Tibetan:གཅོད་ཡུལ་རྒྱ་མཚོའི་སྙིང་པོ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཚུལ་ཟབ་མོའི་ཡང་ཞུན་
gcod yul rgya mtsho'i snying po stan thog gcig tu nyams su len pa'i tshul zab mo'i yang zhun
Damngak Dzö Volume 14 (ཕ་) / Pages 353-360 / Folios 1a1 to 4b6
Tibetan Text
༄༅། །གཅོད་ཡུལ་རྒྱ་མཚོའ་སྙིང་པོ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཚུལ་ཟབ་མོའ་ཡང་ཞུན་ཅེས་བྱ་བ་བཞུགས་སོ།།
༄༅། །ན་མོ་གུ་རུ། འཁྲུལ་རྟོག་ཆོས་སྐུ་དག་པ་ཆེར། །གཅོད་པའི་ཐབས་མང་སྟོན་མཛད་པ། །བླ་མ་ཡུམ་ཆེན་མཆོག་ཞབས་ལ། །བཏུད་ནས་སྙིང་པོའ་རྣལ་འབྱོར་འཆད། །དེའང་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། །རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་སྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། ཅེས་ཁྱད་པར་ཅན་གྱི་དོན་བཞིའི་གདམས་ངག་ལག་ལེན་དུ་བསྟར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་སྙིང་པོ་དམ་ཆོས་བདུད་ཀྱི་གཅོད་ཡུལ་དུ་གྲགས་པའི་གདམས་རྒྱ་མཚོ་ལྟ་བུའང་ཏིང་ངེ་འཛིན་གསུམ་དང་མཐུན་པའི་ལྟ་སྒོམ་སྤྱོད་གསུམ་གྱིས་ལམ་གྱི་ཡོན་ཏན་གོང་དུ་སྤེལ་བ་ཡིན་པས་ན་ལུས་སྦྱིན་ཐུན་གཅིག་ལའང་དེ་དག་ཡ་བྲལ་དུ་མ་སོང་བ་དགོས་སོ། །དེ་ལ་གཅོད་ཅེས་བྱ་བའི་དོན་ནི་རང་རྒྱུད་ཀྱི་བདག་དང་བདག་གིར་འཛིན་པ་ལིང་ངེར་སྤངས་ནས། གཞན་སྣང་གང་ལའང་མཚན་འཛིན་གྱི་འདུ་ཤེས་མི་འཇུག་པར་སྒྱུ་མ་ལྟ་བུའི་སྤྱོད་པ་སྤྱད་པ་ཡིན་པས་དེ་གཞིར་བཞག་ནས་ཉམས་ལེན་དངོས་ལ་གསུམ། བདེ་གཤེགས་ཀྱི་བྱིན་རླབས་རང་ལ་འཇུག་པར་བྱེད་པ་སྔོན་འགྲོའི་ཆོས། ཤེས་རབ་དང་སྙིང་རྗེའི་སྟོབས་ཀྱིས་སྟོང་པར་གནས་ཤིང་སེམས་ཅན་གྱི་དོན་སྒྲུབ་པ་དངོས་གཞིའི་ཉམས་ལེན། ཇི་སྐད་དམ་བཅས་པ་ལས་མི་འགལ་བར་སྤྱོད་པ་རྗེས་ཀྱི་བྱ་བའོ།
དང་པོ་ལ་གཉིས། ཐེག་ཆེན་གྱི་སྒོར་འཇུག་པ་ནི་བློ་ལྡོག་རྣམ་བཞི་བྲན་པར་བྱས་ལ་སྐྱབས་ཡུལ་གསལ་གདབ་པ་ནི། མདུན་གྱི་ནམ་མཁར་སེང་ཁྲི་པད་ཉིའི་སྟེང་། །མ་གཅིག་བླ་མ་ཤེས་རབ་ཕར་ཕྱིན་ལ། །དཀོན་མཆོག་རྩ་གསུམ་སྐྱབས་ཡུལ་རྒྱ་མཚོས་བསྐོར། །མཁའ་ཁྱབ་འགྲོ་ལ་ཐུགས་རྗེས་གཟིགས་པར་གྱུར། སྐྱབས་འགྲོ་ནི། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། སེམས་བསྐྱེད་པ་ནི། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །མོས་གུས་ཀྱིས་བྱིན་འབེབས་པ་ལ་ཐོག་མར་སྐྱབས་ཡུལ་དེ་ཉིད་ཚོགས་ཞིང་དུ་བྱས་ཏེ། བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། གུས་པས་ཁྱེད་ལ་འབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པ། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བས་ཉེར་དགོངས་ཏེ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ།
དེ་ནས་གསོལ་བ་གདབ་པ་ནི། ན་མོ་གུ་རུ། ཤེས་རབ་ཕ་རོལ་ཕྱིན་མངའ་རྒྱལ་ཡུམ་དང་། །གཉིས་མེད་མ་གཅིག་ཡུམ་ཆེན་མཁའ་འགྲོའི་གཙོ། །ཟབ་དོན་གཅོད་ཡུལ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་ལུས་དང་ལོངས་སྤྱོད་དངོས་པོ་ཀུན། །ཞེན་པ་མེད་པར་འབུལ་ལོ་བཞེས་ནས་ཀྱང་། །འགྲོ་ཀུན་དོན་དུ་བདག་འཛིན་བློས་ཐོངཐོངས་ཞིང་། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་གཅིག་ཆོད་རྟོགས་པ་དང་། །རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས། །ཁམས་གསུམ་སྲིད་དུ་ཆོད་པར་བྱིན་གྱིས་རློབས། །འགྲོ་དྲུག་གཉེན་དུ་འདུ་བར །འཁོར་འདས་དབྱིངས་སུ་དག་པར་བྱིན་གྱིས་རློབས། །གཟུང་འཛིན་འཁྲི་བར་ཆོད་པར །བདག་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཞེས་མོས་གུས་རྩེ་གཅིག་པས་གསོལ་བ་བཏབ་ལ། །འཁོར་རྣམས་བླ་མ་ལ་ཐིམ་གནས་གསུམ་གྱི། །འབྲུ་གསུམ་འོད་ཟེར་བདག་གི་གནས་གསུམ་ཞུགས། །སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས། །བླ་མ་འོད་ཞུ་རང་དང་གཉིས་མེད་གྱུར། །གཉིས་པ་དངོས་གཞི་ལ་གསུམ། །དང་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལྟ་བས་ཐག་བཅད་པ་ལ་དབྱིངས་རིག་བསྲེ་བ་ནི་རླུང་ཁ་སྦྱོར་བྱས་ལ། ལུས་ཀུན་ཁྱབ་པའི་རྣམ་ཤེས་འུབ་ཀྱིས་འདུས། །རྐང་འཐིལ་གཉིས་སུ་ཐིག་ལེ་དཀར་འཚེར་གྱུར། ཕཊ། རྐང་པའི་སྦུབས་བརྒྱུད་སུམ་མདོར་གཅིག་ཏུ་འདྲེས། །སྤྱི་བོ་ནས་ཐོན་མཁའ་དང་དབྱེར་མེད་གྱུར། ཕཊ། ཅེས་ནམ་མཁའ་གར་ཁྱབ་རིག་པས་ཁྱབ་པར་བྱས་ལ་བཞག་གོ །ཡུམ་དོན་ངོས་བཟུང་བ་ནི། རང་རིག་རྟག་ཆད་སྐྱེ་འགག་འགྲོ་འོང་བྲལ། །ཡོད་མེད་ལ་སོགས་གང་གི་ཕྱོགས་མ་ལྷུང་། །བྱ་བྱེད་ཕན་གནོད་མ་གྲུབ་ངོས་བཟུང་མེད། །གཞི་རྩ་ཀུན་བྲལ་ནམ་མཁའ་ལྟ་བུའོ། །ཕཊ། ཞེས་གང་ཡང་ཡིད་ལ་མི་བྱེད་པར་ཅི་གནས་སུམཉམ་པར་བཞག་གོ །བདུད་བཞི་དབྱིངས་སུ་གཅོད་པ་ནི། ཡུལ་ལ་གཟུང་འཛིན་སྐྱེས་པ་ཐོགས་བཅས་བདུད། །ཤུགས་འབྱུང་སེམས་ཀྱི་འཆར་སྒོ་ཐོགས་མེད་བདུད།
མཐུན་རྐྱེན་འདོད་རྒུས་གཡེངས་པའི་དགའ་བྲོད་བདུད། །ཀུན་གྱི་རྩ་བ་འཛིན་རྟོག་སྙེམས་བྱེད་བདུད། གང་ཤར་སྐྱེ་མེད་དབྱིངས་སུ་བཅད་པར་བྱ། ཕཊ། ཅེས་རྣམ་རྟོག་ཐོལ་སྐྱེས་རྦད་ཆོད་དུ་གཏོང་ངོ་། གཉིས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོམ་པས་ཉམས་སུ་བླང་བ་ནི། །དབྱིངས་རིག་བསྲེས་པས་སྤྲོས་པ་ཀུན་དང་བྲལ་བའི་རང་རིག་འོད་གསལ་བ་དེ་ཉིད་བསྒོམ་བྱའི་དངོས་གཞི་ཡིན་ལ། དེ་རྟོགས་བྱེད་ཀྱི་རྩལ་སྦྱོང་དུ་ཞི་ལྷག་གི་དམིགས་པའི་རྣམ་འགྱུར་མང་དུ་འབྱུང་ཡང་སྐབས་འདིར་ཕུང་པོ་གཟན་ཏུ་བསྐྱུར་བ་ལ་གཉིས་ལས་ཐོག་མར་དཀར་འགྱེད་ནི། །ཕཊ། །སྟོང་ཉིད་རྩལ་མདངས་རང་ལུས་ཆེ་བརྗིད་ཚོ། །གཞོན་མཛེས་ཡིད་དུ་འོང་བའི་སྙིང་ག་ནས། །རང་སེམས་གྲི་ཐོད་ཐོགས་པའི་རྣལ་འབྱོར་མ། །བདེ་བའི་ཉམས་ལྡན་མདུན་མཁར་རྒྱངས་ཀྱིས་ཐོན། །རང་བྱུང་སྐྱེད་པུ་ར་བྷཉྫ་ལིང་གིས་ཕོག །བེམ་པོ་ཏིལ་འབྲུ་ཙམ་དུ་བསིལ་ཏེ་བླུགས། ༀ་ཨཱཿཧཱུྃ་གིས་ཡེ་ཤེས་བདུད་རྩིར་བསྒྱུར། །འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ་པར་གྱུར། །ཕཊ། རང་རིག་རྩལ་ལས་ཤར་བའི་འཁོར་འདས་ཀྱི། །མགྲོན་རིགས་རྣམ་པ་བཞི་རུ་གཏོགས་སོ་ཅོག །འདིར་གཤེགས་འདིར་འདུས་སྤྲིན་ཕུང་འཁྲིགས་ལྟར་བཞུགས། །སྤྲུལ་པའི་ལྷ་མོས་ཐོད་པའི་བདུད་རྩིས་མཆོད། ཕཊ། རྩ་བརྒྱུད་བླ་མ་དཀོན་མཆོག་རིན་ཆེན་གསུམ། །ཕྱོགས་དུས་རྒྱལ་བ་བྱང་སེམས་ཉན་རང་ཚོགས། །ཐེག་དགུ་རྒྱུད་སྡེ་བཞི་དྲུག་དཀྱིལ་འཁོར་ལྷ། །གནས་ཡུལ་མཁའ་འགྲོ་རྒྱུད་གསུམ་དམ་ཅན་ལ། །བླ་མེད་ཀུན་བཟང་མཆོད་པའི་སྤྲིན་དུ་འབུལ། །ཟག་མེད་བདེ་བ་ཆེན་པོས་ཐུགས་ཚིམས་ནས། །བདག་སོགས་འགལ་རྐྱེན་ལམ་དུ་ལོངས་པ་དང་། །གཅོད་ཡུལ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། ཕཊ། གཙང་རིགས་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། །ཡོན་ཏན་མགྲོན་རིགས་ཐུགས་ལ་དགྱེས་རྒུར་འབུལ། །འཇིག་རྟེན་མཐའ་དག་བདེ་བས་འཚོ་བ་དང་། །བསམ་དོན་ཆོས་བཞིན་འགྲུབ་པའི་སྡོང་གྲོགས་མཛོད། ཕཊ། དུས་
གསུམ་ཕ་མ་ཁམས་གསུམ་སྐྱེ་གནས་བཞི། །རིགས་དྲུག་སྙིང་རྗེའི་མགྲོན་གྱུར་ཐམས་ཅད་ལ། །འདོད་རྒུ་ནམ་མཁའ་མཛོད་ཀྱི་ཆར་བབས་ནས། །སྡུག་བསྔལ་ཀུན་བྲལ་རྟག་ཏུ་བདེ་ཐོབ་ཤོག །ཕཊ། ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བར། །གནོད་འཚེའི་ལན་ཆགས་བདག་པོ་གད་མཆིས་ལ། །ལུས་སྲོག་ལོངས་སྤྱོད་གླུད་དང་བུ་ལོན་འཇལ། །ཤ་མཁོན་ཆོད་ཅིང་བྱང་ཆུབ་སེམས་ལྡན་ཤོག །ཕཊ། སྤྲོ་ན། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བརྗོད། གཉིས་པ་དམར་འགྱེད་ནི། ཕཊ། །སྟོང་ཁམས་ཁྱབ་པའི་རང་ལུས་ལས། །རང་སེམས་ཁྲོས་མ་དབྱིངས་སུ་ཐོན། །པགས་པ་བཤུས་ནས་ཕྱལ་གྱིས་བཏིང་། །ཡན་ལག་ལྷུ་གཟུགས་དུམ་བུར་གཏུབས། །དབང་པོ་ནང་ཁྲོལ་སིལ་བུར་སྤུངས། །ཤ་ཁྲག་མཚོ་ཀླང་ཞག་འདམས། །རུས་པའི་གྲམ་ཁྲོད་འཇིག་རྟེན་གང་། །སྤྲེ་སྣུམ་རླངས་པ་མ་ཡལ་བ། །ནུས་བཅུད་ཕུན་ཚོགས་སྐྱེ་བདུན་བཞིན། །མྱང་གྲོལ་ཟང་མི་ཤེས་པར་གྱུར། ཕཊ། །སྲིད་པ་གསུམ་ན་གནས་ཤིང་རྒྱུ། །ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཅན། །འཆི་བདག་གཤིན་རྗེ་གནས་ལུས་གདོན། །ཁྱད་པར་བདག་སོགས་སེམས་ཅན་ལ། །གནོད་འཚེའི་བསམ་སྦྱོར་འཆང་བ་རྣམས། །འཁོར་གཡོག་སྡེ་དང་དཔུང་བཅས་པ། །སྐད་ཅིག་མྱུར་དུ་འདིར་འདུས་ཤིག །ཕཊ། མ་རིག་དབང་གིས་ཐོག་མེད་ནས། །སྡུག་བསྔལ་རྟེན་གཞི་ལུས་འདི་གྲུབ། །སྔོན་ཆད་བདག་ཏུ་བཟུང་བས་ཕུང་། །ཁྱེད་རྣམས་དྲིན་ཅན་ཕ་མ་སྟེ། །དེ་སྔ་འདྲེ་རུ་འཛིན་པས་འཁྲུལ། །ད་ནི་བདག་འཛིན་ལིང་གིས་ཐོར། །ཅི་སྣང་བདེན་མེད་སྒྱུ་མའི་ངང་། །ཆགས་ཞེན་མེད་པ་ཅི་འདོད་སྟེར། །ཤ་ཁྲག་རུས་པ་དབང་པོ་ལྔ། །ནང་
ཁྲོལ་པགས་པ་རྩ་རྒྱུས་སོགས། །བཙོ་བསྲེགས་རློན་པ་གང་བདེར་ཟོ། །དོགས་མེད་དགའ་བའི་ཡིད་ཀྱིས་སྤྱོད། །ཐུབ་ཚད་ཟོ་ལ་ཁྱག་ཚད་ཁུར། །བུ་ལོན་བྱང་ཞིང་ལན་ཆགས་འཁོར། །དགའ་མགུ་ཡི་རངརངས་བྱང་སེམས་ལྡན། །ཉོན་མོངས་སྡིག་སྒྲིབ་ཀུན་ཞི་ནས། །ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག །ཕཊ། གསུམ་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྤྱོད་པས་བོགས་དབྱུང་བ་ནི། ལྟ་སྒོམ་དེ་དག་ཉམས་སུ་བླངས་པས་ནང་གི་སྙེམས་རྟོག་སྟན་ཐོག་ཏུ་ཆོད་པ་ན། །བརྟན་ཅིང་བོགས་དབྱུང་བའི་ཆེད་དུ་གདམས་ངག་ཁྱད་པར་བ་དང་ལྡན་པས་གཉན་ཁྲོད་འགྲིམས་ཞིང་བསླངས་ཚད་ཚར་ཚད་གཏན་ལ་དབབ་པ་ཡིན་ཀྱང་། སྐབས་འདིར་ལྟ་སྒོམ་དེ་དག་ཉམས་སུ་ལེན་པའི་ཚེ་སྙེམས་བྱེད་ཀྱི་རྟོག་པ་ལྷོངས་ན་འབུར་འཇོམས་སུ་གཅོད་དེ། སེམས་ནི་སྟོང་ཉིད་ནམ་མཁའ་འདྲ། །འདྲེ་བས་སངས་རྒྱས་ཀྱིས་མ་གཟིགས། །ལུས་ནི་སྦྱིན་པ་བཏང་ཟིན་པས། །ཆགས་དང་ཞེན་ཡུལ་སྤུ་ཙམ་མེད། །ཁྱེད་རྣམས་ཇི་ལྟར་དགའ་བ་གྱིས། །བདག་འཛིན་བརླག་པར་མཛད་དུ་གསོལ། ཕཊ། ཅེས་ནང་དང་གསང་བའི་སློང་གང་བྱུང་སྟོང་ཉིད་ཀྱི་དབྱིངས་སུ་བཅད་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གསུམ་སྟེ། བྱམས་པ་དང་ཆོས་ཀྱི་སྦྱིན་པ་བྱ་བ་ནི། གནོད་བྱེད་གཙོར་གྱུར་ཕ་མ་སེམས་ཅན་གྱི། །སྡིག་སྒྲིབ་སྡུག་བསྔལ་མ་ལུས་བདག་ལ་སྨིན། །བདག་གི་བདེ་དགེ་དེ་དག་ལ་སྨིན་ནས། །འགྲོ་ཀུན་སྡུག་བསྔལ་དང་བྲལ་བདེ་ལྡན་ཤོག །ཕཊ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །གཅད་བྱ་གཅོད་བྱེད་དབྱིངས་སུ་བསྐྱལ་བ་ནི། ལྷ་ཡང་སེམས་ལ་འདྲེ་ཡང་རང་གི་སེམས། །རང་སེམས་གདོད་ནས་མ་སྐྱེས་སྤྲོས་པ་
བྲལ། །རྟེན་ཅིང་འབྲེལ་འབྱུང་སྣང་ལ་མ་འགག་པར། །ཞེན་མེད་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཐིམ། ཕཊ། ཅེས་རང་ངོ་ལ་ཆེར་གྱིས་བལྟས་ཏེ་སེམས་སྣང་སྟོང་ཉིད་དུ་བསྟིམ། །རྗེས་ཐོབ་བསྔོ་སྨོན་གྱི་གདབ་པ་ནི། །དགེ་བ་འདི་ཡིས་མཁའ་མཉམ་འགྲོ་བ་ཀུན། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་ཡོངས་སུ་རྫོགས། །བདག་འཛིན་བློས་ཐོངཐོངས་རྐྱེན་ངན་གྲོགས་སུ་འཆར། །ཆོས་སྐུ་ཡུམ་ཆེན་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་གཞན་ཡང་ཐེག་པ་ཆེན་པོའ་བསྔོ་སྨོན་ཅི་ལྟར་རིགས་པ་བྱའོ། །འདི་ནི་གཅོད་ཡུལ་གྱི་ལམ་ཟབ་དྲིལ་བའི་དབང་དུ་བྱས་པས་རྒྱུན་ཏུདུ་ཉམས་ལེན་ནུས་ན་མཆོག་ཡིན་ལ། བསྡུ་ན་དམར་འགྱེད་རྗེས་འབྲེལ་བཅས་བོར། ཤིན་ཏུ་བསྡུ་ན། ན་མོ་གུ་རུ་སོགས་གསོལ་འདེབས་ཤློ་ཀ་ཕྱེད་གསུམ་འགྲོས། དཀར་འགྱིད་ཚང་བ་བྱས་མཐར། བྱམས་པ་དང་ཆོས་སྦྱིན་ཕྱིན་ཆད་ཀྱིས་མཐའ་དབྱུང་ངོ་། ཇི་ལྟར་དྭགས་བརྒྱུད་ཕྱག་ཆེན་བཞིན། །མདོ་སྔགས་ཀུན་ཁྱབ་ལྟ་སྤྱོད་ལ། ཐབས་ལ་མཁས་པའི་གདམས་པས་བརྒྱན། །དབང་པོ་ཀུན་དང་འཚམས་པའི་ཆོས། །ཁྱེར་བདེ་ཙམ་ལ་ལུང་ཁང་དང་། །ས་བཅད་མཛེས་ཁྲིགས་མི་དགོས་ཀྱང་། །དེང་སང་ལྟོ་རྒྱབ་ཙམ་གྱི་ཕྱིར། །གཅོད་ལོག་དོན་གཉེར་ཆེས་མང་བས། །འདིས་ཀྱང་རང་འདྲའི་སྐལ་མཉམ་ལ། །ཕན་འདོད་ལྷག་པའི་བསམ་པས་སྦྱར། །དགེ་བས་རྣམ་དག་གཅོད་ཡུལ་གྱིས། །འགྲོ་ཀུན་བདག་འཛིན་གཅོད་པར་ཤོག །ཅེས་པའང་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་པ་པོ་རྣམས་ཀྱི་ཉམས་ལེན་ལ་གཙོ་བོར་དམིགས་ཏེ། རྒྱལ་ཐང་པབ་བསམ་གཏན་འོད་ཟེར་དང་ཆོས་རྗེ་འཇམ་དབྱངས་མགོན་པོའ་ཉེ་བརྒྱུད་ཀྱི་བཀའ་སྲོལ་ཇོ་ནང་རྗེ་བཙུན་ཆེན་པོ་དང་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་གསུང་རབ་དག་གི་བཅུད་བསྡུས་ཏེ་གཅོད་ཡུལ་གྱི་གདམས་པའི་ཆུ་རྒྱུན་མང་དུ་འཐུང་བའི་སྐལ་བ་དགེ་བ་ཅན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཙཱ་འདྲ་རིན་ཆེན་བྲག་གི་སྙིང་པོར་བགྱིས་པ་དགེ་ལེགས་འཕེལ།། །།
Notes
Other Information
Information about Unicode Tibetan and the digitization of this text |
---|
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion. |