Wylie:Gsang skor gyi dbang gi lag len gsal ba'i sgron me

From gDams Ngag mDzod
Jump to navigation Jump to search


Upload a file
DOWNLOAD ABOVE:
Click the picture above to view the original manuscript.

གསང་སྐོར་གྱི་དབང་གི་ལག་ལེན་གསལ་བའི་སྒྲོན་མེ་
gsang skor gyi dbang gi lag len gsal ba'i sgron me
The Luminous Lamp: An Empowerment Ritual for the Secret Cycle of the Great Perfection

Damngak Dzö Volume 2 (ཁ་) / Pages 233-246 / Folios 1a1 to 7b2


Property "Author" has a restricted application area and cannot be used as annotation property by a user.


[edit]
༢༣༣གསང་སྐོར་གྱི་དབང་གི་ལག་ལེན་གསལ་བའི་སྒྲོན་མེ་བཞུགས་སོ། །
༢༣༤ༀ་ཨཱཿཧཱུྃ། གདོད་མའི་མགོན་པོ་ཡོན་ཏན་རྫོགས་པའི་སྐུ། །མི་འགྱུར་ལྷུན་གྲུབ་ཀུན་ཏུ་བཟང་པོ་དང་། །དཔལ་མགོན་བླ་མའི་ཚོགས་ལ་ཕྱག་འཚལ་ཏེ། །གསང་སྐོར་སྙན་བརྒྱུད་དབང་གི་ལག་ལེན་བྲི། །དེ་ལ་གནས་དབེན་པར་མཎྜལ་དྲིས་བྱུགས་པར་ཚངས་ཟུར་གྱི་ཐིག་གདབ་ལ་རིམ་པ་གསུམ་དུ་བསྐོར་བའི་ནང་མ་ལ་པདྨ་འདབ་མ་བརྒྱད། བར་མ་ལ་བཅུ་དྲུག །ཕྱི་མ་ལ་ཉི་ཤུ་རྩ་བཞི་བྲིས་ལ། ལྟེ་བ་མཐིང་ཀའི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུ། མཚམས་དང་གཞན་རྣམས་མཛེས་ཚོན་དུ་བསྐྱེད་ལ། དེའི་སྟེང་དུ་མཉྫིའི་ཁར་དཔལ་གཏོར་སྤོད་དང་ཆང་གིས་བརྫིས་པའི་མཐའ་བསྐོར་དུ། ཆོས་སྐྱོང་སྤྱི། སྔགས་སྲུང་། གཟའ། དམ་ཅན། གཞི་བདག་ལྔའི་གཏོར་མ་དང་། ཕྱི་ནང་གི་མཆོད་པ། ཚོགས་ཀྱི་ཡོ་བྱད་དང་བཅས་པ་བཤམས་ཏེ། སློབ་དཔོན་རང་ཉིད་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་
༢༣༥ནས། ཨཱོ་ཡོ་ག་ཤུདྡྷཿསརྦ་ཿསྭ་བྷཱ་ཝ་་ཀོ྅ཧཾ་གིས་སྟོང་པའི་ངང་ལས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་སྲུང་བའི་འཁོར་ལོ། །ཡེ་ཤེས་ཀྱི་མེ་རི་མེ་ཕུང་དང་བཅས་པའི་དབུས་སུ། བྷྲཱུཾ་ལས་འཇའ་ཚོན་སྤེལ་བའི་གཞལ་ཡས་ཁང་གི་ནང་དུ། སེང་གེ་ཉི་ཟླ་རིན་པོ་ཆེའི་ཁྲི་ལ། དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་སྐུ་མདོག་མཐིང་ག་མཉམ་པར་སྦྱོར་བ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་གསལ་བཏབ་ལ། ༀ་ཨཱཿཧཱུྃ་བརྒྱ་རྩ་བརྗོད་ནས་མཎྜལ་གཏོར་མ་དང་བཅས་པ་སྐད་ཅིག་གིས་བྷྲཱུྃ་ལས་འོད་ལྔའི་གཞལ་ཡས་ཁང་གི་རྣམ་པར་བསྐྱེད་པའི་དབུས་སུ་རྡོ་རྗེ་སེམས་དཔའ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བསྐོར་བའི་མཐར། རིག་འཛིན་བརྡ་བའི་བརྒྱུད་པ་དང་། གང་ཟག་སྙན་ཁུང་གི་བརྒྱུད་པའི་བླ་མ་རྣམས་དང་། དེའི་ཕྱི་རིམ་དུ་རིགས་བཞིའི་མཁའ་འགྲོ་དམ་ཅན་རྒྱ་མཚོའ་ཚོགས་དང་བཅས་པ་རྣམས་སྤྲིན་ཕུང་འཁྲིགས་པ་བཞིན་དུ་གསལ་བཏབ་ལ། རྔ་དང་རོལ་
༢༣༦མོའ་སྒྲ་སྒྲོག་ཅིང་འདི་སྐད་དོ། །ཧཱུྃ། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེ་ཐབས་མཁས་ཡེ་ཤེས་རོལ་པའི་ལྷ། །དུས་གསུམ་རྒྱལ་བ་རིག་འཛིན་བླ་མར་བཅས། །ཆོས་ཀྱི་དབྱིངས་ལས་སྒྱུ་མར་སྐུ་བཞེངས་ཤིག །ཧཱུྃ། མ་གཡེལ་མ་གཡེལ་རིག་འཛིན་ཚོགས། །མ་གཡེལ་མ་གཡེལ་ཡི་དམ་ལྷ། །མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས། །མ་གཡེལ་མ་གཡེལ་སྲུང་མའི་ཚོགས། །རྒྱལ་པོའ་ཕོ་བྲང་གང་ན་ཡོད་པ་ན། །ཡུལ་ཁམས་སྐྱེ་བོ་ཐམས་ཅད་དེ་ན་འདུ། །བསྟན་པའི་སྙིང་པོ་གང་ན་ཡོད་པ་ན། །དམ་ཅན་རྒྱ་མཚོའ་ཚོགས་ཀྱང་དེ་ན་འདུ། །ཉི་མའི་སྙིང་པོ་གང་ན་ཤར་བ་དེར། །འོད་ཟེར་དམར་པོ་འཕྲོ་ཞིང་འདུ་བ་ལྟར། །བྱང་ཆུབ་སེམས་ཀྱི་དགོངས་ཀློང་གསལ་བ་ན། །ཞི་ཁྲོ་རབ་འབྱམས་ཚོགས་ཀྱང་དེ་ན་འདུ། །ནམ་མཁའ་སྟོང་ལ་ལྷོ་སྤྲིན་གཏིབས་པ་བཞིན། །རིག་འཛིན་དམ་ཅན་ཚོགས་ཀྱང་དེ་ན་འདུ། །རྒྱ་མཚོ་ཆེན་པོ་ཆུ་བྲན་འདུ་བ་བཞིན། །མ་སྲིང་རྒྱ་མཚོའ་ཚོགས་ཀྱང་དེ་ན་འདུ། །ལྷུན་གྱིས་གྲུབ་པའི་རིག་འཛིན་མ་གཡེལ་ཞིག །ཕྱག་རྒྱ་ཆེན་པོ་ཚེ་ལ་དབང་བ་ཡི། །རྣམ་པར་སྨིན་པའི་རིག་འཛིན་མ་གཡེལ་ཞིག །ཧཱུྃ། ཉི་མ་ལྟ་བུའི་ཕོ་བྲང་ནས། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ། །འཁོར་དུ་ཡེ་ཤེས་རྒྱ་མཚོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །འཇའ་ཚོན་འབར་བའི་དཀྱིལ་འཁོར་ནས། །ལོངས་སྐུ་རིགས་ལྔ་ཡབ་ཡུམ་ལ། །འཁོར་དུ་བྱང་ཆུབ་སེམས་དཔས་བསྐོར། །འདིར་གཤེགས །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ལ། །འཁོར་དུ་ཉེ་བའི་སྲས་ཀྱིས་བསྐོར། །འདིར་
༢༣༧གཤེགས །རི་རབ་རི་ཡི་རྩེ་མོ་ནས། །སྟོན་པ་དགའ་རབ་རྡོ་རྗེ་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས །བསིལ་བ་ཚལ་གྱི་དུར་ཁྲོད་ནས། །གུ་རུ་འཇམ་དཔལ་བཤེས་གཉེན་ལ། །འཁོར་དུ །འདིར་གཤེགས །བྱང་ཆུབ་འབྱུང་བའི་ཤིང་དྲུང་ནས། །གུ་རུ་ཤྲཱི་སིཾ་ཧ་ལ། །འཁོར་དུ །འདིར་གཤེགས །བྷ་སེང་ཆེན་པོའ་དུར་ཁྲོད་ནས། །གུ་རུ་བི་མ་མི་ཏྲ་ལ། །འཁོར་དུ །འདིར་གཤེགས །བསམ་ཡས་མཆིམས་ཕུའི་དགེ་གོང་ནས། །ཉང་བན་ཏིང་འཛིན་བཟང་པོ་ལ། །འཁོར་དུ །འདིར་གཤེགས །གཡོ་རུ་གཟང་ཕུག་ཕོ་བྲང་ནས། །རྗེ་བཙུན་བློ་གྲོས་དབང་ཕྱུག་ལ། །འཁོར་དུ །འདིར་གཤེགས །བྲག་དཀར་རྟ་སོའ་ཕོ་བྲང་ནས། །གུ་རུ་རིན་ཆེན་འབར་བ་ལ། །འཁོར་དུ །འདི་གཤེགས །ཀླུངས་ཤོད་ཞྭ་ཡི་ལྷ་ཁང་ནས། །གནས་བརྟན་ལྡང་མ་ལྷུན་རྒྱལ་ལ། །འཁོར་དུ །འདིར་གཤེགས །འདོ་ལེ་ཟམ་ཁའི་ཕོ་བྲང་ནས། །ལྕེ་བཙུན་སེང་གེ་དབང་ཕྱུག་ལ། །འཁོར་དུ །འདིར་གཤེགས །གཡོ་རུ་བྲག་དམར་ཕོ་བྲང་ནས། །གུ་རུ་ཤངས་བ་རས་པ་ལ། །འཁོར་དུ །འདིར་གཤེགས །གཡུ་ཕུག་གསལ་བའི་ཕོ་བྲང་ནས། །བླ་མ་ཟབ་སྟོན་ཆོས་འབར་ལ། །འཁོར་དུ །འདིར་གཤེགས །ཉང་སྨད་ཆུ་སྒོའི་དགོན་པ་ནས། །དམ་པ་དགྱེར་སྟོན་ཞིག་པོ་ལ། །འཁོར་དུ །འདིར་གཤེགས །ཉང་སྨད་ཆུ་སྒོའི་སྨན་སྒང་ནས། །གཉེན་སྟོན་ཤེས་རབ་རྩེ་མོ་ལ། །འཁོར་དུ །འདིར་གཤེགས
༢༣༨ཡོན་ཏན་སྒང་གི་གནས་མཆོག་ནས། །དྲིན་ཆེན་སྤྲུལ་སྐུ་མཆོག་གཉིས་ལ། །འཁོར་དུ །འདིར་གཤེགས །འོད་གསལ་དག་པའི་ཕོ་བྲང་ནས། །བླ་མ་ནམ་མཁའ་རྡོ་རྗེ་ལ། །འཁོར་དུ །འདིར་གཤེགས །རང་བྱུང་ཡེ་ཤེས་ཕོ་བྲང་ནས། །རིག་འཛིན་ཀུ་མཱ་རཱ་ཛ་ལ། །འཁོར་དུ །འདིར་གཤེགས །ལྷུན་གྲུབ་རིག་པའི་ཕོ་བྲང་ནས། །ཀུན་མཁྱེན་སྣ་ཚོགས་རང་གྲོལ་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །ཞེས་སྤྱན་དྲངས་པས་སྟེང་གི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་ཏེ་བདག་དང་། རྟེན་གཏོར་བསྐྱེད་པ་དང་། གནས་རྣམས་ལ་དབྱེར་མེད་དུ་བྱིན་གྱིས་རློབ་ཅིང་ས་གཞི་བར་སྣང་དང་བཅས་པ་ཐམས་ཅད་བླ་མའི་ཞིང་ཁམས་སུ་བསམ་ལ། བྱིན་དབབ་པ་ནི། རིག་འཛིན་དབེན་གནས་སོ་སོ་ནས། །བླ་མ་བདེ་གཤེགས་རྡོ་རྗེ་འཆང་། །འཁོར་དུ་བརྒྱུད་པའི་བླ་མས་བསྐོར། །གདུག་དང་རྒྱལ་མཚན་ཐིབས་སེ་ཐིབས། །རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ། །རོལ་མོ་མང་པོ་དི་རི་རི། །སིལ་སྙན་མང་པོ་སི་ལི་ལི། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བསྐུར་སྩོལ། ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡི་དམ་རྒྱལ་བ་རིགས་ལྔ་ལ། །འཁོར་དུ་སེམས་དཔའ་བཅུ་དྲུག་བསྐོར། །གདུག་དང་རྒྱལ་མཚན་སྲིབས་སེ་ཐིབ། །རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ། །རོལ་མོ་མང་པོ་དི་རི་རི། །སིལ་སྙན་མང་པོ་སི་ལི་ལི། །གནས་མཆོག་འདི །སྒྲུབ་མཆོག །ཧཱུྃ། རང་བཞིན་དུར་ཁྲོད་སོ་སོ་ནས། །མ་དང་ཡེ་ཤེས་མཁའ་འགྲོ་ལ། །འཁོར་དུ་དཔའ་བོ་དཔའ་མོས་བསྐོར། །གདུགས་དང་ །རིན་ཆེན་
༢༣༩རྒྱན །སིལ་སྙན་མང་ །གནས་མཆོག །སྒྲུབ་མཆོག །བསྟན་པ་སྙིང་པོའ་བཀའ་འཁོར་ནས། །སྔགས་བདག་ཡེ་ཤེས་སྟོབས་ལྡན་ལ། །འཁོར་དུ་དམ་ཅན་རྒྱ་མཚོས་བསྐོར། །གདུག་དང་རྒྱལ་མཚན་ཐིབས་སེ་ཐིབས། །རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ། །རོལ་མོ་མང་པོ་དི་རི་རི། །སིལ་སྙན་མང་པོ་སི་ལི་ལི། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བསྐུར་སྩོལ། །ཞེས་བརྗོད་པས། བདག་དང་རྟེན་དང་གནས་ཀྱི་ནམ་མཁའ་གང་བར་དབྱེར་མེད་གཅིག་ཏུ་བཞུགས་པ་ལ་མཆོད་པ་འབུལ་པ་ནི། ཧཱུྃ། ཕྱི་ཡི་མཆོད་པ་རིན་པོ་ཆེ། །སྣང་སྲིད་རྣམ་དག་མཆོད་པར་འབུལ། །སྐྱེ་འགགས་མེད་པར་བཞེས་སུ་གསོལ། །ནང་གི་མཆོད་པ་རིན་པོ་ཆེ། །འདོད་ཡོན་སྣ་ལྔས་མཆོད་པར་འབུལ། །རྒྱུན་ཆད་མེད་པར་བཞེས་སུ་གསོལ། །གསང་བའི་མཆོད་པ་རིན་པོ་ཆེ། །དུག་ལྔ་ཁོང་ཁྲོ་མཆོད་པར་འབུལ། །འགྲོ་འོང་མེད་པར་བཞེས་སུ་གསོལ། །ཡང་གསང་མཆོད་པ་རིན་པོ་ཆེ། །ཏིང་འཛིན་དགོངས་ཀློང་མཆོད་པར་འབུལ། །འཕེལ་འགྲིབ་མེད་པར་བཞེས་སུ་གསོལ། །ཞེས་བརྗོད་ནས། བསྟོད་པ་ནི། ཧཱུྃ། གདོད་ནས་རྣམ་དག་ཆོས་དབྱིངས་དག་པ་ལས། །རང་བྱུང་ཡེ་ཤེས་བཅོམ་ལྡན་ཐུགས་རྗེའི་ལྷ། །ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས་དཔའ་དང་། །རིག་འཛིན་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །ཆེ་བའི་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །མཐུ་སྟོབས་དཔག་མེད་སངས་རྒྱས་བསྟན་པ་བསྲུང་། །སྒྲུབ་མཆོག་རྣམས་ལ་བུ་བཞིན་ལེགས་སྐྱོང་བ། །དམ་ཅན་རྒྱ་མཚོའ་ཚོགས་ལ་ཕྱག་
༢༤༠འཚལ་བསྟོད། །ཅེས་སྟ་གོན་གྱི་ཆོ་ག་རྣམས་རྫོགས་པར་བྱའོ། །དེ་ནས་དངོས་གཞི་དབང་བསྐུར་བ་དངོས་ལ་གཉིས་ལས། སྔོན་འགྲོ་ནི་ན་རག་རྒྱས་བསྡུས་གང་རུང་གི་སྐོང་བཤགས་དང་། མོས་གུས་ཁྱད་པར་ཅན་གྱིས་གསོལ་བ་བཏབ་པའི་རྗེས་ལ་སློབ་བུས་མཎྜལ་ཕུལ་ནས། ཐལ་མོ་སྦྱར་ཏེ་འདུག་པ་ལ། །བླ་མས་དམ་པའི་ཆོས་ངོས་གཟུང་བ་ནི། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ཐུགས་རྗེ་ཆེ་བ་དེས། །འགྲོ་བ་སེམས་ཅན་གྱི་དོན་དུ་ཆོས་ཀྱི་སྒོ་དང་།། །།ཐེག་པའི་རིམ་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང་། བསྡུ་ན་ཐེག་པ་ཆེ་ཆུང་གཉིས་ལས། འདིར་ཐེག་པ་ཆེན་པོ་སྟོན་པ་ལས། ཐེག་པ་ཆེན་པོ་ལ་ཡང་གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ལས། ད་རེས་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་སྟོན་པ་ལགས། སྔགས་ལའང་ཕྱི་ནང་གཉིས་ལས། འདིར་ནང་པ་ཐབས་ཀྱི་རྒྱུད་སྟོན་པ་ལགས། ནང་བ་ལའང་བསྐྱེད་པ་མ་ཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་ག་དང་། མན་ངག་ཨ་ཏི་ཡོ་ག་གསུམ་ལས། འདིར་ཨ་ཏི་སྟོན་པ་ལགས། ཨ་ཏི་ལ་ཡང་ཕྱི་སྐོར། ནང་སྐོར་གསང་སྐོར་གསུམ་ལས། འདིར་གསང་བའི་སྐོར་སྟོན་པ་ལགས། དེ་ལ་ཡང་དཔེ་བརྒྱུད་དང་སྙན་བརྒྱུད་གཉིས་ལས། འདིར་སྙན་བརྒྱུད་སྟོན་པ་ལགས། སྙན་བརྒྱུད་ལ་ཡང་ཡི་གེ་ཡོད་པ་དང་མེད་པ་གཉིས་ལས། འདིར་ཡི་གེ་མེད་པའི་སྙན་བརྒྱུད་གསང་བ་གནད་ཀྱི་མེ་ལོང་ཞེས་བགྱི་བ་སྟོན་པ་ལགས། དེ་ལའང་མ་སྨིན་པར་སྨིན་པར་བྱེད་པ་དབང་དང་། སྨིན་པ་གྲོལ་བར་བྱེད་པའི་གདམས་པ་གཉིས་ཡོད་པ་ལས། འདིར་དབང་སྟོན་པ་ལགས། དེ་ལ་
༢༤༡ཡང་བརྒྱུད་པའི་ལོ་རྒྱུས་དང་། དེ་ལས་བྱུང་བའི་དབང་གཉིས་ལས། །ལོ་རྒྱུས་རྒྱས་བསྡུས་ཅི་རིགས་པ་ཞིག་བཤད་ལ། གཉིས་པ་དབང་དངོས་ལ། སྔོན་འགྲོ་སློབ་མ་གཞུག་པ་དང་། དབང་བསྐུར་བ་དངོས་གཉིས་ལས། སློབ་མ་ལ་འཇུག་པ་ལ་ལྔ་ལས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ཐུན་མོང་པ་ནི། སློབ་མས། བླ་མ་རྡོ་རྗེ་འཛིན་པ་དང་། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སེམས་ཅན་ཀུན་ལ་ཕན་དོན་དུ། །བླ་མེད་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པ་གསུམ་དང་། ཐུན་མོང་མ་ཡིན་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པ་ལན་གསུམ་བརྗོད་དོ། །གཉིས་པ་སྡོམ་པ་བཟུང་བ་ནི། །བླ་མ་རྡོ་རྗེ་འཛིན་པ་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོའ་བར། །སེམས་ཅན་ཀུན་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །སྡོམ་པ་ཐམས་ཅད་བཟུང་བར་བགྱི། །རིགས་ལྔའི་དམ་ཚིག་རྗེས་བཟུང་སྟེ། །རྡོ་རྗེ་དྲིལ་བུ་ལ་སོགས་པ། །དམ་ཚིག་རྫས་རྣམས་བཟུང་བར་བགྱི། །རྡོ་རྗེ་སློབ་དཔོན་ཉིད་དང་ནི། །དཀོན་མཆོག་གསུམ་པོ་མི་སྤང་ཞིང་། །རྡོ་རྗེ་སྤུན་སྲིང་སྨད་མི་བྱ། །ཐེག་པ་དམན་ལ་མི་བརྙས་ཞིང་། །སེམས་ཅན་ཀུན་ལ་འཚེ་བ་སྤང་། །ཆོས་དང་གང་ཟག་མི་སྨོད་ཅིང་། །འཁྲུལ་བའི་བྱ་བ་ཡང་མི་བགྱིད། །བསྟན་པ་སྨད་པར་མི་བྱ་ཞིང་། །བསམ་གཏན་སྒོམ་པ་
༢༤༢དཀྲུགས་མི་བྱ། །གསང་བ་སྔགས་ཀྱི་དམ་ཚིག་མཆོག །སྐུ་གསུང་ཐུགས་ལས་མི་འདའ་ཞིང་། །བསྐྱེད་རྫོགས་འཁོར་ལོ་བསྒོམ་པ་དང་། །བླ་མས་གསུངས་པ་ཇི་བཞིན་བསྒྲུབ། །ཐར་པ་ཆེན་པོའ་གྲོང་ཁྱེར་དུ། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་གྲོལ་བ་དང་། །དབུགས་མ་ཕྱུངས་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བརྗོད་དོ། །གསུམ་པ་དམ་ཚིག་ལ་གནས་པར་བྱ་བ་གཉིས་ལས། དམ་ཚིག་བསྒྲག་པ་ནི། ཐོད་པ་ནས་དམ་ཆུ་བླུད་ལ། ཧཱུྃ། འདི་ནི་རྡོ་རྗེ་དམ་ཚིག་ཆུ། །འདས་ནས་དམྱལ་ཁམས་མེ་ཡིས་སྲེག །བསྲུང་ན་དངོས་གྲུབ་བླ་ན་མེད། །དེ་བས་དམ་ཚིག་རྡོ་རྗེ་མཆོག །སྙིང་ལ་བཞག་པས་ཐུབ་པར་གྱིས། །ༀ་ས་མ་ཡ་པཉྩ་ཨ་མྲྀ་ཏ་ཧྲཱིཿཋ། ཞེས་བརྗོད་དོ། །དམ་ཚིག་སྦྱིན་པ་ནི། བླ་མས། ཀྱེ། སྐལ་ལྡན་སེམས་ཀྱི་བུ་གཅིག་ཉོན། །རང་བཞིན་རྫོགས་པ་ཆེན་པོ་ཡི། །དཀྱིལ་འཁོར་བཟང་པོ་འདིར་ཞུགས་ནས། །ཕྱི་ནང་གསང་བའི་ཐེག་པ་དང་། །དམ་ཆོས་བསྒྲུབ་པར་དམ་ཆོས་ཤིག །ཇི་ལྟར་སྔགས་ཀྱི་དམ་ཚིག་དང་། །སྡོམ་པ་ཐམས་ཅད་བཟུང་བར་བགྱི། །དམ་རྫས་རྣམས་དང་སྔགས་ཀྱི་ཚིག །དབང་བསྐུར་མ་ཐོབ་མི་རྣམས་ལ། །གསང་བ་བསྒྲག་པར་མི་བྱ་ཞིང་། །བསྟན་པ་ཀུན་ལ་གནོད་པ་སྤང་། །གང་གིས་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་མཆོག་ལ་རེག་པར་བགྱི། །ཞེས་བརྗོད་པར་བྱའོ། །བཞི་པ་རྗེས་སུ་གཟུང་བ་ལ་གཉིས་ལས། གསོལ་བ་གདབ་པ་ནི། བླ་མ་རྡོ་རྗེ་འཛིན་པ་ནི། །ཁམས་གསུམ་འཁོར་བའི་གཉེན་གཅིག་པུ། །
༢༤༣འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས། །ཐར་པའི་ལམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཉོན་མོངས་མེ་ཡིས་གདུངས་པ་ལ། །ཐུགས་རྗེའི་བརླན་གྱིས་བསིལ་བར་མཛོད། །ཐུགས་ཀྱི་དཀྱིལ་འཁོར་བཟང་པོར་འདིར། །བདག་ནི་ཡང་དག་བཞུག་པར་གསོལ། །ཞེས་པ་གསུམ་དང་། ཡང་འདི་སྐད་དོ། །བླ་མ་རྡོ་རྗེ་འཛིན་པ་ལ། །བདག་གི་གུས་པས་གསོལ་བ་འདེབས། །རང་བཞིན་རྫོགས་པ་ཆེན་པོ་ཡི། །དབང་བསྐུར་ནང་དུ་ཞུགས་ལགས་པས། །རང་གི་སེམས་ཀྱི་གནས་ལུགས་ཀྱི། །ཨ་ཏིའི་དཀྱིལ་འཁོར་བསྟན་དུ་གསོལ། །ཞེས་གསུམ་བརྗོད་དོ། །གཉིས་པ་གནང་བ་སྦྱིན་པ་ནི། །བླ་མས། ཨེ་མ་བུ་ཁྱོད་སྐལ་བ་བཟང་། །རྫོགས་ཆེན་དཀྱིལ་འཁོར་བསྟན་པར་བྱ། །སེམས་ཀྱི་རྟོག་པ་ཀུན་སེལ་ཅིང་། །འཇིག་རྟེན་འཆིང་བ་ཀུན་གྲོལ་གྱིས། །འདི་ལ་སྤང་བླང་ཐ་སྙད་བྲལ། །རིགས་དང་རྒྱུད་རྣམས་སྦྱོང་བ་ཡིས། །ལུས་ངག་བདེ་བའི་རྟེན་ཡིན་པས། །དེང་ནས་བརྩམས་ཏེ་སླར་མ་ལྡོག །ཅེས་བརྗོད་དོ། །ལྔ་པ་བྱིན་དབབ་པ་ནི། སློབ་མ་ཀུན་ལངས་ལ། ཐལ་མོ་སྙིང་གར་སྦྱར་མིག་བཙུམ། །དད་གུས་བསྐྱེད་ལ། བླ་མའི་སྤྱི་བོར་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་རིགས་ལྔ་དང་། མཁའ་འགྲོ་རིགས་ལྔའི་སྤྲིན་ཕུང་གཏིབས་ཏེ་བྱོན་པ་རིམ་པས་གསལ་བཏབ་ལ་དབྱེར་མེད་དུ་བསྟིམ་ཞིང་། སོ་སོའ་མཚན་དང་། རོལ་མོའ་སྒྲ་སྒྲོགས་ཤིང་། སྤོས་དང་ཚིལ་ཆེན་གྱི་དུད་པས་བདུག་གོ །དེས་ནི་
༢༤༤ཡེ་ཤེས་ཕེབས་སོ། །དོན་གཉིས་པ་དབང་བསྐུར་བ་དངོས་ནི། སློབ་མ་སྐྱིལ་ཀྲུང་བཅས་ལ་རྡོ་རྗེ་སེམས་དཔའ་སྒོམ་དུ་བཅུག་པའི་སྤྱི་བོར་གཏོར་མ་བཞག་ལ། སྔར་གསལ་བཏབ་པའི་བླ་མ། ཡི་དམ་མཁའ་འགྲོ་གསུམ་པོའ་རྣམ་པ་དང་། སློབ་དཔོན་རང་ཉིད་ཀུན་བཟང་ཡབ་ཡུམ་དུ་གསལ་བ་རྣམས་ཀྱི་དབུའི་གཙུག་གཏོར་ནས་འོད་ཟེར་དཀར་པོ་གྲངས་མེད་པ་བྱུང་། སློབ་མའི་ལུས་ལ་ཕོག་པས་ལུས་ཀྱི་སྒྲིབ་པ་དག །སྐུ་ཡི་བྱིན་རླབས་བདུད་རྩིའི་རང་བཞིན་གྱིས་ལུས་ཁེངས། བུམ་པའི་དབང་ཐོབ། དབང་རྟགས་སུ་རྣམ་པར་སྣང་མཛད་ཚོན་གང་བས་དབུ་བརྒྱན་པར་བསམས་ལ། ཧཱུྃ། སྐུ་ཡི་དབང་བསྐུར་ལུས་ལ་བསྐུར། །ལུས་ཀྱི་སྒྲིབ་པ་དག་གྱུར་ནས། །སྐུ་ཡི་དངོས་གྲུབ་ཐོབ་གྱུར་ཏེ། །བུམ་དབང་རིན་ཆེན་རྫོགས་པར་ཤོག །ༀ་ཀཱ་ཡ་ཀ་ལ་ཤ་ཨ་བྷི་ཥིཉྩ་ༀ། གཏོར་མ་མགྲིན་པར་གཏུགས་ཏེ། ལྷ་དང་བླ་མའི་མགུལ་ནས་འོད་ཟེར་དམར་པོ་བྱུང་སློབ་བུའི་ངག་ལ་ཕོག །ངག་གི་སྒྲིབ་པ་དག །གསུང་གི་བྱིན་བརླབས་བདུད་རྩིའི་རྒྱུན་གྱིས་ལུས་གང་། གསང་བའི་དབང་ཐོབ་པར་བསམ་ལ། ཧཱུྃ། གསུང་གི་དབང་བསྐུར་ངག་ལ་བསྐུར། །ངག་གི་སྒྲིབ་པ་དག་གྱུར་ནས། །གསུང་གི་དངོས་གྲུབ་ཐོབ་གྱུར་ཏེ། །གསང་དབང་རིན་ཆེན་རྫོགས་པར་ཤོག་ཨཱཿཝཱ་ཀ་གྷུ་ཡ་ཨ་བྷི་ཥིཉྩ་ཨཱཿ གཏོར་མ་སྙིང་གར་གཏུགས་ལ། ལྷ་དང་བླ་མའི་ཐུགས་ཀ་ནས་འོད་ཟེར་མཐིང་ག་བྱུང་། སློབ་མའི་སྙིང་གར་ཕོག །ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དངོས་གྲུབ་བདུད་རྩིའི་རྒྱུན་བབས། ལུས་ཁེངས། བདེ་བ་ཆེན་པོར་རོ་གཅིག་ཏུ་བསམ་སྟེ། ཧཱུྃ། ཐུགས་ཀྱི་དབང་བསྐུར་སེམས་ལ་
༢༤༥བསྐུར། །ཡིད་ཀྱི་སྒྲིབ་པ་དག་གྱུར་ནས། །ཐུགས་ཀྱི་དངོས་གྲུབ་ཐོབ་གྱུར་ཏེ། །ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག །ཧཱུྃ་ཙིཏྟ་་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ནས། བཞི་པ་ཚིག་དབང་རིན་པོ་ཆེ་རྫོགས་ཆེན་རིག་པའི་རྩལ་དབང་ནི། སེམས་ཉིད་མ་བཅོས་པའི་ངང་དུ་ཀློང་ནས་རིག་པའི་རང་མདངས་ཟང་ཐལ་ཆོས་ཀྱི་སྐུ་དེ་རང་རྫོགས་ཐིག་ལེ་ཉག་ཅིག་ཏུ་ངོ་སྤྲོད་དེ། དབང་རིན་པོ་ཆེའི་འཁོར་ལོ་ལས། སྔོན་རྒྱ་གར་ཡུལ་གྱི་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བར། རྒྱལ་པོའ་ཕྲུ་གུ་ལྟད་མོ་ལ་ཕྱིན་ནས། རྒྱལ་བུ་རྐང་འཁྱམས་ཏེ་སྤྲང་པོ་ལྟ་བུར་སོང་། དེ་ནས་དུས་ནམ་ཞིག་ན། བློན་པོས་ངོ་ཤེས་ནས། དབང་བསྐུར་བས་འཁོར་འབངས་མངའ་འོག་ཏུ་འདུས་སོ། །དེ་བཞིན་དུ་ཐོག་མའི་སངས་རྒྱས་དང་། སེམས་ཅན་འོད་མཐོང་བ་ལས། རང་ངོ་མ་ཤེས་འཁྲུལ་བར་ཤར། །དེ་ལ་ངོ་སྤྲོད་བསྟན་པ་ནི། །རང་རིག་ཡེ་ཤེས་དབང་བསྐུར་བས། །འཁོར་བའི་མཚན་མ་རང་སར་གྲོལ། །ཞེས་པས་ཏེ། དཔེ་རྒྱལ་བུ། བོན་རང་རིག །རྟགས་ད་ལྟའི་ཤེས་པ་རང་མདངས་རང་ཤར་བ་འདི་སངས་རྒྱས་སུ་ངེས་ཤེས་བསྐྱེད་ལ་ངོ་སྤྲད་དོ། །དེ་ནས་ཚོགས་ལ་རོལ་ཞིང་གཏོར་མ་དངོས་གྲུབ་ཏུ་ཤེས་པས་ལོངས་སྤྱོད་ལ། བསྔོ་བ་སྨོན་ལམ་རྡོ་རྗེའི་གླུ། ལྷག་མའི་གཏོར་མ། བཀྲ་ཤིས་དང་བཅས་པའི་གྲངས་ཡོངས་སུ་རྫོགས་པར་བྱའོ། །ཡི་གེ་སྔ་མར་ཅུང་ཟད་མ་ཚང་བ་རྣམས་དང་། ཅུང་ཟད་གབ་པ་རྣམས་བླ་མའི་ཕྱག་བཞེས་ལྟར་ལྷག་ཆད་མེད་པར་བཀོད་པའོ། །དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །རང་བཞིན་རྫོགས་པ་ཆེན་པོའ་ལམ་ཞུགས་ཏེ། །འགས་ཀྱང་མ་འབད་སུས་ཀྱང་མ་རྩོལ་བར།
༢༤༦དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །སྙན་བརྒྱུད་ཡི་གེ་མེད་པའི་སྒོ་འབྱེད། དབང་རིན་པོ་ཆེ་གསལ་བའི་སྒྲོན་མ་ཞེས་བྱ་བ། རང་བཞིན་རྫོགས་པ་ཆེན་པོའ་རྣལ་འབྱོར་པ། སྣ་ཚོགས་རང་གྲོལ་གྱིས་བཀོད་པའོ། །དགེའོ། །དགེའོ། །དགེའོ།། །།


[edit]

WYLIE TEXT WILL APPEAR HERE

Footnotes



Research Information
Translator's notes
Note from Ringu Tulku
The Manual of the Empowerment of the Sangwa Nying-tik.
Notes on the text itself
Notes on authorship
Notes on individuals related to text
Other notes
Genre from Richard Barron's Catalog
Empowerment manual
Genre from dkar chag
man ngag sde
BDRC Link
VolumeI1CZ3964
BDRC Content Information
No note on contents


Related Content
Recensions
Other Translations
Commentary(s) of this Text in the DNZ
Mchog gsang lam khrid chen mo
Text(s) in the DNZ of which this is a commentary
Related Western Publications
Related Tibetan Publications
Other Information

Information about Unicode Tibetan and the digitization of this text

As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of fall 2017 that project has not been finished. Note that the folio numbers that appear throughout were added by Nitartha Input Center at the time of input.

Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion.

View JSON

JSON Export