁར་ཨུཏྤ་ལའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཏཱཾ་ཡིག་ལྗང་ཁུ་ལས་སྔགས་ཀྱི་ཕྲེང་བ་མར་གད་ཀྱི་མདོག་ལྟ་བུ་ལས་འོད་འཕྲོས། ལུས་ཀྱི་ནང་གང་དུག་ལྔ་སྦྱངས་ཕྱིར་འཕྲོས། སྣང་བ་འོད་ཀྱི་གཞལ་ཡས་ཁང་དུ་བྱས། སེམས་ཅན་ལ་ཕོག །སྒྲོལ་མའི་གོ་འཕང་ལ་བཀོད། ཚུར་འདུས་གཡས་སུ་འཁོར་བ་ལ་དམིགས་ནས། ཐམས་ཅད་ཀྱི་ཞལ་ནས་སྔགས་སྒྲ་སྒྲོགས་པར་བསམ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་སྔགས་འདྲེན་ནོ། །མཐར་སྣང་བ་འོད་དུ་ཞུ་ནས་ནང་བཅུད་ལ་ཐིམ། ནང་བཅུད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ལུས་འོད་དུ་ཞུ་ནས་ཐུགས་ཀའི་ཏཱཾ་ཡིག་ལ་ཐིམ། ཏཱཾ་ཡིག་ནཱ་ད་ལ་ཐིམ། དེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་མ་བཅོས་པའི་ངང་ལ་བཞག་གོ །དེ་ནི་བསྐྱེད་པའི་རིམ་པའོ། །གཉིས་པ་དེ་ཉིད་གསལ་འདེབས་པ་འོད་ཟེར་སྤྲོ་བ་སྣའི་འཁྲིད་ནི། རང་ཉིད་སྔར་ལྟར་སྒྲོམ་མར་བསྐྱེད་པའི་སྤྱི་བོར་པད་ཟླའི་སྟེང་དུ་རྣམ་པར་སྣང་མཛད་སྐུའི་སྒྲོལ་མ་སྐུ་མདོག་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས། ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པ། གཡས་མཆོག་སྦྱིན་ཕྱག་རྒྱས་ཨུཏྤལ་འཛིན་པ། གཡོན་ཨུཏྤལ་སྙན་གྱི་ཐད་ཀར་རྒྱས་པའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་པ། ཞལ་འཛུམ་པ་སྤྱན་དཀྱུས་དང་སྨིན་དཀྱུས་རིང་པ་སོགས་སྔར་ལྟར་བསྐྱེད་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ཏཱཾ་ཡིག་དཀར་པོ་ལས་སྔགས་ཕྲེང་དཀར་པོ་མུ་ཏིག་ལྟ་བུ་འཁོར་བ། དེ་ལས་འོད་ཟེར་དཀར་པོ་
XXX
དཔག་ཏུ་མེད་པ་འཕྲོས། རང་གི་ཀླད་པའི་ནང་གང༌། ལུས་ཀྱི་སྒྲིབ་པ་དག །གཏི་མུག་བྱང༌། འོད་ཟེར་ཕྱི་རོལ་ཏུ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་སྐུ་ལ་ཕོག །སྐུ་གཟི་མདངས་དང་ལྡན་པར་བྱས། སྐུའི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས་སྤྱི་བོའི་སྒོ་ལམ་ལ་ཐིམ་པས་སྐུའི་བྱིན་རླབས་ཞུགས། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས་པར་བསྒོམ་ལ་སྔགས་འདྲེན་ནོ། །མགྲིན་པར་པད་ཟླའི་སྟེང་དུ་སྣང་བ་མཐའ་ཡས་གསུང་གི་སྒྲོལ་མ་དམར་མོའི་སྙིང་ཁར། པད་ཟླའི་སྟེང་དུ་ཏཱཾ་ཡིག་དམར་པོ་ལ་སྔགས་ཀྱི་ཕྲེང་བ་པདྨ་རཱ་གའི་མདོག་ལྟ་བུ་ལས་འོད་ཟེར་དམར་པོ་འཕྲོས། མགྲིན་པའི་ནང་གང༌། ངག་གི་སྒྲིབ་པ་དག །འདོད་ཆགས་དག །འོད་ཟེར་ཕྱོགས་བཅུར་ཕྱིར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་གསུང་ལ་ཕོག །གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པར་བྱས། དེ་དག་གིས་གསུང་གི་བྱིན་རླབས་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ནས་མགྲིན་པར་ཐིམ། གསུངས་དབྱངས་ཡན་ལག་དྲུག་ཅུའི་བྱིན་རླབས་ཞུགས། སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས་པར་བསྒོམ་ལ་སྔགས་འདྲེན་ནོ། །སྙིང་ཁར་པད་ཟླའི་སྟེང་དུ། མི་བསྐྱོད་པ་ཐུགས་ཀྱི་སྒྲོལ་མ་མཐིང་ཁའི་ཐུགས་ཁར། པད་ཟླའི་སྟེང་དུ་ཏཱཾ་ཡིག་མཐིང་ཁ་ལ་སྔགས་ཀྱི་ཕྲེང་བ་བཻཌཱུརྻ་ལྟ་བུ་ལས་འོད་འཕྲོས། རང་གི་ལུས་ཀྱི་ནང་གང༌། ཡིད་ཀྱི་སྒྲིབ་པ་དག །ཞེ་སྡང་དག །འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ཐམས་ཅད་ཀྱི་ཐུགས་རང་བཞིན་འོད་གསལ་བའི་ཆོས་ཉིད་ཇི་ལྟ་བ་རྟོགས་པ་དང༌། ཆོས་ཅན་ཇི་
XXX
སྙེད་པ་མཁྱེན་པའི་ཡེ་ཤེས་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་བསྡུས་ནས། རང་གི་སྙིང་ཁའི་སྒྲོལ་མ་ལ་ཐིམ་པས། ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཞུགས། མེ་ལོང་ཡེ་ཤེས་མངོན་དུ་བྱས་པར་བསྒོམས་ལ་སྔགས་འདྲེན་ནོ། །ལྟེ་བར་པད་ཟླའི་སྟེང་དུ་རིན་འབྱུང་ཡོན་ཏན་གྱི་སྒྲོལ་མ་སྐུ་མདོག་སེར་མོ་ལྟ་བུར་བསྐྱེད་པའི་སྙིང་ཁར་པད་ཟླའི་སྟེང་དུ་ཏཱཾ་ཡིག་སེར་པོ་ལས་སྔགས་ཕྲེང་གསེར་མདོག་ལྟ་བུ་འཁོར་བ་ལས་འོད་འཕྲོས། རང་གི་ལུས་ནང་གང༌། འདོད་པ་དང་ང་རྒྱལ་ལས་གྱུར་པའི་སྒྲིབ་པ་དག །འོད་ཟེར་ཕྱིར་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་ཕོག །ཡོན་ཏན་མཐའ་དག་རྒྱས་པར་བྱས། དེ་དག་གི་ཡོན་ཏན་ཐམས་ཅད་འོད་ཟེར་སེར་པོའི་རྣམ་པར་བསྡུས་ནས་རང་གི་ལྟེ་བའི་སྒྲོལ་མ་ལ་ཐིམ། ཡོན་ཏན་གྱི་བྱིན་རླབས་མཐའ་དག་ཞུགས། མཉམ་ཉིད་ཡེ་ཤེས་མངོན་དུ་བྱས་པར་སྒོམ་ལ་སྔགས་འདྲེན་ནོ། །གསང་གནས་སུ་པད་ཟླའི་སྟེང་དུ་དོན་གྲུབ་ཕྲིན་ལས་ཀྱི་སྒྲོལ་མ་ལྗང་ཁུ། རང་ལྟ་བུའི་ཐུགས་ཁར་པད་ཟླའི་སྟེང་དུ་ཏཱཾ་ཡིག་ལྗང་ཁུ་ལས་སྔགས་ཕྲེང་མརྒད་ལྟ་བུ་འཁོར་བ་ལས་འོད་ཟེར་ལྗང་ཁུ་འཕྲོས། གསང་གནས་ཡན་ཆད་གང༌། ཆགས་པ་དང་ཕྲག་དོག་དག །འོད་ཟེར་ཕྱོགས་བཅུར་ཕྱིར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་ཕོག །ཕྲིན་ལས་ལྷུན་གྲུབ་ཏུ་བྱས། དེ་དག་གི་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་ལྗང་ཁུའི་རྣམ་པར་བསྡུས་ནས་རང་གི་གསང་གནས་སུ་ཐིམ་པས་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ། བྱ་བ་ནན་ཏན་གྱི་ཡེ་ཤེས་མངོན་དུ་བྱས་པར་བསྒོམ་ལ་སྔགས་འདྲེན་ནོ། །ཡང་རིམ་པ་ལྟར།
XXX
སྤྱི་བོ། མགྲིན་པ། སྙིང་ཁ། ལྟེ་བ། གསང་གནས་ཀྱི་གནས་ལྔར། སྒྲོལ་མ་དཀར། དམར། མཐིང༌། སེར། ལྗང་ཁུ་ལྔ་ལས། འོད་ཟེར་དཀར་དམར་མཐིང་སེར་ལྗང་ཁུ་རང་གི་ལུས་ཀྱི་གནས་ལྔར་ཕོག །གཏི་མུག །འདོད་ཆགས། ཞེ་སྡང༌། ང་རྒྱལ། ཕྲག་དོག་ལྔ་སྦྱངས། འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་རིགས་དྲུག་ལ་ཕོག །དེ་དག་གིས་གཏི་མུག །འདོད་ཆགས། ཞེ་སྡང༌། ང་རྒྱལ། ཕྲག་དོག་ལྔ་སྦྱངས། ཆོས་དབྱིངས། སོར་རྟོགས། མེ་ལོང༌། མཉམ་ཉིད། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ། རྣམ་སྣང༌། འོད་དཔག་མེད། མི་བསྐྱོད་པ། རིན་བྱུང༌། དོན་གྲུབ། ལས་ཀྱི་སྒྲོལ་མའི་གོ་འཕང་ལྔ་ལ་བཀོད། ཚུར་འདུས་སོ་སོར་ཐིམ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་རྣམས་ཞུགས། དུག་ལྔ་དག །ཡེ་ཤེས་ལྔ་མངོན་དུ་བྱས། སྐུ་ལྔ་ཐོབ་པར་བསམ་ལ་སྔགས་འདྲེན་ནོ། །དེ་དག་ནི་འོད་ཟེར་སྤྲོ་བསྡུའི་ཁྲིད་ཀྱི་དམིགས་པའོ། །འདི་ནི་བསྐྱེད་པའི་རིམ་པའི་ཁྲིད། བུམ་དབང་གི་དོན་ཡིན་ལ། སྤྲུལ་སྐུ་མངོན་དུ་བྱས་བྱ་ཡིན་ནོ། །གསུམ་པ་བཟླས་པ་སྔགས་ཀྱི་སྤྲོ་བསྡུའི་ཁྲིད་ནི། རང་སྒྲོལ་མ་གོང་ལྟར་གསལ་གདབ་པའི་གནས་ལྔར། སྒྲོལ་མ་རིགས་ལྔ་བསྐྱེད་དོ། །སྤྱི་བོར་དཀར་མོ། མགྲིན་པར་དམར་མོ། སྙིང་ཁར་མཐིང་ཁ། ལྟེ་བར་སེར་མོ། གསང་གནས་སུ་ལྗང་ཁུ་རྣམས་ཀྱི་སྙིང་ཁར་པད་ཟླའི་སྟེང་དུ་ཏཱཾ་ཡིག་དཀར་དམར་མཐིང་སེར་ལྗང་ཁུ་ལྔ་ལས་སྔགས་ཀྱི་ཕྲེང་བ་མུ་ཏིག་དཀར་པོ་དང༌། པདྨ་རཱ་ག་ལྟར་དམར་བ་དང༌། མཐོན་མཐིང་ངམ་བཻཌཱུརྻ་ལྟར་མཐིང་བ་དང༌། གསེར་གྱི་ཕྲེང་བ་ལྟར་སེར་བ་དང༌།
XXX
མརྒད་ཀྱི་ཕྲེང་བ་ལྟར་ལྗང་བ་ལྔ་ལས་རིམ་པ་བཞིན། སྔགས་ཕྲེང་ངམ། ཨཱ་ལི་ཀཱ་ལིའི་རྣམ་པར་འོད་ཟེར་དཀར་པོ། དམར་པོ། སྔོན་པོ། སེར་པོ། ལྗང་ཁུ་རྣམས་ལས་འོད་ཟེར་རིམ་པ་བཞིན་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཕོག །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རོལ་པ་མཐའ་དག་རྒྱས་པར་བྱས། ཕྱི་ནང་གསང་གསུམ་གྱི་མཆོད་པས་མཆོད་པར་བསམ་ལ། རླུང་རོ་ཐེང་གསུམ་འབུད། དེ་ནས་རླུང་ནང་དུ་རྔུབ་ལ་བུམ་པ་ཅན་བཟུང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོ་ཐམས་ཅད་སྔགས་ཕྲེང་དཀར། དམར། མཐིང༌། སེར། ལྗང་ཁུའི་རྣམ་པར་འདུས་ནས། སྤྱི་བོ། མགྲིན་པ། སྙིང་ཁ། ལྟེ་བ། གསང་གནས་རྣམས་ཀྱི་སྒྲོལ་མ་དཀར་དམར་མཐིང་སེར་ལྗང་ཁུ་ལྔའི་ཐུགས་ཀའི་སྔགས་འཁོར་ལ་ཐིམ་པས། གཏི་མུག །འདོད་ཆགས། ཞེ་སྡང༌། ང་རྒྱལ། ཕྲག་དོག་གི་སྒྲིབ་པ་ལྔ་དག །ཆོས་དབྱིངས་ཡེ་ཤེས། སོར་རྟོགས། མེ་ལོང༌། མཉམ་ཉིད། བྱ་གྲུབ་ཡེ་ཤེས་ལྔ་མངོན་དུ་བྱས། སྐུ་ལྔ་ཐོབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཞུགས་པར་བསམ་ལ་རླུང་བུམ་པ་ཅན་ཅི་ནུས་སུ་བཟུང་ངོ༌། །དེ་བཞིན་དུ་སྒྲོལ་མ་ལྔའི་ཐུགས་ཁ་ནས་སྔགས་ཕྲེང་དཀར་དམར། སྔོ་སེར། ལྗང་ཁུ་འཕྲོས་པས། ལུས་ཀྱི་གནས་ལྔ་གང༌། དུག་ལྔ་དག །སླར་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་རིགས་དྲུག་གི་སེམས་ཅན་ལ་ཕོག །དེ་དག་གིས་གཏི་མུག །འདོད་ཆགས། ཞེ་སྡང༌། ང་རྒྱལ། ཕྲད་དོག་ལྔ་དག །ཡེ་ཤེས་ལྔ་
XXX
མངོན་དུ་བྱས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རིགས་ལྔའི་སྒྲོལ་མའི་གོ་འཕང་ལ་བཀོད་པར་བསམ་ལ་རླུང་ཕྱིར་བཏང་ངོ༌། །དེ་ནས་དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ནུས་པ་ཐམས་ཅད་རང་ལ་ཞུགས་པར་བསམ་ཞིང༌། ཁྱད་པར་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཚད་མེད་པ་བསྐྱེད་ལ། དེ་དག་སྔགས་ཕྲེང་གི་རྣམ་པར་བསྡུས་ཤིང༌། བུམ་པ་ཅན་གྱི་རླུང་ནུས་ཚད་བཟུང་ངོ༌། །དེ་ནི་སྔགས་ཕྲེང་བུམ་པ་ཅན་ལ་བརྟེན་པའི་སྦྱོར་བའོ། །དེ་ནས་སྣོད་བཅུད་རང་ལ་ཐིམ། རང་གི་སྤྱི་བོའི་སྒྲོལ་མ་མགྲིན་པའི་སྒྲོལ་མ་ལ་ཐིམ། མགྲིན་པའི་སྒྲོལ་མ་སྙིང་ཁའི་སྒྲོལ་མ་ལ་ཐིམ། གསང་གནས་ཀྱི་སྒྲོལ་མ་ལྟེ་བའི་སྒྲོལ་མ་ལ་ཐིམ། ལྟེ་བའི་སྒྲོལ་མ་སྙིང་ཁའི་སྒྲོལ་མ་ལ་ཐིམ། རང་ལུས་ཀྱང་ཐུགས་ཀའི་སྒྲོལ་མ་ལ་ཐིམ། ཐུགས་ཀའི་སྒྲོལ་མ་ཏཱཾ་ལ་ཐིམ། ཏཱཾ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་བློ་འདས་ཀྱི་ངང་ལ་མཉམ་པར་བཞག་གོ །དེས་ནི་ངག་རླུང་དག་པར་བྱེད་པ་སྔགས་ཕྲེང་བུམ་པ་ཅན་ལ་བརྟེན་པའི་ཁྲིད་དེ་གསང་དབང་གི་དོན་ཡིན། དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའོ། །གཉིས་པ་ལ་བཞི་སྟེ། ཞི་གནས། ལྷག་མཐོང༌། འོད་གསལ། འཕོ་བ་སྟེ་བཞིའོ། །དང་པོ་ལ་གསུམ། མཚན་མ་ལ་བརྟེན་པའི་ཞི་གནས་དང༌། རྟོག་པ་ལ་སེམས་གཏད་པའི་ཞི་གནས་དང༌། རྟོག་མེད་དུ་འཇོག་པའི་ཞི་གནས་ཏེ་གསུམ་མོ། །དང་པོ་ལ་གཉིས། ཕྱི་ན་སེམས་བཟུང་བ་དང༌། ནང་ན་སེམས་བཟུང་བའི། དང་པོ་ལ་གཉིས་ཏེ། མ་དག་པ་དང་དག་པའོ། །དང་པོ་མདུན་དུ་ཀ་བ་བུམ་པ། ཤིང་བུ། རྡེའུ་ལ་སོགས་པ་གང་ཡང་རུང་བ་ཞིག་ལ། ལུས་གནད་ལྟ་སྟངས་དང་བཅས་པས་མ་ཡེངས་པར་སེམས་བཟུང༌།
XXX
དེ་ལ་ཡེངས་སུ་ཡང་མི་འཇུག །རྟོག་པ་ཡང་མི་འགྱེད། གཞན་ཡང་བྱིང་རྒོད་བྱུང་ན་སྟེང་འོག་ཏུ་སེམས་འཛིན་པ་དང༌། གཡས་གཡོན་དུ་སེམས་འཛིན་པ་ཡང་ཤེས་པར་བྱའོ། །གཉིས་པ་ནི། མདུན་དུ་སྒྲོལ་མའི་སྐུ་གཟུགས་སམ། མེད་ན་བསྒོམ་ལ། དེ་ལ་རྟོག་པ་ཡང་མི་སྤྲོ། ཡེངས་སུ་ཡང་མི་འཇུག །དེ་ཐོག་ཏུ་མ་ཡེངས་ཙམ་དུ་གློད་ནས་འཇོག་པ་ནི། དག་པ་རྒྱལ་བའི་སྐུ་ལ་སེམས་འཛིན་པའོ། །གཉིས་པ་ལ་གཉིས་ཏེ། མ་དག་པ་དང་དག་པའོ། །དང་པོ་མ་དག་པ་ཐིག་ལེ་ལ་སེམས་བཟུང་བ་ནི། རང་གི་སྙིང་གར་ཐིག་ལེ་དམར་སེར་འོད་འཕྲོ་བ། སྲན་འབྲུ་ཙམ་ལ་སེམས་བཟུང་སྟེ། དེ་ལ་རྟོག་པ་ཡང་མི་སྤྲོ། ཡེངས་སུ་ཡང་མི་འཇུག་གོ །གཉིས་པ་དག་པ་རྒྱལ་བའི་སྐུ་ལ་སེམས་འཛིན་པ་ནི། རང་གི་སྙིང་ཁར་པད་ཟླའི་སྟེང་དུ། སྒྲོལ་མ་ཚོན་གང་བ་འོད་དང་བཅས་པ་ལ་སེམས་བཟུང༌། དེ་ལ་རྟོག་པ་ཡང་མི་སྤྲོ། ཡེངས་སུ་ཡང་མི་འཇུག་གོ །བྱིངས་རྒོད་བྱུང་ན་སྔར་བཞིན་ནོ། །དེ་ནི་མཚན་མ་ལ་བརྟེན་པའི་ཞི་གནས་སོ། །གཉིས་པ་རྟོག་པ་ལ་གཏད་ནས་སེམས་བཟུང་བ་ནི། རྣམ་རྟོག་ལྷག་པར་སྤྲོས་ལ། དུག་ལྔ། དུག་གསུམ། ཉོན་མོངས་པ་གཟུང་འཛིན་འཁོར་བའི་རྣམ་རྟོག །དགེ་བ་བཅུ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུའི་རྣམ་རྟོག་ལ་སོགས། དགེ་མི་དགེའི་རྟོག་པ་གང་སྐྱེས་པའི་ངོ་བོ་ལ་རྟོག་མེད་ཀྱིས་ཅེར་ཅེར་བལྟས་ན། འཛིན་མེད་དུ་ཞི་གནས། རིག་པ་གསལ་སྟོང་ངོས་བཟུང་མེད་པ། གསལ་གསལ་འཆར་བ་ཡིན་ཏེ། དེ་ཉིད་རང་རིག་རང་ངོ་ཤེས་པའི་རང་གྲོལ་གྱི་ངང་ལ་མ་ཡེངས་པར་བསྐྱངས། སླར་ཡང་རྣམ་རྟོག་གང་སྐྱེས་པའི་ངོ་བོ་ཅེར་གྱིས་གཏད་ནས། སྤང་
XXX
བླང་མེད་པར་རང་ངོ་ཤེས་པར་བྱས་ལ། རྣམ་རྟོག་ལམ་ཁྱེར་གྱི་མན་ངག་ཉམས་སུ་བླངས་བར་བྱའོ། །གསུམ་པ་ཞི་གནས་མཐར་ཐུག་རྟོག་མེད་ལ་སེམས་བཟུང་བ་ནི། གནས་དབེན་པར་མུན་ཁང་གི་ནང་དུ་འབོལ་བའི་གདན་ལ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ། མིག་བར་སྣང་སྟོང་པ་ལ་ཧད་དེ་གཏད་ནས། ཡིད་ལ་འདས་མ་འོངས་ད་ལྟར་གྱི་རྟོག་པ་གསུམ། དགེ་མི་དགེ་ལུང་མ་བསྟན་གྱི་རྟོག་པ་གསུམ་ལ་སོགས་པ་དུས་གསུམ་རྟོག་པའི་རྒྱུ་འགྲུལ་ཐམས་ཅད་རྦད་ཆོད་ལ་བཏང༌། ཡིད་ལ་ཅི་ཡང་མི་བསམ་པར། སེམས་ནམ་མཁའ་གཡའ་དག་པ་ལྟར། གསལ་སྟོང་འཛིན་མེད་དུ་ཕྱལ་ལེ་བ་གསལ་ལེ་ཧྲིག་གེར་བཞག་པས། བདེ་གསལ་མི་རྟོག་པའི་ཞི་གནས་སྐྱེ་བར་འགྱུར་རོ། །གཉིས་པ་ལ་གསུམ་སྟེ། དང་པོ་རྒྱུའི་ལྷག་མཐོང༌། སེམས་ལ་རྣམ་པར་བརྟག་ཅིང༌། བསྒོམ་པ་ནི། འདི་ལྟར། བདག་གི་སེམས་འདི་གང་ནས་བྱུང་ཞིང་གང་དུ་གནས། གང་དུ་འགྲོ་བར་འགྱུར། ཞེས་སྐྱེ་འགག་གནས་གསུམ་གྱི་ངོ་བོ་ལ་བརྟག་ཅིང་དཔྱད། འབྱུང་བ་ལྔ་རང་ལུས་ལ་སྐྱེས་སམ། གནས་སམ་འཆིའམ་སྙམ་དུ་བརྟག་ཅིང་དཔྱད་པར་བྱའོ། །གཞན་ཡང་སེམས་ལ་ཁ་དོག་དཀར་དམར། སྔོ་སེར་ལྗང་ཁྲ་ལ་སོགས་པའི་ཁ་དོག་ཡོད་པ་ཞིག་གམ། མེད་པ་ཞིག་གམ་སྙམ་དུ་བརྟག་ཅིང་དཔྱད། གཞན་ཡང་སེམས་ནི། ས་ཆུ་མེ་རླུང་ནམ་མཁའི་དབྱིབས་སམ། ཟླུམ་པོ་གྲུ་བཞི་ཟླ་གམ་ནར་མོ་འཇོང་མོ་ལ་སོགས་པའི་དབྱིབས་གྲུབ་པ་ཞིག་ཡིན་ནམ། དབྱིབས་མེད་པ་ཞིག་ཡིན་སྙམ་དུ་བརྟག་ཅིང་དཔྱད། སེམས་ལས་རྣམ་པར་རྟོག་པ་གཞན་ཞིག་ཡིན་ནམ། འོན་ཏེ་རྣམ་པར་རྟོག་པ་སེམས་ཡིན་
XXX
ཅེས་བརྟག་ཅིང་དཔྱད། གཞན་ཡང་ཕྱི་རོལ་གྱི་སྣང་བ་སེམས་ལས་བྱུང་ངམ་འོན་ཏེ་སྣང་བ་ལས་སེམས་བྱུང་ཞེས་བརྟག་ཅིང་དཔྱད། བརྟག་མཁན་གྱི་སེམས་ལ་ཡང་སེམས་ཀྱིས་ལྟ་ཞིང་དཔྱད། སེམས་འདི་ཉིད་ཡོད་པ་ཞིག་གམ། འོན་ཏེ་མེད་པ་ཞིག །གསལ་བ་ཞིག་གམ་འོན་ཏེ་མི་གསལ་བ་ཞིག །བདེ་བ་ཞིག་གམ་འོན་ཏེ་སྡུག་བསྔལ་བ་ཞིག །བདག་ཡོད་པ་ཞིག་གམ་བདག་མེད་པ་ཞིག །རྟག་པ་ཞིག་གམ་འོན་ཏེ་མི་རྟག་པ་ཞིག །ཞི་བ་ཞིག་གམ་མ་ཞི་བ་ཞིག་ཡིན་སྙམ་དུ་བརྟག །སྣང་བ་ཞིག་གམ་འོན་ཏེ་མི་སྣང་བ་ཞིག་སྙམ་དུ་བརྟག་ཅིང་དཔྱད། གཞན་ཡང་མཉམ་པར་བཞག་པའི་སེམས་ནི་ཅི་ལྟ་བུ། མཉམ་པར་མ་བཞག་པའི་སེམས་ནི་ཅི་ལྟ་བུ་སྙམ་དུ་ལེགས་པར་རང་གི་སེམས་ལ་རང་གིས་བརྟག་ཅིང་དཔྱད། མཉམ་པར་འདོད་མཁན་གྱི་སེམས་ཀྱི་ངོ་བོ་ལ་ཡང་ལེགས་པར་བརྟག་ཅིང་དཔྱད་དོ། །དེའི་ཚེ། སེམས་ཀྱི་ངོ་བོ་སྐྱེ་འགགས་གནས་གསུམ་དང་བྲལ་བ། ངོ་བོ་རང་བཞིན་གྱིས་སྟོང་པ་ནམ་མཁའ་ལྟ་བུ་ལ་དབྱིངས་རང་བཞིན་གིས་འོད་གསལ་བ། དེ་ཉིད་རིག་པ་འགག་མེད་ཀྱི་རོལ་པ་ཅིར་ཡང་འཆར་ཞིང་སྣང་བ་འདི་ཐམས་ཅད། སྐྱེ་བ་མེད་པ་དང་འགག་པ་མེད་པ་དང༌། གནས་པ་མེད་པར་རོ་མཉམ། ངོ་བོ་སྟོང་པ། རང་བཞིན་གསལ་བ། རྣམ་པ་འགག་མེད་ཀྱི་རིག་པ་དུ་མར་འཆར་ཞིང་སྣང་བ། དབྱེར་མེད་བློ་འདས་ནམ་མཁའ་ལྟ་བུ་ལ་གསལ་རིག་སྟོང་གསུམ་ནམ་མཁའ་ལྟ་བུར་མཐའ་དབུས་མེད་པར་འདུག་གོ་ཞེ་ན། དེ་ཁོ་ན་ཉིད་དོ་ཞེས། གཞི་ལམ་འབྲས་གསུམ། ལྟ་སྒོམ་སྤྱོད་འབྲས་བཞི། བདེན་པ་བཞི། དགའ་བ་བཞི། ཚད་མེད་བཞི། ཕ་རོལ་ཏུ་ཕྱིན་པ་དྲུག །ས་བཅུ་ལམ་ལྔ། ཐབས་ཤེས་གཉིས།
XXX
བདེན་པ་གཉིས། སྐྱབས་འགྲོ། བཤགས་པ། སྲུང་བ། སེམས་བསྐྱེད། ཚོགས་གཉིས། སྙིང་རྗེ། བསྐྱེད་རིམ། ཞི་ལྷག །དཀོན་མཆོག་གསུམ། སྐུ་གསུམ། ཡེ་ཤེས་ལྔ་ལ་སོགས་པའི་ཡོན་ཏན་ཐམས་ཅད་རང་ངོ་ཤེས་པའི་སྟེང་དུ་ངོ་སྤྲད་པ་ལ་མཁས་པར་བྱའོ། །གཉིས་པ་ངོ་བོའི་ལྷག་མཐོང༌། ཐ་མལ་གྱི་ཤེས་པ་སོ་མ་རང་ངོ་སྤྲད་ནས། ཅིག་ཅར་དུ་ཉམས་སུ་ལེན་པ་ནི། སེམས་ཉིད་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བ། བདག་དང་བདག་གིར་འཛིན་པའི་གཟུང་འཛིན་ལས་གྲོལ་ཞིང༌། ངོ་བོ་སྟོང་པ། རང་བཞིན་གསལ་བ། རྣམ་པ་འགག་མེད་ཀྱི་རིག་པ་ཡུལ་མེད་དུ་མར་གསལ་ཞིང་སྣང་བ། མཐོང་བྱ་མཐོང་བྱེད་ཀྱི་འཛིན་པའི་ཡུལ་ལས་འདས་པ། བསྒོམ་བྱ་སྒོམ་བྱེད་ཀྱི་དམིགས་པའི་ཡུལ་ལས་གོལ་བ། གང་ཡང་ཡིད་ལ་མི་བྱེད་པས་ཡིད་བྱེད་དང་བྲལ་བ། དེ་ཉིད་ལ་བཟོ་བཅོས་མ་བྱས་པས་ལྷུགས་པ། བྱ་བ་ཐམས་ཅད་དང་བྲལ་བས་བྱར་མེད། གང་ཤར་ངོས་བཟུང་དང་བྲལ་བས་འཛིན་མེད། མཉམ་བཞག་གི་ཤེས་པ་ལ་བཅོས་སླད་དང་བྲལ་བས་ཧད་དེ་བ། མཚན་འཛིན་མེད་པས་སྟོང་སང་ངེ་བ། རང་བཞིན་གྱིས་འོད་གསལ་བས་ས་ལེ་བ། རྣམ་རྟོག་གཟུང་འཛིན་གྱིས་མ་གོས་པས་རྗེན་ནེ་བ། རང་ངོ་རང་གིས་ཤེས་པས་ཧྲིག་གེ་བ། ཡུལ་ཡུལ་ཅན་གྱི་འཛིན་པ་ཞིག་པས་སྣང་སེམས་དབྱེར་མེད་ཟང་ཐལ་དུ་ཕྱལ་ལེ་བ། རིག་པ་མ་བཅོས་པར་རང་ལུགས་སུ་འཇོག་པས་ཐ་མལ་གྱི་ཤེས་པ། རྣམ་རྟོག་ལུ་གུ་རྒྱུད་དུ་སྙིང་འཇུག་པས་སོ་མ་ཞེས་བྱ་སྟེ། འདི་ལྷག་མཐོང་གི་ངོ་བོ་ཉམས་སུ་བླང་བྱའི་དངོས་གཞི་ཡིན་ནོ། །འདི་ཉིད་འཕགས་མའི་ངོ་བོ་སྟེ། འཕགས་ཞེས་པ་ནི་མ་རིག་གཟུང་འཛིན་
XXX
གྱི་འཁོར་བ་ལས་འཕགས་པའོ། །མ་ཞེས་པ་ནི་ཤེས་རབ་ཀྱི་རང་རྩལ་གྱིས་རང་ངོ་ཤེས་པའོ། །སྒྲོལ་ཅེས་པ་ནི། མ་འགག་པའི་རྩལ་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་འབད་མེད་དུ་བྱེད་པའོ། །མ་ཞེས་པ་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་དོན་གཉིས་ལྷུན་གྲུབ་ཅེས་པའི་དོན་ཡིན་ནོ། །དེས་ན་སེམས་ཉིད་འཕགས་མ་སྒྲོལ་མ་རྟོགས་པར་བྱའོ། །ཞེས་ངོ་སྤྲད་པར་བྱའོ། །གསུམ་པ་མཐར་ཐུག་གི་ཞི་ལྷག་ཟུང་འཇུག་ཉམས་སུ་བླངས་བར་བྱ་བ་ནི། སེམས་ཉིད་སྐྱེ་གནས་འཇིག་གསུམ་དང་བྲལ་བ་དེ་ཉིད་འགག་པ་མེད་པས་ཆད་པའི་མཐའ་དང་བྲལ་བ། རང་བཞིན་སྟོང་པ་ཉིད་དུ་གནས་པས་རྟག་པའི་མཐའ་དང་བྲལ་བ། སྣ་ཚོགས་དུ་མར་རིག་པས་ཆད་པའི་མཐའ་དང་བྲལ་བ། སེམས་ཀྱི་ངོ་བོ་ཁ་དོག་དབྱིབས་སུ་གྲུབ་པ་མེད་པས་རྟག་པའི་མཐའ་དང་བྲལ་བ། སེམས་ཀྱི་ངོ་བོ་སྟོང་ཉིད་བདག་མེད་བློ་ལས་འདས་པས་རྟག་པའི་མཐའ་དང་བྲལ་བ། རྩལ་སྣ་ཚོགས་སུ་འཆར་བས་ཆད་པའི་མཐའ་དང་བྲལ་བ། དེས་ན་རྟག་ཆད་མཚན་འཛིན་གྱིས་མཐའ་ལས་འདས་པས། གསལ་རིག་སྟོང་གསུམ་དབྱེར་མེད་པ། ཟུང་འཇུག་ཉམས་སུ་ལེན་པའི་ཚུལ་ནི། ཐབས་བསོད་ནམས་ཀྱི་ཚོགས་སྒྱུ་མ་ལྟ་བུ་ལ་སེམས་གནས་ཤིང༌། དེ་དག་རང་བཞིན་མེད་པ་སྟོང་པ་ཉིད་དུ་ཤེས་ཤིང་མཐོང་བ་ནི་ལྷག་མཐོང་ངོ༌། །མོས་གུས་བླ་མའི་རྣལ་འབྱོར་ལ་སེམས་གནས་པ་ཞི་གནས་ཡིན་ལ། སེམས་དེའི་ངོ་བོ་སྟོང་ཉིད་བློ་འདས་སུ་མཐོང་བའི་ལྷག་མཐོང་ངོ༌། །བསྐྱེད་རིམ་ཆུ་ཟླ་ལྟ་བུ་ལ་སེམས་གནས་པ་ཞི་གནས། རང་བཞིན་སྟོང་པ་ཉིད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །སྣང་བ་སེམས་ཀྱི་རང་སྣང་ཆུ་ཟླ་ལྟ་བུ་ལ་སེམས་གནས་ཤིང༌།
XXX
རྟེན་འབྲེལ་སྐྱེ་མེད་སྣང་སྟོང་དབྱེར་མེད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །ལམ་གྱི་མཐར་ཐུག་བདེ་བ་ཆེན་པོ་ལ་སེམས་གནས་པ་ཞི་གནས་ཡིན་ལ། དེ་ཉིད་ཞེན་མེད་སྟོང་པ་ཉིད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །སེམས་རང་བཞིན་འོད་གསལ་བ་ལ་སེམས་གནས་པ་ཞི་གནས་ཡིན་ལ། ངོ་བོ་སྤྲོས་བྲལ་སྟོང་པ་ཉིད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །བཅོས་བསླད་དང་བྲལ་བའི་རིག་པ་སོ་མ་ལ་སེམས་གནས་པ་ནི་ཞི་གནས་ཡིན་ལ། བདག་མེད་སྐྱེ་མེད་དུ་མཐོང་བ་ལྷག་མཐོང་ངོ༌། །མདོར་ན་ཆུ་ཟླ་དང་མེ་ལོང་གི་གཟུགས་བརྙན་དང་བྲག་ཅ་ལྟར་སྣང་བ་ལས་གཞན་པའི་སྟོང་པ་མེད། སྟོང་པ་ལས་གཞན་པའི་སྣང་བ་མེད། སྣང་སྟོང་སྐྱེ་མེད་ནམ་མཁའ་ལ་འཇའ་ཤར་བ་ལྟ་བུར་རྟོགས་ནས་དེའི་ངོ་བོར་འཇོག་པའི་ཞི་ལྷག་ཟུང་འཇུག་ཅེས་བྱའོ། །དེ་ལ་རྫོགས་རིམ་ཞི་ལྷག་ཟུང་འཇུག་སོང་ངོ༌། །གསུམ་པ་འོད་གསལ་འཛིན་པ་ནི་རང་ཉིད་སྒྲོལ་མར་གསལ་བར་བསྐྱེད་པའི་ཐུགས་ཁར། འཁོར་ལོ་ལྗང་ཁུའམ་དཀར་པོ་དངུལ་ཆུའི་མདོག་ལྟ་བུ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་གང༌། ཕྱིར་འཕྲོས་ལུས་ཀྱི་ཕྱི་རོལ་ཐམས་ཅད་ཉི་མ་སྟོང་ལས་ལྷག་པའི་འོད་ཀྱིས་གསལ་གདབ་པར་བྱས། དེ་ནས་དཔག་ཚད་ཙམ་འོད་ཀྱིས་གང་བར་བྱས། དེ་ནས་འཛམ་བུ་གླིང་ཙམ། དེ་ནས་གླིང་བཞི། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཟེར་གྱིས་གང་བར་བྱས། སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་དག་འོད་ཀྱི་རང་བཞིན་དུ་བྱས། ཡུལ་ཡུལ་ཅན་ཐམས་ཅད་འོད་ཟེར་གྱིས་གང་བར་བྱས། ཉི་མ་འབུམ་གྱི་འོད་ལས་ཀྱང་གསལ་བར་བསྒོམ། དེ་ནས་སེམས་རང་བཞིན་གྱིས་འོད་གསལ་བ། དམིགས་པ་མེད་པའི་
XXX
ངང་ནས། རྟོགས་མེད་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་བཞག་ཅིང་འོད་གསལ་བསྒོམ་པའོ། །མཚན་མོ་ཡང་དེ་ལྟ་བུའི་ཚུལ་གྱིས་མཉམ་པར་བཞག་པས། གཉིད་འོད་གསལ་དུ་འཆར་བར་འགྱུར་རོ། །དེ་ནི་འོད་གསལ་བསྒོམ་པའི་རིམ་པའོ། །བཞི་པ་འཕོ་བ་ལ་གཉིས་ཏེ། སྦྱང་བ་དང༌། ལས་ལ་སྦྱར་བའོ། །དང་པོ་རང་གི་ལུས་སྟོང་རང་སྒོམ་པའི་སྙིག་ཁར་ཨུཏྤལ་རྒྱས་པའི་སྟེང་དུ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ཡིག་ལྗང་ཁུ་ཞིག་བསམ། རང་གི་སྤྱི་བོར་ཚངས་པའི་བུ་ག་གསལ་ཧཾ་རེ་པ་བསྒོམ་མོ། །དེའི་སྟེང་གི་ཁྲུ་གང་ཙམ་གྱི་ནམ་མཁའ་ལ། རིན་པོ་ཆེའི་ཁྲིའི་སྟེང་དུ། ཨུཏྤལ་རྒྱས་པའི་སྟེང་དུ་འཕགས་མ་སྒྲོལ་མ་གསལ་བར་བསྐྱེད་པའི་ཞལ་ནས། ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱ། ཞེས་གསུངས་པས་རང་གི་སྙིང་ཁའི་ཏཱཾ་ཡིག་ལས་ཐིག་ལེ་ལྗང་ཁུ་ཞིག་ཆད་ནས་སྤྱི་བོའི་ཚངས་བུག་ནས་ཡར་ཐོན། སྤྱི་བོའི་སྒྲོལ་མའི་ཐུགས་ཁར་རེག་པ་རེ་བྱས་ནས། སླར་མར་བབས། སྙིང་ཁའི་ཏཱཾ་ཡིག་ལ་ཐིམ་པར་བསྒོམ་སླར་ཏཱཾ་ཡིག་ལས་ཐིག་ལེ་ལྗང་ཁུ་ཞིག་ཆད་ནས་འོད་དང་བཅས་པར་འཕགས་མའི་ཐུགས་ཀར་ཐིམ་པ་ལ་དམིགས་པ་ཉི་ཤུའམ། བརྒྱ་ལ་སོགས་པ་བྱའོ། །མཐར་ཐུག་འཇོག་ཁར་སྤྱི་བོར་སྒྲོལ་མའི་ཕྱག་གཡས་ན་ཟླ་བའི་དཀྱིལ་འཁོར་གཅིག་གིས་རང་གི་ཚངས་བུག་དེ་བཀག་པར་བསམ་པ་ནི་ལོག་ནོན་ནོ། །དེ་ནི་སྦྱངས་པའོ། །གཉིས་པ་ལས་ལ་སྦྱོར་བ་ནི། རང་ལ་འཆི་བའི་རྟགས་
XXX
ཚངས་པའི་ཚེ། ཞེན་ཆགས་མཐའ་དག་དང་བྲལ་བར་བྱས་ནས། རང་ལུས་སྟོང་སང་ངེ་བའི་སྙིང་ཁར་ཟླ་བའི་སྟེང་དུ་ཏཱཾ་ལྗང་ཁུ་འོད་ཟེར་ལྔ་འཕྲོ་བར་བསམ་པའི་སྤྱི་བོའི་གཙུག་རྒྱ་སྐར་ཁ་བྱེ་བ་ལྟ་བུའི་སྟེང་གི་ནམ་མཁར་འདོམ་གང་ཙམ་གྱི་བར། སྒྲོལ་མ་གསལ་བར་བསྐྱེད་པའི་ཞལ་ནས། ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱ། ཞེས་པའི་སྔགས་སྒྲས་བསྐུལ་ནས། ཏཱཾ་ཡིག་གདན་དང་བཅས་པ་ནམ་མཁར་མདའ་འཕང་བ་ལྟར་སྒྲོལ་མའི་ཐུགས་ཁར་ཐིམ་པར་བསམ་ལ། རླུང་སེམས་སྤྱི་བོར་དྲག་ཏུ་གཏད། ངག་ཏུ་ཧིཀ་ཅེས་བརྗོད་པས་འཕོ་བར་འགྱུར་རོ། །དེ་ནི་སྤྲུལ་པའི་སྐུའི་འཕོ་བའོ། །ལོངས་སྐུ་ལ་འཕོ་བ་ནི། སྒྲོལ་མ་ནམ་མཁར་བྱོན་ནས། འོག་མིན་དུ་རྣམ་སྣང་གི་ཐུགས་ཀར་ཐིམ་པའམ། བདེ་བ་ཅན་གྱི་ཞིང་ཁམས་སུ་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པས། རྒྱལ་བ་དེ་དག་དང་དབྱེར་མེད་པར་བསམ་པ་ནི་ལོངས་སྐུ་ལ་འཕོ་བའོ། །ཆོས་སྐུ་ལ་འཕོ་བ་ནི། གཟུགས་སྐུ་དེ་དག་དམིགས་མེད་དུ་ཡལ་བར་བསམ་ལ། རིག་པ་གསལ་སྟོང་འཛིན་མེད་དུ་སྟེང་གི་ནམ་མཁར་གཏད་པའོ། །དེ་ནི་ཆོས་སྐུ་ལ་འཕོ་བའོ། །དེ་དག་ནི་དངོས་གཞིའོ། །གསུམ་པ་རྗེས་ནི། བསོད་ནམས་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །འགྲོ་བའི་དོན་དུ་སྒྲོལ་མ་མཆོག་ཐོབ་ནས། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་སངས་རྒྱས་སར་འགོད་ཤོག །ཅེས་བསྔོ་བ་དང་སྨོན་ལམ་བཏབ་བོ། །དེ་ནི་རྗེས་སོ། །དེ་ལྟར་སྦྱོང་དངོས་རྗེས་གསུམ་ཡོངས་རྫོགས་པའི། །
XXX
འཕགས་མ་སྒྲོལ་མའི་ཁྲིད་ཀྱི་རིམ་པ་འདི། །སྒྲོལ་མས་མི་ཏྲ་ཛྭ་ཀི་ལ་གནང་ཞིང༌། །དེ་ཡིས་ཤྲཱི་པུ་ཏྲ་རྗེས་སུ་བཟུང༌། །དེས་ནི་མི་བསྐྱོད་རྡོ་རྗེ་རྗེས་བཟུང་ནས། །གདམས་ངག་སྙན་ནས་སྙན་དུ་བརྒྱུད་པ་ཡི། །བདུད་རྩི་བུམ་པ་གང་བྱོས་ཚུལ་དུ་ནི། །འོད་དཔག་རྡོ་རྗེ་བདག་ལ་གསུངས་པ་རྣམས། །བརྗེད་ཀྱང་དོགས་ནས་ཡི་གེར་བཀོད་པའོ། །དགེ་བས་སེམས་ཅན་མ་ལུས་ཐམས་ཅད་ཀུན། །བཅོམ་ལྡན་སྒྲོལ་མའི་གོ་འཕང་མཆོག་ཐོབ་ཤོག། །།དགེ་ལེགས་འཕེལ།
Notes
Other Information
Information about Unicode Tibetan and the digitization of this text |
---|
As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion. |