Tibetan:ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་གྲུབ་པའི་ཞལ་ལུང་ ་ ་ ་

From gDams Ngag mDzod
Jump to navigation Jump to search
Upload a file
DOWNLOAD ABOVE:
Click the picture above to view the original manuscript.
ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་གྲུབ་པའི་ཞལ་ལུང་ ་ ་ ་
kun mkhyen bo dong pa'i lugs kyi phyag rgya chen po'i khrid yig grub pa'i zhal lung bdud rtsi'i snying po
Damngak Dzö Volume 17 (ཙ་) / Pages 73-97 / Folios 1a1 to 13a2

Tibetan Text

༧༣ ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའ་ཁྲིད་ཡིག་གྲུབ་པའི་ཞལ་ལུང་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །།
༧༤ ༀ་སྭ་སྟི་སིདྷཾ། །འཇམ་པའི་རྡོ་རྗེ་དཔལ་ལྡན་བླ་མ་དང་། །ཟུང་འཇུག་ཕྱག་རྒྱ་ཆེན་པོར་གུས་བཏུད་ནས། །ཟབ་གསལ་དབྱེར་མེད་ལྷན་ཅིག་སྐྱེས་སྦྱོར་གྱི། །གདམས་ངག་གྲུབ་པའི་ཞལ་ལུང་སྙིང་པོ་སྤེལ། །འདི་ལ་གཉིས། དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་རྫོགས་རིམ་ཕྱག་རྒྱ་ཆེན་པོ་ཟབ་གསལ་དང་། མདོ་སྔགས་ཟུང་དུ་འཇུག་པའི་ལམ་གྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་རོ། །དང་པོ་ལ་གཉིས། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལོ་རྒྱུས་དང་། ལོ་རྒྱུས་དེ་ལས་བྱུང་བའི་གདམས་པ་ཟབ་མོ་དངོས་སོ། །དང་པོ་ནི། །རིང་བརྒྱུད་ཀྱི་དབང་དུ་བྱས་ན། རྒྱལ་བ་ཁྱབ་བདག་འཇམ་པའི་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། གྲུབ་ཆེན་སངས་རྒྱས་ཡེ་ཤེས་ཞི་བའི་ཞབས་ནས་བཟུང་། །སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་འཇིགས་བྲལ་གྱི་སློབ་དཔོན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བར་དུ་བྱོན་པ་དང་། ཉེ་བརྒྱུད་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་། གྲུབ་ཆེན་བི་རཱུ་པ། དེས་
༧༥ འཇིགས་བྲལ་དུས་གསུམ་རྣམ་མཁྱེན་ལ་དངོས་སུ་གནང་ཞིང་། དེ་ནས་བཟུང་སྟེ་བདག་ཅག་གི་བླ་མ་དམ་པའི་བར་དུ་བྱིན་རླབས་དོན་གྱི་བརྒྱུད་པ་བར་མ་ཆད་པ་ལས་བྱུང་བ་ཡིན་ནོ། །གཉིས་པ་གདམས་པ་ཟབ་མོ་དངོས་ལ། །བཤད་པས་གཏན་ལ་འབེབས་པ་དང་། བསྒོམ་པས་ཉམས་སུ་བླང་བ་གཉིས་ལས། འདིར་ཕྱི་མའི་ཁོངས་སུ་སྔ་མའང་ཞར་གྱིས་ཆོད་པས། དེ་ཉིད་ཅུང་ཟད་འཆད་པ་ལ་གསུམ། གང་དུ་ཉམས་སུ་བླང་བའི་གནས། གང་གིས་ཉམས་སུ་ལེན་པའི་གང་ཟག །དེས་ཉམས་སུ་ལེན་པའི་གདམས་པའོ། །དང་པོ་ནི། །མཐུན་རྐྱེན་རྙེད་སླ་ཞིང་། འགལ་རྐྱེན་འཚེ་བ་མེད་པ། ཉིན་མོ་སྐྱེ་བོའ་སྒྱུ་འགྲུལ་དང་། །མཚན་མོ་སྒྲ་ཡི་བླག་ཅོར་སོགས་བསམ་གཏན་གྱི་ཚེར་མ་མི་འབྱུང་། དབེན་ཞིང་ཡིད་དང་མཐུན་པར་ཆོས་དང་མཐུན་པའི་གྲོགས་སམ་རང་ཉིད་གཅིག་པུར་གནས་པས་ཉམས་སུ་བླང་ངོ་། །གཉིས་པ་ནི། །ཐེག་པ་མཆོག་གི་སྐལ་བ་དང་ལྡན་པའི་གང་ཟག །གསང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་།
༧༦ དམ་ཚིག་དང་སྡོམ་པ་རྣམ་པར་དག་པ། ཟབ་གསལ་གཉིས་ཀྱི་དོན་ལ་ཐོས་བསམ་གྱི་ཤེས་རབ་ཀྱིས་རྒྱུད་ལེགས་པར་སྦྱངས་པའོ། །གསུམ་པ་གདམས་པ་དངོས་ལ་བདུན། ཟབ་གསལ་གྱི་ལྟ་བ་ཉམས་སུ་བླངས་པའི་ཕན་ཡོན། མ་བླངས་པའི་ཉེས་དམིགས། ཉམས་སུ་ལེན་ཚུལ་གྱི་རང་བཞིན། མ་སྐྱེས་པའི་གེགས་སེལ། སྐྱེས་པའི་བོགས་འདོན། བརྟན་པའི་ཚད། ཞར་ལ་ཉེ་བར་མཁོ་བ་ཐུན་མཚམས་ཀྱི་རྣལ་འབྱོར་རོ། །དང་པོ་ལ། །གསལ་བའི་ལྟ་བ་ཉམས་སུ་བླངས་པའི་ཕན་ཡོན་དང་། ཟབ་པའི་ལྟ་བ་ཉམས་སུ་བླངས་པའི་ཕན་ཡོན་གཉིས། དང་པོ་ནི། གསལ་བའི་ལྟ་བ་ཉམས་སུ་བླངས་པ་ལ་ཕན་ཡོན་ཡོད་དེ། སྤང་བྱ་ཆོས་ཐམས་ཅད་མེད་པར་འཛིན་པའི་ཆད་ལྟ་སྤངས་ཤིང་། གཉེན་པོ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད། སྙིགས་མ་རྣམས་སྦྱངས་ཤིང་དྭངས་མ་རྣམས་སྟོབས་རྒྱས་པར་བྱས་ནས་གནས་སྐབས་ཀྱི་འབྲས་བུ་མངོན་མཐོའ་ལྷ་མིའི་ལུས་ཐོབ་པར་བྱེད་ཅིང་། མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་གཟུགས་སྐུ་གཉིས་འགྲུབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། ཟབ་པའི་ལྟ་བ་ཉམས་སུ་བླངས་པ་ལ་ཕན་ཡོན་ཡོད་དེ། སྤང་བྱ་ཆོས་ཐམས་ཅད་བདེན་གྲུབ་ཏུ་འཛིན་པའི་རྟག་ལྟ་སྤོང་ཞིང་། གཉེན་པོ་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད། བདེན་འཛིན་སྦྱངས་མས་ཟབ་པའི་ལྟ་བ་སྟོབས་རྒྱས་པར་བྱས་ཏེ། གནས་སྐབས་སུ་འཁོར་བ་ལུས་གྲོལ་ཞིང་། མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་གཉིས་འགྲུབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ཉམས་སུ་མ་བླངས་པའི་ཉེས་དམིགས་ནི། །ཟབ་གསལ་གྱི་ལྟ་བ་ཉམས་སུ་བླངས་པ་ལ་ཉེས་དམིགས་ཡོད་དེ། སྔར་གྱི་དེ་ལས་བཟློག་པ་དང་། གཞན་ཡང་སྙིགས་མ་འཁོར་བའི་ཆོས་རྣམས་དོན་ལ་མེད་པ་ལ་ཡོད་པར་འཛིན་པའི་སྒྲོ་འདོགས་ཀྱི་ཉེས་པ་དང་། དྭངས་མ་མྱང་འདས་ཀྱི་ཆོས་རྣམས་དོན་ལ་ཡོད་པ་ལ་མེད་པར་འཛིན་པའི་
༧༧ སྐུར་འདེབས་ཀྱི་ཉེས་པ་དང་། དྭངས་སྙིགས་གཉིས་ཀྱི་ཆོས་ཐམས་ཅད་བདེན་པར་མེད་པ་ལ་བདེན་གྲུབ་ཏུ་འཛིན་པའི་སྒྲོ་འདོགས་ཀྱི་ཉེས་པ་དུས་རྒྱུན་དུ་འབྱུང་བའི་ཕྱིར་རོ། །གསུམ་པ་ཉམས་སུ་ལེན་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གཉིས། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ལ་བཞི། བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་ག་འཁྲུལ་བ་བྱང་སེམས་སུ་འཆར་བའི་ཁྲིད་དོ། །དང་པོ་ནི། དལ་འབྱོར་རྙེད་དཀའ་བ་དང་འཆི་བ་མི་རྟག་པའི་ཁྲིད་བློ་དང་འདྲེས་ངེས་པར་ཉམས་སུ་བླང་བའི་སྒོ་ནས། ཚེ་འདིར་སྐྱིད་ཀྱང་རུང་། སྡུག་ཀྱང་རུང་བ་ཙམ་དུ་ཤེས་ཤིང་། ཚེ་ཕྱི་མ་ཡུན་ཤིན་ཏུ་རིང་བར་ཤེས་པའི་སྒོ་ནས་ཚེ་ཕྱི་མ་ལ་གང་གནོད་སྤོང་ཞིང་། གང་ཕན་བསྒྲུབ་པའི་བསམ་པ་ལྷད་མེད་གཅིག་སྐྱེད་དགོས་ཏེ། དེ་མ་སྐྱེས་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཚེ་འདི་པར་འགྲོ་བའི་ཕྱིར་རོ། །གཉིས་པ་ནི། །ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་བློ་དང་འདྲེས་ངེས་བསྒོམས་ནས། སྲིད་རྩེའི་བར་གྱི་འཁོར་བ་ཐམས་ཅད་མེའི་དོང་ལྟ་བུར་མཐོང་ནས། ཐར་པ་དོན་གཉེར་གྱི་བློ་ལྷད་མེད་ཅིག་སྐྱེ་དགོས་ཏེ། དེ་མ་སྐྱེས་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཐར་ལམ་དུ་མི་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། བྱམས་སྙིང་རྗེའི་ཁྲིད་བློ་དང་འདྲེས་ངེས་པའི་སྒོ་ནས། རང་གཅིག་པོ་ཞི་བདོ་དོན་གཉེར་གྱི་བློ་སྤང་དགོས་ཏེ། དེ་མ་སྤང་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཐེག་དམན་གྱི་ལམ་དུ་འགྱུར་བའི་ཕྱིར་རོ། །བཞི་པ་ནི། །སེམས་ཅན་ཐམས་ཅད་ཀྱི་དྲིན་དྲན་ཞིང་སྡུག་བསྔལ་མ་བཟོད་པའི་ཤུགས་ཀྱིས་སེམས་ཅན་གྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་བློ་ལྷད་མེད་ཅིག་སྐྱེ་དགོས་ཏེ། དེ་མ་སྐྱེས་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཐེག་ཆེན་གྱི་ལམ་དུ་མི་འགྲོ་བའི་ཕྱིར་རོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་
༧༨ གསུམ། འགལ་རྐྱེན་སྡིག་པ་སྦྱང་བའི་ཡན་ལག་ཏུ་རྡོ་རྗེ་སེམས་དཔའི་ཁྲིད། མཐུན་རྐྱེན་ཚོགས་བསགས་པའི་ཕྱིར་དུ་མཎྜལ་གྱི་ཁྲིད། བསགས་སྦྱོང་དབྱེར་མེད་ཀྱི་ཕྱིར་དུ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དང་པོ་ནི། ཡིག་བརྒྱའི་སྒོམ་བཟླས་ཚུལ་བཞིན་དུ་ཉམས་སུ་བླངས་པའི་སྒོ་ནས། འགལ་རྐྱེན་སྡིག་སྒྲིབ་མངོན་གྱུར་བ་རགས་པ་དག་པ་ཞིག་དགོས་ཏེ། སྡིག་པ་སྟོབས་ཆེན་གྱིས་བསྒྲིབས་པའི་རྒྱུད་ལ་དངོས་གཞིའི་ཁྲིད་མི་སྐྱེ་བའི་ཕྱིར། གཉིས་པ་ནི། མཎྜལ་སོགས་ཀྱི་རྣལ་འབྱོར་ཉམས་སུ་བླངས་པའི་སྒོ་ནས། བསོད་རྣམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་དགོས་ཏེ། དེ་མ་བསགས་པའི་རྒྱུད་ལ་དངོས་གཞིའི་ཁྲིད་མི་སྐྱེ་བའི་ཕྱིར། །གསུམ་པ་ནི། བླ་མའི་རྣལ་འབྱོར་ཚུལ་བཞིན་ཉམས་སུ་བླངས་པའི་སྒོ་ནས། ཐུན་མོང་མ་ཡིན་པའི་མོས་གུས་སྐྱེ་དགོས་ཏེ། མོས་གུས་ཀྱིས་རྒྱུད་བརླན་པར་མ་བྱས་ན་རྒྱུད་ལ་དངོས་གཞིའི་ཁྲིད་མི་སྐྱེ་བའི་ཕྱིར་རོ། །དེས་ན་དེ་རྣམས་ཉམས་སུ་སླང་བ་ལ། དང་པོ་ནི། སྟན་བདེ་བ་ལ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལུས་ཆ་ཆ་ནས་བསྒྲིམ། རླུང་རོ་དགུ་ཕྲུགས་སུ་འབུད། ཤེས་པ་རྣལ་དུ་དབབ། དེ་ནས་སྐྱབས་ཡུལ་གསལ་བཏབ་ལ་སྐྱབས་འགྲོ། སེམས་བསྐྱེད། ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། རང་གི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཆོག་གསུམ་གྱིས་བསྐྱེད། གཉིས་ཀའི་ཐུགས་ཀར་སྔགས་ཕྲེང་གསལ་བཏབ། སྟོབས་བཞིའི་གནད་དང་ལྡན་པའི་སྒོ་ནས་ཡི་གེ་བརྒྱ་པ་བཟླ། མཇུག་བཤགས་བསྡམ་གྱི་རྗེས་རྡོར་སེམས་རང་ལ་བསྟིམ། གཉིས་པ་ནི། མདུན་གྱི་ནམ་མཁར་དཔག་བསམ་གྱི་སྡོང་པོའ་ལྟེ་བར་སེང་ཁྲི་པདྨ་ཉི་ཟླ་རྡོ་རྗེའི་གདན་ལ། བླ་མ་འཇམ་པའི་རྡོ་རྗེ་སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རལ་གྲི་དང་། མདའ། །གཡོན་གཉིས་ཨུཏྤལ་སྔོན་པོ་དང་། གཞུ་བསྣམས་པ། རྡོ་རྗེ་དང་
༧༩ པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་གནས་བཞིར་ༀ་དཀར། ཨཱཿདམར། ཧཱུྃ་མཐིང་། ཧོ༔ལྗང་གུ་རྣམས་ཀྱིས་མཚན་པ་སྐྱབས་གནས་ཀུན་འདུས་སུ་དམིགས་ལ། འདོད་ཡོན་ལྔའི་མཆོད་པ་སྔོན་དུ་འགྲོ་བས། མཎྜལ་ཚོམ་བུ་བདུན་མ་སྤྱི་ལྷར་འབུལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཐུན་མོང་གི་སྡོམ་པ་བཟུང་བའི་མཐར་རང་ལ་བསྟིམ། གསུམ་པ་ནི། བླ་མ་འཇམ་པའི་རྡོ་རྗེའི་རྣལ་འབྱོར་སྔར་བཞིན་གསལ་བཏབ་པའི་སྤྱན་སྔར་མཆོད་པ་དང་མཎྜལ་འབུལ། ཐུན་མོང་གི་སྡོམ་པ་དང་། སྲས་བཅས་སངས་རྒྱས་ཐམས་ཅད་དང་སོགས་ཁྱད་པར་གྱི་སྡོམ་བཟུང་བྱ། རྩ་བརྒྱུད་ཀྱི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ། དབང་བཞི་བླངས་པའི་མཐར། བླ་མ་ཡབ་ཡུམ་རང་ལ་བསྟིམ། རང་གི་སེམས་དང་བླ་མའི་ཐུགས་རོ་གཅིག་ཏུ་བསྲེས་ཏེ་ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེན་པོའ་ངང་ལ་མཉམ་པར་བཞག་གོ །གཉིས་པ་དངོས་གཞིའི་རྣལ་འབྱོར་ལ་གསུམ། འཁྲུལ་པའི་མཚད་བཙལ་ཏེ་འཁོར་བ་མེད་སྣང་དུ་སྒོམ་པ་དང་། གསལ་བའི་ལྟ་བ་ཉམས་སུ་ལེན་ཚུལ་དང་། ཟབ་པའི་ལྟ་བ་ཉམས་སུ་ལེན་ཚུལ་ལོ། །དང་པོ་ནི། སྔོན་འགྲོ་དང་། དངོས་གཞི་གཉིས། དང་པོ་ནི། ལས་དང་པོ་ལ་ལུས་གནད་བཅའ་བ་ཤིན་ཏུ་གནད་ཆེ་སྟེ། འདི་ལྟར་ཏིང་འཛིན་སེམས་ཀྱིས་བསྒོམ་ཞིང་། སེམས་རླུང་ལ་བརྟེན་ལ། རླུང་ལུས་ལ་བརྟེན་པས། ལུས་མི་གནས་ན་སེམས་མི་གནས་པར་འགྱུར་པའི་ཕྱིར་རོ། །དེས་ན་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱ། རྒལ་ཚིགས་དྲང་པོར་བསྲང་། མགྲིན་པ་ཅུང་ཟད་དགུག །ལྕེ་མཆུ་ཐ་མལ་པར་བཞག །མིག་སྣ་རྩེ་ལ་གཏད་པར་བྱ་སྟེ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཞུགས་སྟངས་ཡིན་པས་བྱིན་རླབས་འཇུག་པ་དང་།
༨༠ གཞན་དང་བ་འདྲེན་པ་དང་། རླུང་སེམས་ལས་སུ་རུང་བས་ཏིང་ངེ་འཛིན་རང་གིས་སྐྱེ་ཞིང་གེགས་ཆུང་བའི་ཕྱིར་རོ། །དེ་ནས་ངག་གནད་བཅའ་སྟེ། རླུང་མི་བདེ་བ་དང་། རྒོད་བག་ཅན་ཐམས་ཅད་སྤངས་ནས། དང་པོར་ལྷུན་གྲུབ་ཏུ་འཇུག་པ་ལ་རེ་ཞིག་གཡོ་བ་མེད་པར་བཞག་པར་བྱས་ཏེ། རླུང་སེམས་གནས་པ་ནི་ལུས་སེམས་ལས་སུ་རུང་བའི་རྩ་བ་ཡིན་པའི་ཕྱིར་རོ། །གཉིས་པ་དངོས་གཞི་ལ་གཉིས། འཁོར་བ་སྤྱི་ལ་དམིགས་ནས་བསྒོམ་པ་དང་། འཁོར་བ་སོ་སོ་ལ་བཀར་ཏེ་བསྒོམ་པའོ། །དང་པོ་ནི། འཁོར་བ་སྤྱི་ལ་དམིགས་ནས་བསྒོམ་དགོས་ཏེ། དེ་ལྟར་མ་བྱས་ན་བློ་ལ་ཤོགས་ཆེན་པོ་མི་འབྱུང་བས་སོ། །དེ་བསྒོམ་པ་ནི་འཁོར་བའི་སྣོད་དང་། འཁོར་བའི་བཅུད་ཐམས་ཅད་ལམ་གྱིས་གསལ་བཏབ་ནས། འདི་ཐམས་ཅད་འཁྲུལ་པའི་དབང་གིས་མེད་བཞིན་དུ་སྣང་བ་ཡིན་གྱི། དོན་ལ་ཅུང་ཟད་ཀྱང་གྲུབ་རྒྱུ་མེད་དེ། མིག་སེར་ཅན་ལ་དུང་སེར་པོ་སྣང་བ་ལྟར་ཡིན་པས་ཅུང་ཟད་ཀྱང་གྲུབ་རྒྱུ་མེད་སྙོམ་རྩེ་གཅིག་ཏུ་བཞག་ནས། ཡིད་ཀྱི་ངར་མི་འཆོར་པར་བྱ་བའི་ཕྱིར་སྣང་མེད་སྣང་མེད་ཅེས་བརྗོད་དོ། །གཉིས་པ་ནི། སོ་སོ་ལ་བཀར་ནས་བསྒོམ་དགོས་ཏེ། དེ་ལྟར་མ་བྱས་ན་འོལ་སྤྱི་ཙམ་དུ་སོང་ནས་རྡོ་རུས་ཐུག་པ་མི་འབྱུང་བ་ཡིན་ནོ། །དེ་བསྒོམ་པ་ནི། དགའ་བའི་སྣང་བ་གཅིག་སྐྱེས་བྱུང་ནའང་། དེ་ལ་དགའ་རྒྱུ་ཅི་ཡོད། འཁྲུལ་པའི་དབང་གིས་དེ་ལྟར་སྣང་བ་ཡིན་གྱིས། དོན་ལ་དེ་དང་རི་བོང་ར་གཉིས་མེད་མཚུངས་ཡིན་པས་རི་བོང་རྭ་ལ་དགའ་བ་ལ་དགོས་པ་ཅི་ཡོད་སྙམ་དུ་རྩེ་གཅིག་ཏུ་བཞག་གོ །དེ་བཞིན་དུ་མི་དགའ་བ་དང་། བདེ་བ་དང་། སྡུག་བསྔལ་ལ་སོགས་ཀྱི་སྣང་བ་སྐྱེས་མ་ཐག་ཏུ་སྔར་གྱི་དེ་རྣམས་སྦྱར་ནས་བསྒོམ་པར་བྱའོ། །གཞན་ཡང་འཆི་བའི་སྣང་བ་འཆར་བའི་
༨༡ དུས་སུ། འདི་རྣམས་རི་བོང་གི་རྭ་དང་འདྲ་བས་འཆི་རྒྱུ་ཅུང་ཟད་ཀྱང་མེད་དེ། སྙིགས་མ་གློ་བུར་བའི་གང་ཟག་རྣམས་ནི་རང་བཞིན་མེད་པས་འཆི་རྒྱུ་མེད། ང་རང་ནི་དྭངས་གསལ་རྙོགས་མེད་ཀྱི་ལྷ་སྐད་ཅིག་ཡིན་པས་འཆི་རྒྱུ་མེད་ན། འཆི་བ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་པས་འཆི་མེད་ཡིན་འཆི་མེད་ཡིན་སྙམ་དུ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེ་ནས་ཉིན་མཚན་འཁོར་ཡུག་ཏུ་སྣང་བ་ཅི་ཤར་ཡང་འཁྲུལ་སྣང་དུ་བལྟས་ནས། མེད་སྣང་མེད་སྣང་ཞེས་སྐད་ཅིག་ཀྱང་མ་ཡེངས་པར་བྱས་ནས་བསྒོམ་པར་བྱའོ། །དེ་བཞིན་དུ་སྐྱེ་རྒ་སོགས་གཞན་རྣམས་ལའང་སྦྱར་ནས་བསྒོམ་མོ། །གཉིས་པ་གསལ་བའི་ལྟ་བ་ཉམས་སུ་བླང་བ་ལ་གཉིས། མཉམ་བཞག་དང་། རྗེས་ཐོབ་པོ། དང་པོ་ནི། །སྔོན་འགྲོ་ཅི་རིགས་པ་སྔོན་དུ་བཏང་ནས། དག་པའི་སྣོད་བཅུད་ཐམས་ཅད་ཡིད་ཡུལ་དུ་གསལ་བར་བྱས་ནས་རྩེ་གཅིག་ཏུ་བསྒོམས་ཏེ། གསལ་བ་གསལ་བ་ཞེས་ཡིད་ཀྱི་བཟླས་པ་རྒྱུན་ཆགས་སུ་བྱ། གསལ་བ་ཡིད་ངོར་གསལ་པོ་འོང་ན་ཡིད་བཟླས་མ་བྱས་ཀྱང་ཆོག །དེའི་སྐབས་སུ་ཐ་མལ་གྱི་སྣང་ཆ་ཅུང་ཟད་བྱུང་ན་མེད་བཞིན་དུ་སྣང་བར་བལྟས་ནས་མེད་སྣང་མེད་སྣང་ཞེས་ཡིད་བཟླས་ཡང་ཡང་དུ་བྱ། དེ་ལྟར་བསྒོམ་པའི་སྐབས་སུ་ལུས་ངག་ཡིད་གསུམ་གྱི་ཟུག་རྔུ་དང་གཡེང་བ་ཅི་བྱུང་ཡང་། མ་དག་པའི་ཆ་རྣམས་ནི་མེད་སྣང་དང་། དག་པའི་ཆ་རྣམས་གསལ་བའི་སངས་རྒྱས་སུ་བལྟས་པའི་སྒོ་ནས་དགེ་སྦྱོར་གྱི་གཡངས་རྐྱེན་དུ་མི་འགྲོ་བར་གཡེང་བ་ཇི་ཙམ་དུ་མང་བ་དགེ་སྦྱོར་གྱི་གྲོགས་སུ་འཆར་བར་བྱ་སྟེ། །དཔེར་ན་མེ་འབར་བ་ལ་ཤིང་བསྣན་པ་བཞིན་ནོ། །དེའི་ཐུན་མཇུག་ཏུ་ཡིད་ལ་ལས་གང་ཡང་མི་འཆོལ་བར་སེམས་ཁོ་ན་རང་གློད་ལ་མ་ཡེངས་ཙམ་དུ་དར་ཅིག་བཞག་སྟེ། དེ་ནི་ཞི་གནས་ངང་གིས་སྐྱེ་བ་དང་། དམིགས་པ་ལ་ངེས་ཤེས་སྐྱེ་བ་དང་། སྙོམ་ལས་སུ་མི་འཆོར་བ་དང་། ལུས་སེམས་ཅུང་ཟད་ངལ་གསོ་བའི་དགོས་པ་ཡོད་དོ། །འདིའི་
༨༢ སྐབས་སུ་རེས་འགའ་སེམས་ཅན་ཐམས་ཅད་ལ་དམིགས་ནས་བསྒོམ་པ་དང་། རེས་འགའ་སེམས་ཅན་རེ་ལ་བཀར་ཏེ་བསྒོམ་དགོས་སོ། །གཉིས་པ་རྗེས་ཐོབ་ལ་གཉིས། ལྟ་བ་གསལ་འདེབས་པ་དང་། སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། མཉམ་བཞག་དེ་ལས་ལངས་པའི་རྗེས་ཐོབ་ཏུ་ཡང་སེམས་ཅན་མཛེས་མི་མཛེས་གང་མཐོང་ཡང་། གསལ་བ་གསལ་བ་ཞེས་ཡིད་བཟླས་བྱས་པའི་སྒོ་ནས་སྔར་གྱི་ལྟ་བ་དང་མ་བྲལ་བར་བྱའོ། །གཉིས་པ་སྤྱོད་པ་རྒྱ་ཆེན་ནི། སེམས་ཅན་གང་མཐོང་བ་ཐམས་ཅད་སྐུ་གསུམ་གྱི་བདག་ཉིད་དང་། གདན་གསུམ་ཚང་པའི་དཀྱིལ་འཁོར་དུ་བལྟས་ནས། ལུགས་མ་དང་རས་བྲིས་ལ་སོགས་པ་དང་། སེམས་ཅན་རྣམས་ལྷག་གིས་མཐོང་བ་ན་ཡང་། ལུགས་སྐུ་ལ་སོགས་པ་འདི་དག་ནི་ཀུན་བཟང་བརྡའ་ཡི་སྐུ་ཙམ་སྟེ། ནམ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་བྱ་བ་མཛད་པར་མི་ནུས་ཏེ། རྫོགས་པའི་སངས་རྒྱས་སུ་གྱུར་པའམ་འགྱུར་བ་མ་ཡིན་པའི་ཕྱིར་རོ། །ལྷ་མི་དང་དུད་འགྲོའི་གཟུགས་ཅན་ལ་སོགས་པའི་སྲོག་ཆགས་འདི་རྣམས་ནི་སྙིང་པོ་དོན་གྱི་སྐུ་སྟེ་སངས་རྒྱས་ཡིན་པ་དང་། རྫོགས་པའི་སངས་རྒྱས་སུ་འགྱུར་བའོ། །ཞེས་ཤེས་པར་བྱས་ནས་སྲོག་ཆགས་མཐོང་བ་ཐམས་ཅད་ལ་མོས་པ་དང་། གུས་པ་བཅོས་མ་མ་ཡིན་པའི་སྒོ་ནས་ཕྱག་དང་། མཆོད་པ་དང་། དེ་དག་ལ་དབང་ལེན་པ་ལ་སོགས་པའི་སྤྱོད་པ་རླབས་པོ་ཆེ་རྒྱ་མཚོ་ལྟ་བུ་ལ་བསླབ་པར་བྱའོ། །གསུམ་པ་ཟབ་པའི་ལྟ་བ་ལ་བཞི། སྟོང་ཉིད་ཀྱི་རྣལ་འབྱོར། མཉམ་ཉིད་ཀྱི་རྣལ་འབྱོར། བརྗོད་མེད་ཀྱི་རྣལ་འབྱོར། མི་རྟོག་པའི་རྣལ་འབྱོར་རོ། །དང་པོ་ལ། མཉམ་བཞག་དང་། རྗེས་ཐོབ་གཉིས། དང་པོ་ལ། ཞི་གནས་བསྒོམ་པ་དང་། ལྷག་མཐོང་བཙལ་བ་གཉིས། དང་པོ་ལ། སེམས་མཉམ་པ་ཉིད་དང་། སེམས་
༨༣ རྣལ་དུ་འདུག་པ་ཉིད་དང་། སེམས་ལྷུན་གྱིས་གྲུབ་པར་འཇུག་པ་དང་གསུམ་མོ། །དང་པོ་ནི། ཐོག་མར་ཉིན་པར་ད་ལྟར་གྱི་སྣང་བ་འདི་ཉིད་ཀྱི་སྟེང་དུ་སེམས་མཉམ་པར་བཞག་སྟེ། གཞན་དུ་མི་གཡེང་བར་བྱ། དེ་ནི་དང་པོའ་སེམས་མཉམ་པར་བཞག་པ་ཙམ་གྱི་དུས་ཡིན་ནོ། །མཚན་མོ་རང་གི་སེམས་ཀྱི་སྟེང་དུ་སེམས་པར་བྱ་ཞིང་། ཅུང་ཟད་གོམས་ནས་གཙོ་བོར་སེམས་ཀྱི་སྟེང་དུ་མཉམ་པར་བཞག་པར་བྱ་སྟེ། མདོ་སྡེ་རྒྱན་ལས། སེམས་ལ་སེམས་ནི་འཇོག་ཕྱིར་དང་ཞེས་དང་། དེ་ཉིད་ལས། བདག་ལ་མཉམ་པར་བཞག་ཕྱིར་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་སེམས་རྣལ་དུ་འདུག་པ་ཉིད་ནི། དེ་ནས་བྱིང་རྒོད་མི་བྱུང་བར་བྱ་བའི་ཕྱིར་དྲན་པ་དང་། ཤེས་བཞིན་གྱི་བྱ་ར་ལྟ་བུར་བཞག་པར་བྱ་སྟེ་དེའི་ཚེ་བྱིང་རྒོད་བྱུང་བར་དོགས་པའི་ཕྱིར་རོ། །གསུམ་པ་ལྷུན་གྱིས་གྲུབ་པར་འཇུག་པ་ནི། དེ་ལྟར་གུས་པ་དང་། རྒྱུན་གྱི་རྣལ་འབྱོར་གྱིས་བསྐྱངས་པས། ཇི་ཞིག་ལྟར་ལ་དྲན་པ་དད་ཤེས་བཞིན་ལ་ལྟོས་པ་མེད་པར་སེམས་ཀྱི་རྒྱུན་གཡེང་བ་མེད་པར་གནས་པ་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ། །དེ་ལྟར་ན་ཞི་གནས་ཡོངས་སུ་རྫོགས་པ་ཡིན་པས། ཇི་སྲིད་ཞི་གནས་ཀྱི་ཚད་དང་རྟགས་མ་བྱུང་བར་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ལ་ཚད་ནི། གང་ལ་གཏད་པའི་དམིགས་པ་དེ་ཡིད་ཡུལ་དུ་འབྱུང་ཞིང་། གཞན་མི་འབྱུང་བ་དང་། སྐབས་ནམ་འདོད་པའི་ཚེ་འབྱུང་བ་དང་དུས་ཇི་སྲིད་འདོད་པའི་བར་དུ་འབྱུང་བ་སྟེ་ཚེའི་འདུ་བྱེད་མ་ཞིག་གི་བར་དུ་གཞིར་བྱས་པའོ། །རྟགས་གཉིས་ལས། ནང་རྟགས་ངེས་པ་ནི། སེམས་ལྷུན་གྲུབ་ཏུ་འབྱུང་བ་འདི་ཉིད་ཡིན་ལ་ཕྱི་རྟགས་ནི། ལུས་གཡོ་འགུལ་མེད་པ་འདི་ཉིད་དང་། ཤིན་ཏུ་ཡང་བ་དང་། བདེ་བ་ལ་སོགས་པ་ལྷུན་གྲུབ་ཏུ་འབྱུང་ངོ་། །གཉིས་པ་ལྷག་མཐོང་ནི། གསལ་བ་འདི་ཡང་མ་བརྟགས་ན་ཉམས་དགའ་བ་ཙམ་གྱིས་བརྟགས་ཤིང་དཔྱད་ན་ཅུང་
༨༤ ཟད་ཀྱང་གྲུབ་པའི་སྐྱེ་བ་མེད་པར་ཐག་བཅད་ནས་ཡིད་ཀྱིས་རྩེ་གཅིག་ཏུ་བསྒོམ་མོ། །སྐྱེ་མེད་ཀྱི་དམིགས་པ་གསལ་པོ་མི་ཡོང་ན་སྐྱེ་མེད་བདེན་མེད་ཅེས་ཡིད་བཟླས་ཡང་ཡང་དུ་བྱས་པའི་སྒོ་ནས་གསལ་བཏབ་ཅིང་བསྒོམ་སྟེ། རྗེ་བཙུན་བྱམས་པས། བྱང་ཆུབ་སེམས་དཔའ་མཉམ་བཞག་ལ། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མ་མཐོང་ངོ་། །ཞེས་གསུངས་པ་ལྟར་རོ། །འདིའི་སྐབས་སུ་གཡེང་བ་ཇི་ལྟར་མང་ཡང་དགེ་སྦྱོར་གྱི་གཡེང་རྐྱེན་དུ་མི་འགྲོ་བར། སྐྱེ་མེད་བདེན་མེད་ཀྱི་གསལ་འདེབས་སུ་ཤེས་པའི་སྒོ་ནས་སྟོང་ཉིད་དགེ་སྦྱོར་འཕེལ་བའི་གྲོགས་སུ་བཏང་སྟེ། མེ་འབར་བ་ལ་སླར་ཤིང་བསྣན་པ་བཞིན་ནོ། །ཐུན་མཇུག་ཏུ་ཀློད་ནས་འཇོག་པ་སྔར་བཞིན་ནོ། །གཉིས་པ་རྗེས་ཐོབ་ལ་གཉིས་ཏེ། ལྟ་བ་གསལ་འདེབས་པ་དང་། སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། མཉམ་བཞག་དེ་ལས་ལངས་པའི་རྗེས་ཐོབ་ཏུའང་སྒོ་གསུམ་གྱི་བྱ་བ་ཅི་བྱེད་ཀྱང་། སྐྱེ་མེད་སྟོང་ཉིད་ཅེས་པའི་ཡིད་བཟླས་བྱས་པའི་སྒོ་ནས་སྔར་གྱི་སྟོང་ཉིད་ཀྱི་ལྟ་བ་དང་མ་བྲལ་བར་བྱའོ། །གཉིས་པ་ནི། དེ་ལྟར་མ་རྟོགས་པར་བདེན་པ་མེད་པ་ལ་བདེན་པར་བཟུང་བའི་འགྲོ་བ་རྣམས་ལ་བཅོས་མིན་གྱི་སྙིང་རྗེ་བསྐྱེད་ནས་དེ་དག་གི་དོན་དམ་པར་སྣང་ལ་རང་བཞིན་མེད་པར་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་སྟོང་ཉིད་ཀྱི་ཆོས་སྟོན་པ་དང་། ཕྱག་དང་བསྐོར་བ་དང་། གདབ་པ་དང་། གཟུངས་སྔགས་བཟླ་བ་དང་། སྦྱིན་པ་དང་། བཟོད་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སློབ་བོ། །གཉིས་པ་མཉམ་ཉིད་ཀྱི་རྣལ་འབྱོར་ལ་གཉིས། མཉམ་བཞག་དང་། རྗེས་ཐོབ་བོ། །དང་པོ་ནི། །སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། སྣང་བ་རྫུན་པ་དང་། སྟོང་པ་བདེན་པའི་ཁྱད་པར་མེད་པས། སྣང་སྟོང་བདེན་རྫུན་ལ་སོགས་པའི་མཐའ་ཐམས་ཅད་བྲལ་བའི་མཉམ་པ་ཉིད་གསལ་བཏབ་ནས་ཡིད་ཀྱིས་རྩེ་གཅིག་
༨༥ ཏུ་བསྒོམ་མོ། །དམིགས་པ་མི་གནས་ན་མཉམ་ཉིད་མཉམ་ཉིད་ཅེས་ཡིད་བཟླས་ཀྱིས་གསལ་བཏབ་བོ། །འདིའི་སྐབས་སུ་གཡེངས་བ་ཐམས་ཅད་དགེ་སྦྱོར་གྱི་གྲོགས་སུ་གཏང་བ་དང་། ཐུན་མཇུག་ཏུ་ཀློང་ནས་འཇོག་པ་སྔར་བཞིན་བྱའོ། །རྗེས་ཐོབ་ལ་གཉིས། ལྟ་བ་གསལ་འདེབས་པ་དང་། སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། མཉམ་བཞག་དེ་ལས་ལངས་པའི་རྗེས་ཐོབ་ཐམས་ཅད་མཉམ་ཉིད་མཉམ་ཉིད་ཅེས་ཡིད་བཟླས་བྱས་པའི་སྒོ་ནས་སྔར་གྱི་མཉམ་ཉིད་ཀྱི་ལྟ་བ་དང་མ་བྲལ་བར་བྱའོ། །གཉིས་པ་ནི། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ནས་མཉམ་ཉིད་ཀྱིས་ཆོས་སྟོན་པ་སོགས་སྔར་བཞིན་ནོ། །གསུམ་པ་བརྗོད་མེད་ཀྱི་རྣལ་འབྱོར་ལ་གཉིས། མཉམ་བཞག་དང་། རྗེས་ཐོབ་བོ། །དང་པོ་ནི། སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། ཆོས་ཐམས་ཅད་མཉམ་མི་མཉམ་མཐའ་དང་བྲལ་མ་བྲལ་ལ་སོགས་པ་གང་དུ་ཡང་བརྗོད་དུ་མེད་པར་གསལ་བཏབ་ནས་ཡིད་ཀྱིས་རྩེ་གཅིག་ཏུ་བསྒོམ་མོ། །མི་གསལ་ན་བརྗོད་མེད་ཅེས་ཡིད་བཟླས་ཀྱིས་གསལ་བཏབ་ནས། གཡེངས་བ་ཐམས་ཅད་དགེ་སྦྱོར་གྱི་གྲོགས་སུ་བཏང་སྟེ། ཐུན་མཇུག་ཏུ་ཡིད་ལ་ལས་གང་ཡང་མི་འཆོལ་བར། བྱིངས་རྨུག་དང་། འཕྲོ་རྒོད་ཀྱི་དབང་དུ་སོང་གིས་དོགས་ནས་ཤེས་བཞིན་དང་མ་བྲལ་བར་མ་ཡེངས་ཙམ་དུ་འཇོག་པ་སྔར་བཞིན་ནོ། །རྗེས་ཐོབ་ལ་གཉིས། ལྟ་བ་གསལ་འདེབས་པ་དང་སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། །མཉམ་བཞག་དེ་ལས་ལངས་པའི་རྗེས་སུ་བྱ་བ་ཅི་བྱེད་ཀྱང་། བརྗོད་མེད་བརྗོད་མེད་ཅེས་ཡིད་བཟླས་ཀྱི་སྒོ་ནས་སྔར་གྱི་ལྟ་བ་དང་མ་བྲལ་བར་བྱའོ། །གཉིས་པ་ནི། །དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ནས་བརྗོད་མེད་ཀྱི་ཆོས་སྟོན་པ་སོགས་སྔར་བཞིན་ནོ། །བཞི་པ་མི་རྟོག་པའི་རྣལ་འབྱོར་ལ་གཉིས། མཉམ་
༨༦ བཞག་དང་། རྗེས་ཐོབ་བོ། །དང་པོ་ནི། སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། དེ་ནས་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཞིབ་མོས་དཔྱད་པས། ཡོད་པ། མེད་པ། གཉིས་ཀ་།གཉིས་ཀ་མ་ཡིན་པ། བདེན་པ། རྫུན་པ། གཉིས་ཀ་།གཉིས་ཀ་མ་ཡིན་པ། །སྣང་བ། སྟོང་པ། གཉིས་ཀ་།གཉིས་ཀ་མ་ཡིན་པ། སྐྱེ་བ། སྐྱེ་མེད། གཉིས་ཀ་།གཉིས་ཀ་མ་ཡིན་པ་ལ་སོགས་པའི་མཐའ་གང་དུ་ཡང་འཛིན་མ་ཤེས་པས། གང་དུ་ཡང་མི་བལྟ། མི་མནོ། མི་བསམ། མི་དཔྱད། མི་རྟོག་པར་སྩོལ་བྲལ་ལྷུག་པ་ཉིད་དུ་མ་ཡེངས་ཙམ་དུ་བཞག་གོ །དེ་ལྟར་བཞག་པའི་དུས་སུ་མཐའ་བཞི་ལ་སོགས་པའི་འཛིན་པ་གང་བྱུང་ཡང་། ཤེས་རབ་ཟབ་མོས་སྒྲོ་འདོགས་དང་སྐུར་འདེབས་ཀྱི་འཛིན་པ་བཅད་ཅིང་རྗེས་སུ་དཔྱོད་བྱེད་རང་གི་འཛིན་པ་ཡང་བཏང་ནས་མ་ཡེངས་ཙམ་དུ་བཞག་གོ །གཉིས་པ་རྗེས་ཐོབ་ལ་གཉིས་ཏེ། ལྟ་བ་གསལ་འདེབས་པ་དང་། སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། །དེ་ལྟར་དཔྱད་ན་མཐའ་གང་དུ་ཡང་འཛིན་མི་ནུས་པས། རྣམ་པར་མི་རྟོག་པ་ལ་བཞག་པ་ཡིན་ཡང་། དེ་ལྟར་འཇོག་མ་ནུས་པ་རྣམས་ཀྱི་དོན་བྱའོ། །ཞེས་པས་མཉམ་བཞག་དེ་ལས་ལངས་ནས་རང་གཞན་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་མི་རྟོག་པའི་ལྟ་བ་རྩིས་མ་ཤོར་བའི་ངང་ནས་རྒྱུ་བར་བྱ་སྟེ། མདོ་སྡུད་པ་ལས། འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཆུད་འདྲར་ཤེས་ནས། ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་དེ། སྒྲོ་སྐུར་འཛིན་པ་མཐའ་དག་གཅོད་པའི་ཆོས་སྟོན་པ་དང་། ཕྱག་དང་བསྐོར་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སྤྱོད་པ་སྔར་བཞིན་ནོ། །དེ་ཐམས་ཅད་ཀྱི་སྙིང་པོ་བསྡུས་ནས་རྒྱུན་ཆགས་སུ་ཉམས་སུ་ལེན་ཚུལ་ནི། །སྙིགས་
༨༧ མའི་སྣོད་བཅུད་ཀྱི་སྣང་བ་གང་ཤར་ཡང་། འདི་ཐམས་ཅད་འཁྲུལ་པའི་དབང་གིས་སྣང་བའི་མེད་སྣང་ཙམ་ཡིན་གྱིས། དོན་ལ་ཅུང་ཟད་ཀྱང་གྲུབ་པ་མེད་པས་མེད་སྣང་ཞེས་སྐད་ཅིག་མ་དང་པོ་ལ་དེ་ལྟར་ངེས་ཤེས་བསྐྱེད་ནས་སྐད་ཅིག་མ་གཉིས་པ་ལ་སྣོད་ཐམས་ཅད་དྭངས་མའི་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་འོད་གསལ་བྱང་ཆུབ་ཀྱི་སེམས་མི་ཤིགས་པ་ཁྱད་པར་སུམ་ལྡན་གདན་གསུམ་ཚང་པའི་ལྷར་ལམ་གྱིས་གསལ་བཏབ་ནས། སྐད་ཅིག་མ་གསུམ་པ་ལ་ཡོད་འཛིན་འགོག་པའི་ཕྱིར་ཡོད་པ་མིན་ཞེས་དང་། མེད་འཛིན་འགོག་པའི་ཕྱིར་མེད་པ་མིན་ཞེས་དང་། གཉིས་འཛིན་འགོག་པའི་ཕྱིར་གཉིས་ཀ་མིན་ཞེས་དང་། གཉིས་ཀ་མ་ཡིན་པའི་འཛིན་པ་འགོག་པའི་ཕྱིར། གཉིས་ཀ་མ་ཡིན་པ་མིན་ཞེས་གང་དུ་ཡང་། མི་བལྟ། མི་མནོ། མི་བསམ། མི་དཔྱད་པའི་ངང་ལ་ལྟ་སྟངས་དང་བཅས་ཏེ་ཉམས་སུ་བླང་བ་དང་། ཡང་སྣང་བ་གང་སྐྱེས་བྱུང་ཡང་དེ་ཐོག་ཏུ་སྔར་བཞིན་སེམས་ཀྱི་རྩི་མ་ཤོར་བ་བྱའོ། །གསུམ་པ་རྗེས་ཀྱི་རྣལ་འབྱོར་ནི། །དེ་ལྟར་བསྒོམས་པའི་དགེ་བའི་རྩ་བ་ལ་སོགས་པའི་དགེ་བ་རྣམས་ཆུད་མི་ཟ་བར་བྱ་བའི་ཕྱིར་བླ་མེད་བྱང་ཆུབ་ཏུ་བསྔོ་བ་དང་། སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། །བཞི་པ་མ་སྐྱེས་པའི་གེགས་སེལ་བ་ནི། །དེ་ལྟར་བསྒོམས་ཀྱང་གསལ་བ་དང་ཟབ་བའི་ལྟ་བ་ཚུལ་བཞིན་དུ་མ་སྐྱེས་ན། སྙོམས་ལས་ལ་སོགས་པའི་ལེ་ལོའ་དབང་དུ་སོང་ནས། བརྩོན་འགྲུས་ཆུང་བ་དང་། འདུ་འཛི་དང་རྣམ་གཡེང་གི་དབང་དུ་སོང་ནས་རྩེ་གཅིག་ཏུ་སྒོམ་པ་མ་བྱུང་བས་ལན་པ་ཡིན་པས། ལེ་ལོ་དང་སྙོམ་ལས་སླངས་ནས་བརྩོན་འགྲུས་ཆེན་པོས་རྩེ་གཅིག་ཏུ་བསྒོམ་པས་སྐྱེ་བར་འགྱུར་ལ། དེ་ལྟར་བྱས་ཀྱང་མ་སྐྱེས་ན་གསལ་བ་དང་ཟབ་པའི་ལྟ་བ་ལ་ངེས་ཤེས་མ་སྐྱེས་པས་ལེན་པ་ཡིན་པས། ཟབ་གསལ་གྱི་ལྟ་བ་ལ་མཁས་པའི་དགེ་བའི་གཤེས་གཉེན་ལུས་དང་གྲིབ་མ་བཞིན་
༨༨ དུ་མི་འབྲལ་བར་བསྟེན་པ་དང་། ཟབ་གསལ་སྟོན་པའི་གསུང་རབ་ཟབ་མོ་ཀློག་པའི་སྒོ་ནས་ཐག་ཆོད་ཀྱི་ངེས་ཤེས་བསྐྱེད་ནས་སླར་བསྒོམ་པས་ཚུལ་བཞིན་སྐྱེ་བར་འགྱུར་རོ། །དེ་ལྟར་བྱས་ཀྱང་མ་སྐྱེས་ན་འགལ་རྐྱེན་སྡིག་སྒྲིབ་སྟོབས་ཆེན་མ་དག་པ་དང་། མཐུན་རྐྱེན་ཚོགས་མ་རྫོགས་པས་ལེན་པ་ཡིན་པས། ཡི་གེ་བརྒྱ་པའི་སྡིག་སྦྱོང་དང་། བླ་མའི་རྣལ་འབྱོར་ཟབ་མོ་བསྒོམ་པ་དང་། ཀུ་སཱ་ལིའི་ཚོགས་གསོག་ཟབ་མོ་གསུམ་ཚུལ་བཞིན་ཉམས་སུ་བླངས་ནས་སླར་བསྒོམ་པས་སྐྱེ་བར་འགྱུར་ཏེ། འདི་གསུམ་ནི་གེགས་སེལ་གྱི་མ་མོ་ལྟ་བུ་ཡིན་ནོ། །ལྔ་པ་སྐྱེས་པའི་བོགས་འདོན་ནི། །ཧ་ཅང་སྟེང་འགྲུས་མེད་པར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས་སྐྱོང་བ་དང་རོ་སྙོམས་རྩལ་སྦྱངས་ཀྱི་ཉམས་ལེན་འདི་ལྟར་བྱ་སྟེ། དེ་ཡང་འཁོར་བའི་སྣང་བ་ཕལ་ཆེར་གཟུགས་སྒྲ་དྲི་རོ་རེག་བྱ་ཚོར་བ་བདེ་སྡུག་ཏུ་འདུས་པས། དང་པོར་གཟུགས་ལ་གནད་དྲུག་བསྣུན་པ་ནི། སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། དངོས་གཞིའི་ཚེ་ཆགས་སྡང་གི་ཞིང་ཡུལ་ཡིད་དུ་འོང་བ་དང་། མི་འོང་བའི་ཤ་ཟ་ལྟ་བུ་འཇིགས་ཤིང་ཡང་བ་གཅིག་བསྒོམ། དེའི་ཡུལ་ཤར་ནས་གསལ་ཐེབ་པའི་ཚེ། དེ་ཐམས་ཅད་མེད་བཞིན་དུ་སྣང་བ་ཉིད་ཡིན་པར་ཐག་བཅད་ནས། དེ་ཐོག་ཏུ་ཉམས་ལེན་བསྐྱང་ཚུལ་སྔར་དང་འདྲ། དེ་ལྟར་བསྒོམ་པ་ལ་རང་བྱན་དགའ་རབ་ཚུད་ན། ཤིན་ཏུ་འཇིགས་ཤིང་ཡང་བའི་གཉེན་སར་ཕྱིན་ལ་ལྟ་བའི་རྩལ་སྦྱང་། དེ་བཞིན་དུ་ཆགས་སྡང་སྐྱེ་བའི་ཡུལ་སྒྲ་ཤིན་ཏུ་སྙན་པ་དང་། སྒྲ་ཤིན་ཏུ་མི་སྙན་པ་གང་རུང་ཡིད་ཀྱིས་བསྒོམ། དེ་ཡིད་ཡུལ་དུ་ཤར་ནས་གསལ་ཐེབས་པའི་ཚེ། དེ་ཐམས་ཅད་མེད་བཞིན་དུ་སྣང་བ་ཉིད་ཡིན་པར་ལྟ་བས་ཐག་བཅད་ནས་དེ་ཐོག་ཏུ་ཉམས་ལེན་སྔར་ལྟར་བསྐྱང་། དེ་ནས་དུ་ཆོམ་སོགས་སྒྲ་ངན་ཡོད་པའི་སར་ཕྱིན་ལ་སྦྱང་ངོ་། །དེ་བཞིན་དུ་དྲི་ལ་ཡང་དང་པོར་དྲི་ཞིམ་མི་ཞིམ་གང་ཡང་རུང་བ་ཡིད་ཀྱིས་བསམས་ནས། མེད་
༨༩ སྣང་དུ་ཤས་ནས་གནད་དུ་བསྣུན། དེ་ནས་དྲི་ཤིན་ཏུ་མི་ཞིམ་པ་ལྟ་བུ་དངོས་སུ་བསྟན་ཅིང་ལག་ལེན་དུ་སྦྱང་། རོལ་ཡང་དང་པོར་རོ་ཞིམ་མི་ཞིམ་ཡིད་ཀྱིས་སྤྲུལ་པ་དང་། དེ་ནས་རོ་ཤིན་ཏུ་མི་ཞིམ་པ་ལྟ་བུ་ཕྱེད་ཟ་ཞིང་རྩལ་སྦྱང་། དེ་བཞིན་དུ་རེག་བྱ་ལ་ཡང་དང་པོར་ཆགས་སྡང་གི་རྒྱུ་རེག་བྱ་ཤིན་ཏུ་འཇམ་པའམ་རྩུབ་པ་ཞིག་བསྒོམས་ནས་གནད་དུ་བསྣུན། དེ་ནས་ཚེར་ཁྲོད་ལྟ་བུ་ཞིག་ཏུ་དངོས་སུ་བསྡད་ནས་འཇམ་རྩུབ་ཀྱི་རེག་བྱ་དེ་དག་རི་བོང་གི་རྭ་དང་འདྲ་བར་མ་གྲུབ་པས། ཕན་གནོད་གང་ཡང་མི་ནུས་པར་ལྟ་བ་ཟབ་མོས་ཐག་བཅད་ནས་ཉམས་ལེན་སྦྱང་བར་བྱའོ། །དེ་བཞིན་དུ་ཚོར་བ་བདེ་སྡུག་གང་ལའང་སྔར་བཞིན་དུ་ཤེས་པར་བྱའོ། །དྲུག་པ་བརྟན་པའི་ཚད་ལ་གཉིས་ཀྱི། དང་པོ་གསལ་བའི་ལྟ་བ་བརྟན་པའི་ཚད་ནི། སྣོད་བཅུད་ལ་ཐ་མལ་གྱི་འཛིན་པ་མངོན་གྱུར་བ་རགས་པ་ཞི་ནས། གསལ་བའི་འཛིན་པ་ཅུང་ཟད་བརྟན་པ་ཡིན་ནོ། །སྟོང་ཉིད་ཀྱི་ལྟ་བ་ཅུང་ཟད་བརྟན་པའི་ཚད་ནི། །དངོས་འཛིན་རགས་པ་ཞི་པའོ། མཉམ་ཉིད་ཀྱི་ནི་སྟོང་འཛིན་ཞི་པའོ། །བརྗོད་མེད་ཀྱི་ནི་མཉམ་འཛིན་ཞི་བའོ། །མི་རྟོག་པས་ནི་སྒྲོ་འདོགས་དང་། སྐུར་འདེབས་ཀྱི་འཛིན་པ་མངོན་གྱུར་བ་རགས་པ་ཞི་ནས། མི་རྟོག་པ་ལ་སྩོལ་མེད་དུ་འགྲོ་བའོ། །བདུན་པ་ཞར་ལ་ཉེ་བར་མཁོ་བ་ཐུན་མཚམས་ཀྱི་རྣལ་འབྱོར་ལ་གཉིས། ཟས་ཀྱི་རྣལ་འབྱོར་དང་། ཉལ་བའི་རྣལ་འབྱོར་རོ། །དང་པོ་ནི། རང་ལུས་བསྐྱེད་རྫོགས་ཅི་རིགས་པ་གསལ་བཏབ་སྟེ། རང་ལུས་ལ་གདན་གསུམ་ཚང་པའི་ལྷའི་དཀྱིལ་འཁོར་གྱི་འདུ་ཤེས། ཟས་ལ་སྐུ་གསུང་ཐུགས་ཀྱི་བདུད་རྩིའི་འདུ་ཤེས་ཟས་ལོངས་སྤྱོད་པ་ལ་ལྷ་མཆོད་པའི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལྡན་གྱིས་ཇི་ལྟར་རན་བར་མ་ཡེངས་པར་ལོངས་སྤྱད་ལ། དབང་པོ་རྣོན་དེ་ཐམས་ཅད་འཁོར་གསུམ་རྣམ་པར་མི་རྟོག་པ་དང་མ་བྲལ་བའི་ངང་ལ་ལོངས་སྤྱོད་དོ། །གཉིས་པ་ཉལ་བའི་རྣལ་འབྱོར་ནི།
༩༠ ཉིན་པར་གྱི་རྣལ་འབྱོར་ཚར་ནས་ཉལ་བའི་དུས་སུ། ཐུན་མོང་གི་རྣལ་འབྱོར་ཉིན་པར་རང་གི་སྒོ་གསུམ་གྱི་སྤྱོད་པ་རྣམས། དགེ་བ་དང་སྡིག་པ་ཅི་བྱུང་བརྟགས་ན། དགེ་བ་བྱུང་བ་རྣམས་ལ་ཡི་རང་གི་དགའ་སྤྲོ་ན་བསྒོམས་པས་མང་དུ་སྤེལ་ཞིང་། སྡིག་པ་བྱུང་བ་རྣམས་བཙན་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་པས། སྟོབས་བཞི་ཚང་བའི་རྒྱུན་བཤགས་ཡང་ཡང་བྱ་སྟེ། ནངས་བར་སྔ་བར་ལངས་ནས་རྣལ་འབྱོར་གྱི་རིམ་པ་ལ་འཇུག་སྙོམ་པའི་བསམ་པས་གཞོག་གཡས་པ་འོག་ཏུ་གཞུག་ཅིང་ལུས་བདེ་བར་ཉལ་ལ་དྲན་པ་མངོན་དུ་བཏང་ནས་ཐུན་མོང་མ་ཡིན་པའི་རྣལ་འབྱོར། དོན་ལ་འཆི་བ་མེད་ཀྱང་འཁྲུལ་སྣང་དུ་ཡོད་པས། ངལ་ཡང་འཆི་བའི་སྣང་བ་འཆར་བར་འདུག་སྙམ་དུ་བསམས་ནས། དེའི་རྟགས་དང་པོ་སྨིག་རྒྱུ། དེ་ནས་དུ་བ། དེ་ནས་མེ་ཁྱེར། དེ་ནས་མར་མེ། དེ་ནས་མཁའ་སྣང་རྣམས་ཁྲ་བུན་གྱིས་རིམ་ཅན་དུ་ཤར་བར་བསམ། དེ་རྗེས་དཀར་ལམ་ཟླ་བ་ཤར་བ་ལྟ་བུ་བྱུང་། སྐུ་རྡོ་རྗེ་ངོ་ཤེས་པར་བྱ། དེ་ནས་དམར་ལམ་ཉི་མ་ཤར་བ་ལྟ་བུ་བྱུང་། གསུང་རྡོ་རྗེ་ངོ་ཤེས་པར་བྱ། དེ་ནས་ནག་ལམ་མཚམས་ཀྱི་མུན་པ་ལྟ་བུ་བྱུང་། ཐུགས་རྡོ་རྗེ་ངོ་ཤེས་པར་བྱ། དེ་ནས་ཐམས་ཅད་སྟོང་པ་འོད་གསལ་སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུ་ཤར་བར་བསྒོམ་ནས། སོ་སོར་རྟོག་པའི་ཤེས་རབ་ཞིབ་མོས་མུ་བཞིའི་འཛིན་པ་ཐམས་ཅད་བཅད་ལ། ནངས་བར་གཞན་དོན་དུ་གཟུགས་ཀྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་དང་བཅས་པས་ལྡང་བའི་སེམས་དང་མ་བྲལ་བཞིན་དུ་གཉིད་ལོག་པར་བྱའོ། །བར་སྐབས་སུ་སད་པའི་དུས་སུ་ཡང་རྣལ་འབྱོར་དེ་རྣམས་བསྐྱར་ཞིང་གསལ་བཏབ་ནས་ཉལ་ཏེ། ཐོ་རེངས་ལྡང་བའི་རྣལ་འབྱོར་གྱིས་ཚུལ་བཞིན་དུ་ལྷའི་སྐུར་ལྡང་ངོ་། །དེ་ལྟ་བུའི་ཚུལ་གྱིས་ཐུན་དང་ཐུན་མཚམས་ཐམས་ཅད་དུ་ཟབ་གསལ་ཕྱག་རྒྱ་ཆེན་པོའ་རྣལ་འབྱོར་དང་མ་བྲལ་བར་ཉམས་སུ་བླངས་པས་རླུང་སེམས་དབུ་མར་ཐིམ། གཟུང་འཛིན་གྱི་མདུད་པ་ཞིག །ཉམས་
༩༡ རྟོགས་ཀྱི་ཀློང་རྡོལ། སྙིགས་མ་འཁོར་བའི་འཁྲུལ་སྣང་ཐམས་ཅད་དྭངས་མ་མྱ་ངན་ལས་འདས་པའི་ངོ་བོར་རོ་གཅིག་ཏུ་དག་པས་འཁོར་འདས་དབྱེར་མེད་དམ། ཟབ་གསལ་ཟུང་འཇུག་ཕྱག་རྒྱ་ཆེན་པོའ་ཡེ་ཤེས་ལ་དབང་འབྱོར། ས་ལམ་ཐམས་ཅད་མིག་འཕྲུལ་ལྟར་སྐད་ཅིག་གིས་བགྲོད་ནས། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་འགྱུར་བ་ཡིན་ནོ། །གཉིས་པ་མདོ་སྔགས་ཟུང་དུ་འཇུག་པའི་ལམ་གྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་འཁྲིད་ལ་གཉིས། ལོ་རྒྱུས་དང་གདམས་པ་དངོས་པོ། །དང་པོ་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་། གྲུབ་ཆེན་ཏེ་ལོ་པ། པཎ་ཆེན་ནཱ་རོ་ཏཱ་པ། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། ཕག་གྲུ་རྡོ་རྗེ་རྒྱལ་པོ། གླིང་རས་པདྨ་རྡོ་རྗེ། རྒྱ་རས་ཡེ་ཤེས་རྡོ་རྗེ། དེས་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལ་གདམས། དེ་ནས་སྟོད་འབྲུག་བཀའ་བརྒྱུད་ཀྱི་ཕྱོགས་ལས་རིམ་པར་བརྒྱུད་དེ། འཕགས་མཆོག་སྤྱན་རས་གཟིགས་དངོས་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་ལ་བཀའ་བབས་ཤིང་ཐུགས་ཉམས་སུ་བཞེས། རྒྱལ་སྲས་ཁྲིད་དྲུག་ཏུ་གྲགས་པའི་ཡ་གྱལ་དུ་མཛད་ནས་སློབ་མ་མཆོག་རྣམས་ལ་གདམས་པས། འདིར་མཁས་གྲུབ་ཆེན་པོ་ལོ་ཆེན་བྱང་ཆུབ་རྩེ་མོ། དེ་དཔོན་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། དེ་ལས་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱིས་གསན་པ་ནས་བཟུང་བདག་ཅག་གི་བླ་མ་དམ་པའི་བར་དུ་ཚིག་དང་དོན་གྱི་བརྒྱུད་པ་བར་མ་ཆད་ཅིང་། ཉམས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་མཁས་གྲུབ་ཆེན་པོ་ཤ་སྟག་ཏུ་བྱོན་པ་ཡིན་ནོ། །གཉིས་པ་གདམས་པ་དངོས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། ཐུན་མོང་གི་སྔོན་འགྲོ། ཐུན་མོང་མ་ཡིན་པའི་སྔོན་འགྲོ། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ལ་བཞི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས།
༩༢ འཁོར་བའི་ཉེས་དམིགས་ཏེ་བློ་ལྡོག་རྣམ་པ་བཞི་ལ་རྒྱུད་སྦྱོང་བའི་ཚུལ་གཞན་དང་མཐུན། གཉིས་པ་ལ་གསུམ། རྡོ་རྗེ་སེམས་དཔའི་སྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར་ཏེ་སྔོན་འགྲོ་སུམ་སྦྱོར་དུ་གྲགས་པའི། དང་པོ་ལ་གསུམ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་དངོས་སོ། །དང་པོ་ནི། །ས་ཕྱོགས་ཐམས་ཅད་དག་པ་རབ་འབྱམས་ཀྱི་ཞིང་ཁམས་ཆེན་པོར་གྱུར་པའི་རང་གི་མདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་ནོར་བུ་རིན་པོ་ཆེ་སྣ་ཚོགས་པས་གཏམས་པའི་དབུས་སུ། དཔག་བསམ་གྱི་ལྗོན་ཤིང་རྩ་བ་བརྟན་པ། སྡོང་པོ་མཁྲིག་པ། ཡལ་ག་ལྔ་པ། ལོ་འདབ་དང་། མེ་ཏོག་དང་། འབྲས་བུ་རྣམ་པར་རྒྱས་ཤིང་ཡིད་དུ་འོང་བའི་དབུས་སུ་རིན་པོ་ཆེའི་ཁྲི་དང་སྣ་ཚོགས་པད་ཟླའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མདུན་གྱི་ཡལ་གར་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་ཆོས། གཡོན་དུ་དགེ་འདུན། བར་མཚམས་ཐམས་ཅད་དུ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་གཏེབས་པ་ལྟར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ནས་བློ་ལྟོས་ལིང་འགེལ་གྱིས་སྐྱབས་སུ་འགྲོ་བའི་ཚིག་ཇི་ལྟར་རིགས་པ་བརྗོད། །གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་སྨོན་པ་དང་། དེའི་ཆེད་དུ་ལམ་ལ་བསླབ་པར་བགྱིའོ་སྙམ་པ་འཇུག་པའི་སེམས་བསྐྱེད་པ་གསལ་བཏབ་ནས་ངག་ཏུ་བརྗོད། མཐར་སྐྱབས་ཡུལ་རྣམས་གཡས་བསྐོར་གྱི་དབུས་ཀྱི་བླ་མ་ལ་ཐིམ། དེ་ཉིད་རང་ལ་ཐིམ་པས་རྒྱུད་བྱིན་གྱི་བརླབས་པར་བསམ། གསུམ་པ་ནི། ངག་འདོན་གྱི་དཀྱུས་ནས་འབྱུང་བ་ལྟར་ཆོ་ག་གསུམ་བསྐྱེད་ཀྱིས་རྡོ་རྗེ་སེམས་དཔའི་དམ་ཚིག་པ་གསལ་བཏབ། ཡེ་ཤེས་པ་བསྟིམ། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས།
༩༣ ཕྱིན་ཆད་སྡོམ་སེམས། དེ་ལྟའི་གཉེན་པོར་བདུད་རྩི་འབེབས་སྦྱོང་གི་དམིགས་པ་དང་བཅས་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ། མཇུག་ཏུ་སླར་ཡང་བཤགས་སྡོམ་དྲག་ཏུ་བྱ་ཞིང་རང་ལ་བསྟིམ་མོ། །གཉིས་པ་མཎྜལ་ནི་ཕྱག་ལེན་ལ་འོག་ཏུ་བླ་མའི་རྣལ་འབྱོར་སྐབས་སུ་མཛད། གསུམ་པ་ལ་ལྔ། བླ་མའི་རྣལ་འབྱོར་གསལ་གདབ་པ། ཡན་ལག་བདུན་པ་བྱ་བ། མཆོད་པའི་མཎྜལ་འབུལ་བ། གསོལ་བ་གདབ་པ། དབང་བླང་བ་རྣམས་ཏེ། དག་འདོན་གྱི་དཀྱུས་ནས་འབྱུང་བ་བཞིན་སོ་སོའ་རྟོགས་པ་མ་སྐྱེས་པའི་བར་དུ་ཉམས་སུ་བླང་། དེ་ཡང་སྐྱབས་འགྲོ་འབུམ་ཐེར་དད་སྦྲགས་ནས་ཕྱག་དེ་མཚུངས་དང་། རྡོར་སེམས་སྒོམ་བཟླས་སྐབས་ཡིག་རྒྱ་འབུམ་ཐེར། བླ་མའི་རྣལ་འབྱོར་གྱི་སྐབས་མཎྜལ་འབུམ་ཐེར་རྣམས་བསགས་པ་ཕྱག་ལེན་དུ་མཛད་དོ། གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ནི། བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང་། ངག་གནད་རླུང་རོ་བསལ་ལ་སྨྲ་བ་བཅད་དེ་རླུང་རང་བསས་སུ་བཞག །ཡིད་ཀྱི་གནད་དུས་གསུམ་གྱི་སྤྲོས་པ་ཐམས་ཅད་བཅད། སྒོ་ལྔའི་ཡུལ་ལ་རྟོག་དཔྱོད་སྤང་། ཤེས་པ་ཁ་ནང་དུ་ལོག་ནས་བུ་ཆུང་ལྷུག་པར་གནས་པ་བཞིན་དུ་སེམས་རང་བབས་སུ་འཇོག་པ་སྟེ། འདི་ལ་དབེན་པ་གསུམ་མམ། མི་གཡོ་བ་གསུམ་མམ། སྒོ་གསུམ་རང་བབས་སུ་བཞག་པ་ཞེས་ཀྱང་གསུངས་སོ། །གཉིས་པ་དངོས་གཞི་ལ་གསུམ། རྟེན་ཞི་གནས་བསྒོམ། བརྟེན་པ་ལྷག་མཐོང་བཙལ། དེ་གཉིས་ཟུང་འབྲེལ་དུ་ངོ་སྤྲད་པའོ། །དང་པོ་ནི། རང་གི་མདུན་དུ་ཤིང་བུ་ཕྲ་མོ་བཙུགས་པ་ལྟ་བུས་མཚན་དམིགས་རྟེན་གང་རུང་འདུ་བྱ། དེ་ལ་མིག་མི་འཛུམ་པར་ཅེ་རེ་བལྟ། ཤེས་པའང་དེ་ལ་བརླན། མ་ཡེངས་ཙམ་དུ་ལྷོད་ཀློད་ལ་འཇོག །ཆམ་གྱིས་གནས་པ་ན་ཉམས་དེ་ལ་ཧ་ཅང་མ་ཆགས་པར་ཤིག་གིས་བཤིག་ལ་ཅུང་ཟད་ངལ་གསོ། ཡང་སྔར་བཞིན་བསྒོམ། དེ་ལྟ་བུ་ཡུན་ཐུང་ལ་གྲངས་མང་བའི་ཚུལ་དུ་ཐུན་
༩༤ བཞིར་བསླབ། ཐུན་བར་ཐམས་ཅད་ལའང་དེའི་ངང་མ་ཤོར་བར་དྲན་པ་རྒྱུན་ཆགས་སུ་བྱ། མིག་སྣ་རྩེ་ལས་མི་རིང་བར་བལྟ། འགྲོ་འདུག་ཐམས་ཅད་ནད་པའི་སྤྱོད་ལམ་བཞིན་ངལ་བར་བྱ། དེས་མཚོན་ཏེ་སྨིན་མཚམས་སུ་ཐིག་ལེ་དཀར་པོ་དང་། སྟན་གྱི་ཐོག་ཏུ་ཐིག་ལེ་ནག་པོ་རིལ་མ་ཙམ་ལ་སེམས་བཟུང་། གཞན་ཡང་དག་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་སོགས་ལ་དམིགས་རྟེན་བྱས་ཏེ་སྔར་བཞིན་བསྒོམ། ཤེས་ཤིང་ནུས་ན་རླུང་བུམ་པ་ཅན་ནམ་རྡོ་རྗེའི་བཟླས་པ་ལ་སེམས་བཟུང་། དེ་ལྟར་བྱས་ཀྱང་གནས་པའི་སྣ་མ་ཟིན་ན། རྟོག་པ་ནམ་སྐྱེས་ཙ་ན་ངོས་ཟིན་པར་བྱ། སྒོམ་པའི་སྣ་མ་སུན་པར་བྱས་ཏེ་གནད་ནས་བཟུང་སྟེ་བསྒོམས་པས་རྟོག་པ་ཇེ་ཕྲ་ལ་སོང་ནས་གནས་པ་སྐྱེ། ཅིས་ཀྱང་རྟོག་པ་མང་པོ་ལང་ཤོར་དུ་སོང་ན། རྟོག་པ་རང་གི་ཐོག་ཏུ་ལྷོད་ཀྱིས་གློད་ནས་དྲན་པས་བཟུང་། དེས་རྟོག་པ་ཇི་ལྟར་འཕྲོ་ཡང་སེམས་འཛིན་གྱི་རྟེན་དུ་སོང་ནས་ཞི་གནས་ཀྱི་ཉམས་སྩོལ་མེད་སྐྱེ་བར་འགྱུར་བས། སྒྲིམ་ཀློད་རེས་འཇོག་ཏུ་བཞག །དྲན་ཤེས་རང་བབས་སུ་བཞག །སྣང་ཆ་མ་འགགས་ལ་ཡུལ་གྱི་འཛིན་རྟོག་དང་བྲལ་བར་བཞག །རྟོག་པ་ནམ་སྐྱེས་པ་དང་དྲན་པ་རྒྱུན་ཆགས་པས་རྟོག་པ་རང་གྲོལ་དུ་བཞག །དེ་ལྟར་ཉམས་སུ་བླངས་པས། སྒོམ་ཉམས་བཤིག་པའམ། མཉམ་བཞག་ལས་ལངས་པའི་གནས་སྐབས་སུའང་ཤེས་པ་དལ་ལ་ལྷོད་ཆགས་པ་ལྷོད་དེ། ཤིག་གེ་བ། སྣང་བ་ཟི་བུན་ནེ། ཡུལ་ལ་ཤེས་པ་ཆེད་དུ་མ་བཅུག་ན་སྤུ་རིས་མི་ཕྱེད་ཕར་ཧད་དེ་ཆད་དེ། གསལ་ལ་རྟོག་མེད་དུ་གནས་པ་ཞིག་བྱུང་ན་ཞི་གནས་སྐྱེས་པ་ཡིན། དེ་ཙམ་ནས་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བའང་རིམ་གྱིས་སྐྱེ་བས། ཤིན་སྦྱངས་མི་གཡོ་བའི་ཞི་གནས་བརྟན་པར་གྱུར་བའི་བར་ཉམས་སུ་བླང་ངོ་། །གཉིས་པ་ལྷག་མཐོང་བཙལ་བ་ནི། དེ་ལྟ་
༩༥ བུའི་མཉམ་བཞག་གི་ངང་ནས། རྟོག་པ་འཕྲོ་བཅད། སེམས་ལྷན་ཅིག་གནས་པའི་དུས་སུ་གནས་བདེ་རང་གི་ངོ་བོ་ཇི་འདྲ་འདུག །ཡོད་པའམ། མེད་པའམ། དངོས་པོའམ། དངོས་མེད་དམ། དབྱིབས། ཁ་དོག །གཅིག་དུ་མ་སོགས་ལེགས་པར་བརྟགས་ཤིང་དཔྱད་པས། དཔེ་ལ་བལྟས་པའམ། གཞན་གྱི་ཟེར་སྒྲོས་ཙམ་མ་ཡིན་པར་འགྱུ་བའི་རྣམ་རྟོག་ནི་གནས་པ་ལ་ཐིམ། གནས་པ་རང་གི་ངོ་བོ་ནི་སྣང་ལ་རང་བཞིན་མེད་པ། གསལ་ལ་ངོས་བཟུང་མེད་པ། ཉམས་སུ་མྱོང་བཞིན་དུ་བརྗོད་མི་ནུས་པའི་ཤེས་པ་རྗེན་པ་ལྷག་གིས་མཐོང་བ་ན། ངོ་བོ་མཐོང་བ་ཡིན་པས་ངོ་སྤྲད་པར་བྱ་སྟེ། གསུམ་པ་ཟུང་འཇུག་ཏུ་ངོ་སྤྲོད་པ་ནི། །ཞི་གནས་དང་ལྷག་མཐོང་ཞེས་ཚིགས་ཐ་དད་ཀྱང་། དོན་དུ་ངོ་བོ་གཅིག་ལ་ལྡོག་པ་སོ་སོར་དབྱེ་བ་ཡིན་ཏེ། སེམས་རང་ལུགས་སུ་ལྟོད་ཀྱིས་བཞག་པའི་དུས་ན་རྣམ་པར་རྟོག་པ་རང་སར་ཞི་ནས་རྟོག་མེད་དུ་ལྷན་ནེར་གནས་པ་ཞི་གནས། དེའི་ངོ་བོ་ལ་བལྟས་པས་འདི་འདྲ་འདུག་བྱ་བ་དག་ཏུ་སྨྲ་རྒྱུའམ། ཡིད་ཀྱིས་བསམ་རྒྱུའམ། བློས་བརྟགས་རྒྱུའམ། ཚིག་གིས་བརྗོད་རྒྱུའི་ངོས་བཟུང་མེད་ལ། ངོས་བཟུང་མེད་བཞིན་ཏུ་གསལ་ལ་མ་འགགས་པའི་ཤེས་པ་སེང་ངེ་། ཡེར་རེ། རྗེན་ནེ་བ། མ་མཐོང་པའི་མཐོང་རྒྱུའམ། མ་མྱོང་བའི་མྱོང་རྒྱུ་གཅིག་རང་ལ་ཡོད་ཀྱང་འདི་ཞེས་བརྗོད་དུ་མི་བཏུབ་པ་ལྷག་མཐོང་། །དེ་གཉིས་ཀྱང་ངོ་བོ་དབྱེར་མེད་པས་ན། སེམས་ཀྱི་མཚན་ཉིད་སོ་སོ་རང་གིས་རིག་པའི་གཤིས་སུ་མ་བཅོས་པར་འཇོག་པ་ནི་ཞི་ལྷག་ཟུང་འཇུག་སྟེ། མདོར་ན་སེམས་ལ་ངོས་བཟུང་མེད་པ་སྟོང་པ་སེམས་ཀྱི་རང་བཞིན། མེད་བཞིན་དུ་ཅིར་ཡང་འཆར་བ་གསལ་བ་སེམས་ཀྱི་མཚན་ཉིད། སྟོང་གསལ་དབྱེར་མེད་པའི་ཤེས་པ་རྗེན་པ་ནི་མ་བཅོས་སེམས་ཀྱི་ངོ་བོ་སྟེ་སངས་རྒྱས་ཀྱི་ཐུགས། སེམས་ཅན་གྱི་སེམས། དངོས་དང་དངོས་མེད་ཀྱི་གནས་
༩༦ ལུགས་འདི་ཁོ་ན་ལས་མ་འདས་པས་ཕྱག་རྒྱ་ཆེན་པོ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ། དེ་ལྟ་བུའི་གནས་ལུགས་དེས་དོད་མ་ནས་རང་ལ་བབས་ཀྱིས་གནས་ཀྱང་རྣམ་པར་རྟོག་པས་བསྒྲིབས་ཏེ་ངོ་མ་ཤེས་པས་འཁོར་བར་འཁྱམས། ད་རེས་བླ་མའི་མན་ངག་གིས་རྣམ་རྟོག་མི་འགྱུ་པ་ཞི་གནས་ཀྱིས་ཟིལ་མནན། སེམས་ཀྱི་ངོ་བོ་ལྷག་མཐོང་གིས་མཚངས་བཙལ། ཞི་ལྷག་ཟུང་འཇུག་ཤེས་པ་སྐད་ཅིག་མའི་སྟེང་དུ་།།།་ངོ་སྤྲད་པས་རང་བབས་ཀྱི་གནས་ལུགས་དེ་ལ་གཉིས་སུ་མེད་པར་སྦྱོར་བར་བྱེད་པས་ན་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ངག་ཅེས་མཚན་དུ་གསོལ་བ་ཡིན་ནོ། །གསུམ་པ་རྗེས་ནི། དེ་ལྟར་ངོ་འཕྲོད་ནས་མཉམ་རྗེས་ཐམས་ཅད་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པས་ཉམས་དང་རྟོགས་པ་དབྱར་གྱི་མྱུ་གུ་བཞིན་སྐྱེ། རྒྱུད་ལ་ཉམས་རྟོགས་ཇི་ཙམ་སྐྱེས་པ་དེ་ཙམ་གྱིས་ཉོན་མོངས་པ་ཤུག་ཆུང་། ངེས་འབྱུང་རྩོལ་མེད་དུ་ཤར། སྙིང་རྗེ་ཕྱོགས་མེད་དུ་འབྱོངས། མོས་གུས་བཟོད་མེད་དུ་འབར། སྟོང་ཉིད་རྒྱུ་འབྲས་དང་། རྒྱུ་འབྲས་རྟེན་འབྲེལ་དུ་ཤེས་པས་གེགས་དང་གོལ་ས་ཐམས་ཅད་རང་སར་གྲོལ། རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པར་འགྱུར་བ་སྟེ། ཞིབ་པར་རང་གི་ཉམས་མྱོང་སྐྱེས་རིམ་དང་བསྟུན་ནས། བླ་མ་དམ་པ་ཉམས་དང་རྟོགས་པས་ཁྱད་པར་དུ་བྱས་པའི་སྤྱན་སྔར་ཞུ་ཞིང་། ངེས་ཀྱང་ངོ་སྤྲོད་དང་། གེགས་སེལ་དང་། བོགས་འདོན་གྱི་གདམས་པས་རྗེས་སུ་བཟུང་བ་ལྟར་རྩེ་གཅིག་ཏུ་བརྩོན་པར་བྱས་པ་ལ་བརྟེན་ནས། ས་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར་བ་ཉིད་དོ། །མཁས་པ་ལས་འོང་གྲུབ་པའི་མྱང་པས་བརྒྱན། །ཉམས་ལེན་བྱིན་རླབས་བརྒྱུད་པ་དང་ལྡན་པའི། གདམས་པ་སྙིང་པོར་དྲིལ་བའི་ལེགས་བྱས་ཀྱིས། མཁའ་ཁྱབ་འགྲོ་ཀུན་ཡེ་ཤེས་མཆོག་བརྙེས་ཤོག །ཅེས་ཀུན་མཁྱེན་བོ་དོང་པ་ཆེན་པོའ་
༩༧ ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ཟབ་གསལ་དང་། ལྷན་ཅིག་སྐྱེས་སྦྱོར་གྱིས་ཁྲིད་རིམ་ཀུན་མཁྱེན་འཆི་མེད་དབང་པོའ་གསུང་རབ་དང་། བླ་མ་དམ་པའི་ཞལ་ལུང་ཇི་ལྟ་བར་མདོར་བསྡུས་སྙིང་པོར་དྲིལ་ཏེ་ཟིན་བྲིས་སུ་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །ཅེས་པའང་མཉྫུ་གྷོ་ཥས་སོ། །སརྦ་དཱ་ཀལྱཱ་ཎཾ་བྷ་བ་ཏུ།


Notes


Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.