Tibetan:གཞན་སྟོང་དབུ་མ་ཆེན་པོའི་ལྟ་ཁྲིད་རྡོ་རྗེའི་ཟླ་བ་དྲི་མ་མེད་པའི་འོད་ཟེར་
Jump to navigation
Jump to search
གཞན་སྟོང་དབུ་མ་ཆེན་པོའི་ལྟ་ཁྲིད་རྡོ་རྗེའི་ཟླ་བ་དྲི་མ་མེད་པའི་འོད་ཟེར་
gzhan stong dbu ma chen po'i lta khrid rdo rje'i zla ba dri ma med pa'i 'od zer
Damngak Dzö Volume 4 (ང་) / Pages 565-586 / Folios 1a1 to 11b6
gzhan stong dbu ma chen po'i lta khrid rdo rje'i zla ba dri ma med pa'i 'od zer
Damngak Dzö Volume 4 (ང་) / Pages 565-586 / Folios 1a1 to 11b6
Tibetan Text
༥༦༥གཞན་སྟོང་དབུ་མ་ཆེན་པོའ་ལྟ་ཁྲིད་རྡོ་རྗེའི་ཟླ་བ་དྲི་མ་མེད་པའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །
༥༦༦མཐར་ཐུག་ཕྱིར་མི་ལྡོག་པའི་ཆོས། །སྟོན་དང་བསྟན་པ་འཛིན་མཛད་རྣམས། །སྙིང་གི་ཐིག་ལེར་བཀོད་ནས་འདིར། །དབུ་མའི་ལྟ་ཁྲིད་ཉུང་བསྡུས་བྲི། །དེ་ལ་གང་ནས་བྱུང་བའི་ཁུངས་དང་། ལྟ་ཁྲིད་དངོས། ཕན་ཡོན་འཆད་པ་དང་གསུམ་མོ། །དང་པོ་ལའང་སྤྱི་དང་ཁྱད་པར་གཉིས་ཏེ། སྤྱིར་རྒྱལ་བའི་བཀའ་ལ་བསླུ་བའམ་མི་བདེན་པ་ཞིག་ཡོད་ནས་དྲང་ངེས་ཀྱི་རྣམ་པར་བཞག་པ་མ་ཡིན་ཀྱང་། བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་མི་ནུས་པ་དང་ནུས་པའི་གང་ཟག་གི་བློ་ཁྱད་ལ་བརྟེན་ནས། བྱིས་པ་ལ་ཟས་སྙོད་པའི་ཚུལ་གྱིས་བཀའ་འཁོར་ལོ་དང་པོས་འཁོར་བ་ལས་ངེས་པར་འབྱིན། བར་པས་མཚན་འཛིན་ཟློག །ཐ་མས་གནས་ལུགས་ཀྱི་དོན་ཡོད་མེད་ཡིན་མིན་སོགས་ལེགས་པར་ཕྱེ་བས། དང་པོ་དྲང་དོན། བར་བ་དྲང་ངེས་འདྲེས་པ། ཐ་མ་ངེས་དོན་བླ་མེད་དུ་མདོ་སྡེ་དགོངས་པ་ངེས་འགྲེལ་ལུང་གིས་གྲུབ་པ་སོགས་རྒྱལ་བ་སྲས་བཅས་ཀྱིས་རྣམ་པར་བཞག་པ་ལས་འགོངས་མི་ནུས་པ་མ་ཟད་ཟབ་མོའ་དོན་རིམ་པར་གསལ་ཞིང་ཡོངས་སུ་རྫོགས་པར་མངོན་སུམ་གྱིས་ཀྱང་གྲུབ་པའི་ཕྱིར་རོ། །འོན་ཀྱང་མེད་པ་ལ་མེད་ཅེས་ཀུན་རྫོབ་ཀྱི་སྣང་ཚུལ་བར་པས་བསྟན་ཞིང་། ཡོད་པ་ལ་ཡོད་ཅེས་དོན་དམ་གྱི་སྟོང་ཚུལ་ཐ་མས་བསྟན་པས། བར་ཐ་གཉིས་དང་དེ་དག་གི་སྲོལ་འབྱེད་ཤིང་རྟ་ཆེན་པོ་གཉིས་ཀྱང་དགོངས་པའི་འབབས་སྟེགས་གཅིག་
༥༦༧པར་ཤཱནྟི་པ་སོགས་བཞེད། དེ་ལ་འཁོར་ལོ་ཐ་མ་ངེས་དོན་སྙིང་པོའ་མདོ་སྡེ་ཉི་ཤུ །བྱམས་ཆོས་སྡེ་ལྔ། ཀླུ་ཐོགས་ཡབ་སྲས་ཀྱི་གཞུང་ལུགས་ལ་བརྟེན། ལོ་ཙཱ་བ་གཟུ་བཙན་རྣམ་གཉིས་ནས་བཟུང་ད་ལྟའི་བར་དུ་བོད་ཀྱི་ཡུལ་འདིར་ཡང་གཞན་སྟོང་དབུ་མར་གྲགས་པའི་འཆད་ཉན་སྲོལ་ཀ་ཅི་རིགས་པར་བྱུང་བ་ལས། ཤིང་རྟའི་སྲོལ་འབྱེད་ཆེན་པོ་ནི། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ། ཀུན་མཁྱེན་དོལ་པོ་པ། ཀུན་མཁྱེན་དྲི་མེད་འོད་ཟེར་དང་གསུམ་པོ་ཡིན་ལ། རྗེ་བདུན་པ། ཟི་ལུང་པཎ་ཆེན། ཏཱ་ར་ནཱ་ཐ། བསྟན་པའི་ཉིན་བྱེད་སོགས་འཕགས་པའི་ས་ལ་ངེས་པར་བཞུགས་ཤིང་བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་ཕྱོགས་རེར་མ་ལྷུང་བའི་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་ཀྱང་ཉན་བཤད་སྒོམ་གསུམ་གྱིས་གཏན་ལ་ཕབ་ཅིང་། དེ་དག་གི་གསུང་རབ་ཐམས་ཅད་འདིའི་རྒྱབ་རྟེན་དུ་འབྱོན་ནོ། །དེར་མ་ཟད་ཐོས་བསམ་སྒོམ་པ་ཟུང་འབྲེལ་གྱིས་གནས་ལུགས་ཕྱིན་ཅི་མ་ལོག་པར་གཟིགས་པའི་སྐྱེ་འཕགས་རྣམས་ཀྱི་མཐར་ཐུག་དགོངས་པ་ནི་འདི་ཁོ་ནར་འབབ་དགོས་སོ། །ཁྱད་པར་ཟབ་མོའ་ལྟ་ཁྲིད་ནི་རྒྱུད་བླ་མའི་དགོངས་དོན་མངའ་བདག་མཻ་ཏྲི་པས་རྩལ་དུ་བཏོན་ཏེ་དབུས་ཀྱི་ཀ་ཆེན་རིན་ཆེན་རྡོ་རྗེ་དང་། ཁ་ཆེ་སཛྫན་སོགས་བརྒྱུད་པ་ལྟ་ཁྲིད་ཐུན་མོང་བའི་ལུགས་དང་། བྱིན་རླབས་འཕོ་བའི་དབང་
༥༦༨བསྐུར་གྱི་ལམ་ནས་རྗེ་བཙུན་ལྷོ་བྲག་པ་ལ་སྩལ་བ་བཀའ་བརྒྱུད་ཡོངས་ལ་གྲགས་པའི་མདོ་སྔགས་ཟུང་འཇུག་གི་ཕྱག་ཆེན་ཐུན་མོང་མིན་པ་དང་གཉིས་ཡོད་པའི་སྔ་མ་ནི་འདིར་འཆད་པར་བྱ་བ་ཉིད་དོ། །གཉིས་པ་ལྟ་ཁྲིད་དངོས་ལའང་མདོ་ལུགས་རང་རང་དང་། དེ་སྔགས་ལུགས་ཟབ་མོ་དང་འབྲེལ་བའི་ཚུལ་ལོ། །དང་པོ་ལའང་གོ་བར་བྱ་བ་དང་། དེ་ཉམས་སུ་བླང་བའི་ཚུལ་གཉིས་ལས། དང་པོ་ནི། རྒྱུ་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་པ་འཇིག་རྟེན་པའི་ཡང་དག་ལྟ་བར་གསུངས་པ་དེ་གཞིར་བཞག་པའི་སྟེང་། ཁམས་གསུམ་ལས་འདའ་བར་བྱེད་པ་ལ་ཟབ་མོའ་ལྟ་བ་ཕྱིན་ཅི་མ་ལོག་པ་ཞིག་ལ་བརྟེན་དགོས་ཤིང་། དེའང་ཉན་ཐོས་པས་གང་ཟག་བདག་མེད། རང་རྒྱལ་བས་གཟུང་བ་བདེན་མེད། རྣལ་འབྱོར་སྤྱོད་པས་གཉིས་སྟོང་ཡེ་ཤེས། །དབུ་མ་ཐུན་མོང་བས་ཆོས་ཀུན་རང་རང་གི་ངོ་བོས་སྟོང་པར་གཏན་ལ་ཕབ་པའི་དོན་བསྒོམས་པས་ཉམས་སུ་མྱོང་བ་ཡིན་ཀྱང་སེམས་དང་འདུ་ཤེས་དང་ལྟ་བ་ཕྱིན་ཅི་ལོག་གསུམ་གྱིས་ཀུན་ནས་དཀྲིས་པས་གཉིས་མེད་ཡེ་ཤེས་གཏན་ལ་མ་ཕེབས་པར་སངས་རྒྱས་དང་ཁ་ཐག་རིང་བའོ། །འོ་ན་གཉིས་མེད་ཡེ་ཤེས་དེ་སུ་ཞིག་གིས་ཉམས་སུ་མྱོང་ཞེན་མཚན་ཉིད་པ་འཕགས་པའི་ཡེ་ཤེས་ཀྱིས་གཟིགས་ཤིང་། རྗེས་མཐུན་པ་སོ་སོའ་སྐྱེ་བོ་ཐོས་བསམ་སྒོམ་པ་ཐུན་མིན་གྱིས་རྒྱུད་སྦྱངས་པ་རྣམས་ཀྱིས་སོ། །ཕྱི་མ་དེ་ལའང་གཉིས་ཏེ། ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཀྱིས། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རི་བོང་གི་རྭ་དང་མོ་བཤམ་གྱི་བུ་ལྟར་གནས་ལུགས་ལ་ཅིའང་མི་དམིགས་ཤིང་གང་དུའང་མ་གྲུབ་པའི་སྟོང་ཉིད་དེ། རྟེན་འབྲེལ་དུ་སྣང་ལ་མ་འགགས་པ་ཤར་བ་དབུ་མའི་རིགས་ཆེན་ལྔས་ཐག་ཆོད་པར་བྱས་ཏེ། དངོས་གཞིའི་ཚེ་གཙུབས་ཤིང་དང་གཙུབས་གཏན་གཉིས་ཀའང་མེས་བསྲེགས་ནས་མཐར་མེ་ཉིད་རང་ཡལ་དུ་སོང་བ་ལྟར། ཞེན་རྟོག་སོར་རྟོག་གིས་
༥༦༩གཞལ་ཟིན་ནས། སོ་སོར་རྟོག་པའི་ཤེས་རབ་ཉིད་ཀྱང་དམིགས་མེད་དུ་འཇོག་སྟེ། ཅིར་ཡང་མི་སེམས། གང་དུའང་ཡིད་ལ་མི་བྱེད་བདག་མེད་རྟོགས་པ་ནམ་མཁའ་ལྟ་བུའི་ངང་དུ་མི་བསྒོམ་པའི་ཚུལ་གྱིས་བསྒོམ་པ་ན་རིན་ཆེན་སྒྲོན་མ་ལ་སོགས་པའི་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་གྱི་སྒོ་མང་པོ་སྐྱེས་པའི་ཚེ། རྣམ་པར་དག་པའི་ལུང་དང་མན་ངག་གིས་ངོ་ལེགས་པར་འཕྲོད་ན་ཕྱིན་ཅི་ལོག་གི་འཛིན་སྟངས་དག་ནས་ཤེས་རབ་ན་འཕར་ཏེ་ཐུན་མོང་མིན་པའི་དབུ་མ་ཆེན་པོའ་ལྟ་བ་རྟོགས་པར་འགྱུར་རོ། །འོན་ཀྱང་ཏིང་ངེ་འཛིན་གྱི་ཚོགས་དམ་པའི་ལེའུ་ལས། །ཏིང་ངེ་འཛིན་ཀྱང་རབ་བརྟེན་ལ། །དེ་ལ་མངོན་པར་ཞེན་བྱེད་ན། །བྱིས་པ་ཉེར་སྤྱོད་པ་ཞེས་བྱ། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་པས། རྟོག་དཔྱོད་ཀྱི་སྟོང་ཉམས་ལ་ཆོས་ཉིད་དུ་རློམས་པ་ཁ་ཅིག །དབུ་མ་ཆེན་པོ་ནི་ངེད་ཁོ་ན་ལྟར་ཡིན་གྱི་གཞན་ཐམས་ཅད་ནོར་བའོ། །ཞེས་ལམ་ཤོར་དང་། ཁ་གཅིག་རང་གི་ངོ་བོ་བློ་འདས་སུ་མ་གྲོལ་བར་སྐྱེ་འགག་གྲངས་སུ་འདེབས་པ་ལ་ཕྱག་རྒྱ་ཆེན་པོར་འཁྲུལ་ཏེ་མྱོང་བ་བརྟེན་པའི་གཤིས་ཤོར་བ་གཉིས་མིང་གི་རྣམ་དཔྱོད་ཆེ་ཆུང་མ་གཏོགས་ཁམས་གསུམ་ལས་འཕགས་མི་ནུས་པར་མཚུངས་པས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒོར་འཇུག་པ་ལ་ལུང་རིག་མན་ངག་ཕྱིན་ཅི་མ་ལོག་པར་གོ་མྱོང་རྟོགས་པ་རྡོ་རུས་འཕོད་པས་ཀུན་དང་མི་འགལ། ཀུན་ལས་འཕགས་པའི་ལྟ་སྒོམ་སྤྱོད་པ་གནད་དུ་ཁེལ་བ་དགོས་སོ། །རྣལ་འབྱོར་སྤྱོད་པ་བྱམས་ཆོས་ལ་བརྟེན་པ་དག་གིས་ནི་བཀའ་འཁོར་ལོ་བར་པའི་གཞུང་ལུགས་དགོངས་འགྲེལ་བཅས་པས་ཆོས་ཅན་འཁྲུལ་སྣང་གློ་བུར་བའི་སྤྲོས་པ་གཅོད་པ་སྔོན་དུ་སོང་ན་མཆོག་ཡིན་ཞིང་དེ་ཙམ་སྤྲོས་པས་མི་ལྕོགས་ན། བྱམས་ཆོས་ལྔའམ། རྒྱུད་བླ་མ་ཙམ་ལ་ནི་ངེས་པར་སྦྱང་དགོས་ལ་དེའང་མི་ནུས་ན། ཇི་སྐད་དུ། སེམས་ལས་
༥༧༠གཞན་དུ་མེད་པ་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་རྟོགས་ཏེ། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པས་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་པ་ལྟར། ཐོག་མ་མེད་པ་ནས་རང་སེམས་མ་རིག་པའི་ཆ་གློ་བུར་དྲི་མ་ལ་བརྟེན་ནས་མ་བརྟགས་མ་དཔྱད་པའི་ངོར་རྨི་ལམ་གྱི་འཁྲུལ་པ་ལྟར་སྣ་ཚོགས་སུ་སྣང་ཡང་། དཔྱད་ན་ཅིར་ཡང་མ་གྲུབ་པར་རང་རང་གི་ངོ་བོས་སྟོང་པའི་ཕྱིར་སྣང་བ་ཐམས་ཅད་ནི་སེམས་ཁོ་ནའི་ཆོ་འཕྲུལ་ཡིན་པས། ཕྱི་དོན་ལྟར་ཤར་བའི་གཟུང་བ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་ཀུན་རྫོབ་བདེན་པའི་གནས་ལུགས་དང་། འཛིན་པའི་སེམས་ཀྱང་ཕྱི་ནང་གང་དུའང་མི་གནས་ཤིང་དབྱིབས་ཁ་དོག་དངོས་པོར་མ་གྲུབ་ལ་མེད་པ་ལ་ཡོད་པ་ལྟར་འཁྲུལ་པའི་བདག་འཛིན་གྱི་རྒྱུན་ལས་བྱུང་བའི་ཚོགས་བརྒྱད་ཆ་དང་བཅས་པ་ནམ་མཁའི་མེ་ཏོག་ལྟར་གདོད་ནས་སྟོང་ཡང་གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་སངས་རྒྱས་ནས་སེམས་ཅན་གྱི་བར་ཐམས་ཅད་ལ་ཁྱབ་པའི་ཆོས་ཉིད་བདེ་གཤེགས་སྙིང་པོ་རང་བཞིན་གྱིས་འོད་གསལ་བ། གློ་བུར་དྲི་མས་གདོད་ནས་གོས་མ་མྱོང་བ་དོན་དམ་བདེན་པའི་གནས་ལུགས་དེ་ཉིད་ཡང་དག་པར་ངོ་ཤེས་ནས་དེའི་ངང་དུ་མཉམ་པར་འཇོག་པ་ནི་བྱམས་ཆོས་ཀྱི་དགོངས་པ་སྟེ། དཔྱད་པ་དེ་ཙམ་ནི་ངེས་པར་སྔོན་དུ་འགྲོ་དགོས་ཏེ་མཐའ་བྲལ་དུ་གཏན་ལ་ཕབ་ནས་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ཞེས་བྱ་བ་གནས་ལུགས་གཉུག་མ་རང་བྱུང་གི་ཡེ་ཤེས་སུ་གནས། སྟོང་ལུགས་སྤྲོས་པའི་མཐར་འཛིན་པའི་རྟོག་པས་སྟོང་། རྟོགས་ལུགས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་པ་ཞེས་བྱའོ། །གཉིས་པ་ཉམས་ལེན་དངོས་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ། །དང་པོ་ནི། དེའང་བདེ་གཤེགས་སྙིང་པོ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་དྲི་མ་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་རྣམས་སྦྱོང་བའི་གོ་རིམ་ལྟར་འཁོར་ལོ་དང་པོ་དང་རྗེས་སུ་མཐུན་པར་ཆོས་ཀྱི་མདོ་བཞི་བསམ་བསྒོམ་དུ་བྱ་སྟེ་འདི་ལྟར་
༥༧༡སྐྱེས་པའི་མཐར་འཆི། འདུས་པའི་མཐར་འབྲལ། བསགས་པའི་མཐར་འཛད། བསློང་བའི་མཐར་འགྱེལ། འདུས་བྱས་ཀྱི་ཆོས་འདི་ཐམས་ཅད་ཆུ་བུར་དང་གློག་ལས་ཀྱང་མི་རྟགལས་དང་ཉོན་མོངས་པའི་ཉེ་བར་ལེན་པ་ལ་བརྟེན་ནས་ཁམས་གསུམ་དུ་གཟུགས་སོགས་ཕུང་པོ་ལྔ་ཡིས་འཁོར་ཞིང་ཟག་པ། བུམ་པར་ཆུད་པའི་སྦྲང་མ་ལྟ་བུ་འདི་ནི་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་གཡོས། སྡུག་བསྔལ་གྱི་རྒྱ་རུ་ཆུད། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་པར་མ་གྲུབ་པས་སྟོང་ཞིང་གཟུང་འཛིན་གཉིས་ཀྱི་བདག་མེད་པ་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་འཁྲུལ་པ་གློ་བུར་བའི་མྱ་ངན་ལས་འདས་པ་ཡོངས་སུ་གྲུབ་པ་ཆེན་པོ་ནི་རྟག་བརྟན་ཞི་བ་དམ་པའོ། །སྙམ་དུ་བསམས་ལ་ངག་ཏུ། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པ་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་ཡང་ཡང་བརྗོད། རྒྱས་པར་ལམ་རིམ་རྣམས་སུ་འབྱུང་བའི་ཐུན་མོང་གི་སྔོན་འགྲོ་རྣམས་རྒྱུད་ལ་འགྲོ་ངེས་སུ་བྱའོ། །གཉིས་པ་ལའང་གསུམ་སྟེ། དང་པོ་ཐེག་ཆེན་ཐུན་མོང་མིན་པའི་ལམ་དུ་འགྱུར་བའི་ཕྱིར། སྐྱབས་སུ་འགྲོ་བ་ནི། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་བདེ། །སེམས་ཅན་རྣམས་ཀྱི་ཉེར་ལེན་ནི། །མཐའ་དང་མཐའ་མེད་རྣམ་སྤངས་པའོ། །བྱི་དོར་བྱས་པས་གསེར་མདོག་དང་། །ས་ལེ་སྦྲམ་དང་འཁར་བ་དག །ཇི་ལྟར་མཐོང་བ་དེ་བཞིན་དུ། །ཕུང་པོ་རྣམས་ལ་སེམས་ཅན་དང་། །གང་ཟག་མེད་ཅིང་ཕུང་པོ་མེད། །སངས་རྒྱས་ཡེ་ཤེས་ཟག་མེད་པ། །རྟག་ཏུ་ཞི་བ་རྣམ་བསྒོམས་ཏེ། །དེ་ལ་བདག་ནི་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། །སེམས་ནི་རང་བཞིན་འོད་གསལ་བ། །ཡིད་ལ་སོགས་པའི་ཉོན་མོངས་དང་། །བདག་
༥༧༢དང་ལྷན་ཅིག་ལྡན་པར་ནི། །སྨྲ་བའི་མཆོག་གིས་རབ་ཏུ་བསྟན། །དེ་བསལ་བྱ་ཕྱིར་ལམ་མཆོག་བསྒོམ། །ཞེས་པ་དག་དོན་དྲན་བཞིན་དུ་བརྗོད། གཉིས་པ་འཁོར་ལོ་བར་པ་དང་རྗེས་སུ་མཐུན་པར་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ནས་ཆོས་ཉིད་ཟབ་མོ་ལ་ཟློ་བ་ནི། །བདེ་བའི་གདན་ལ་ལུས་གནད་དཀྱུས་མཐུན་བཅའ། །མོས་གུས་དུང་བ་བསྒོམ། །སྔར་ཐོས་བསམ་གྱི་ལྟ་བ་གཏན་ལ་ཕེབས་ན། ལྟ་བ་དེ་དྲན་པར་བྱས་ལ་མཉམ་པར་བཞག །ཐོས་བསམ་ཚུལ་ལྡན་མེད་ན། རང་སེམས་འདི་ཅིའི་ངོ་བོ་ཡང་མ་གྲུབ་པར་གཏན་ལ་ཕབས་ནས་གང་ཟག་གི་བདག་མེད་དང་། ཡུལ་སྣང་ཐམས་ཅད་རང་སེམས་ཀྱི་སྣང་ཆ་ལས་གཞན་དུ་མ་གྲུབ་པར་ཐག་བཅད་ནས་ཆོས་ཀྱི་བདག་མེད་དང་། དེའང་སེམས་སྣང་དབྱེ་བ་མེད་པ་ཆུ་རླབས་ཆུ་ལས་གཞན་དུ་མེད་པ་ལྟར། གཟུང་འཛིན་རོ་མཉམ་དུ་གོ་བ་བསྐྱེད་ནས། ཕྱི་རུ་མི་གཡེང་། ནང་དུ་མི་གཅུན། བར་དུ་མི་འཛིན། ལུང་མ་བསྟན་དང་བཏང་སྙོམས་སུ་མ་ཤོར་བར་ནམ་མཁའ་ལྟ་བུར་ཕྱལ་གྱིས་བཞག་པས། མི་སྡོད་པར་འགྱུ་ན་ཚོགས་དྲུག་གི་སྣང་བ་གང་ཤར་སྟོང་པ་ཉིད་ཡིན་པས། སྤང་བླང་རེ་དོགས་དགག་སྒྲུབ་གང་ཡང་མི་བྱེད་པར་རང་ཞི་རང་གྲོལ་དུ་སྐྱོང་བ་ན། སེམས་གནས་ཀྱི་རྟགས་རིམ་པར་འབྱུང་། དེ་ནས་ཁྲིད་གཞུང་རྣམས་ལས་འབྱུང་བ་ལྟར་སེམས་ཚོལ་བྱས་པས་རང་བཞིན་གདོད་ནས་སྤྲོས་པ་དང་བྲལ་བ་ལ་ཐག་ཆོད་སྐྱེ་ཞིང་། གནས་ལུགས་སྤྲོས་བྲལ་དེ་ལ་ངོ་ཤེས་གཅིག་པུ་མ་གཏོགས་ལོགས་སུ་བསྒོམ་རྒྱུ་མེད་པས་འབྲལ་མེད་ཀྱི་དྲན་པ་བསྟེན། དེའང་མ་བཅོས་སོ་མ་དང་། གང་ཤར་གཉུག་མར་གསུངས་པས་རང་སེམས་གསལ་སྟོང་འཛིན་མེད་དེ་ཉིད་གནས་འགྱུ་དགའ་སྡུག་ཅི་ལྟར་ཤར་བ་དེ་ཀ་མ་བཅོས་པར་སྐྱོང་བ་ལས་སྤང་བྱ་དང་གཉེན་པོའ་རྩོལ་བས་མི་འཆིངས་པར་རྟེན་མེད་རིག་པ་སྒོམ་མེད་དུ་འཇོག་པས་ཐེག་ཆེན་ཞི་ལྷག་མཐར་ཕྱིན་པ་འབྱུང་སྟེ་
༥༧༣དེ་དག་གི་སྐབས་སུ་ཉམས་ཀྱི་འཆར་སྒོ་དང་ལམ་གྱི་ཡོན་ཏན་ཇི་ལྟར་སྐྱེས་ཀྱང་མ་ཆགས་ཤིང་མ་ཞེན་པར་རང་ངོ་ཤེས་པར་བྱ་བ་ནི་གནད་ཟབ་མོའོ། །ངག་ཏུ་ཡང་། གཞི་སྟོང་པ་ཉིད་དོ། །ལམ་མཚན་མ་མེད་པའོ། །འབྲས་བུ་སྨོན་པ་མེད་པའོ། །ཞེས་བརྗོད་ཅིང་དོན་དྲན་པར་བྱའོ། །གསུམ་པ་ཞི་ལྷག་གི་ཏིང་ངེ་འཛིན་ཅི་རིགས་སྐྱེས་པ་ན་འཁོར་ལོ་ཐ་མ་དང་རྡོ་རྗེ་ཐེག་པའི་རྗེས་སུ་མཐུན་པར་ཡོད་མེད་ལ་སོགས་པའི་ཤན་ལེགས་པར་ཕྱེ་ཞིང་ངོ་སྤྲད་པ་ནི། གསུང་རབ་གཞུང་འགྲེལ་རྣམས་ལ་གོ་བ་རགས་རིམ་ཡོད་ན་དེ་ཀས་འཐུས་ལ། མེད་ན་རི་ཆོས་ངེས་དོན་རྒྱ་མཚོ་ཙམ་ཞིག་ལུང་འབོག་པ་དང་། ལྟ་རྟོག་ཅི་ནུས་སུ་བྱས་པས། སེམས་ཀྱི་ངོ་བོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་རང་བཞིན་གྱིས་འོད་གསལ་བ་དེ་བཞིན་གཤེགས་པའི་སྙིང་པོ་དེ་བཞིན་ཉིད་དང་ཕྱག་རྒྱ་ཆེན་མོ་དང་ཨ་ཧཾ་ལ་སོགས་པ་མཚན་གྱི་རྣམ་གྲངས་དུ་མས་བསྟན་ཡང་འགལ་འདུའི་སྐྱོན་གྱིས་མ་རེག་པར་ཁོང་དུ་ཆུད་ནས། ཇི་སྐད་དུ། སངས་རྒྱས་ཀྱི་གསུང་ཐམས་ཅད་ལས་ནི་སྟོང་པ་ཉིད་དང་བདག་མེད་པ་སྟོན་ཏོ། །སྟོང་པ་ཉིད་དང་བདག་མེད་པའི་དོན་མི་ཤེས་པའི་བླུན་པོ་རྣམས་ནི་ཉམས་པར་འགྱུར་རོ། །ཞེས་པའི་སྐྱོན་ལས་གྲོལ་ཏེ་བདེན་པ་གཉིས་དང་རྟོན་པ་བཞི་ལ་བརྟེན་ནས་རྒྱལ་བའི་གསུང་རབ་ངེས་དོན་མཐར་ཐུག་པ་རྣམས་དང་རང་གི་ཉམས་སུ་མྱོང་བྱའི་ཡེ་ཤེས་བརྡ་འཕྲོད་དེ་ལམ་བསྒོམ་པ་དོན་ཡོད་པར་འགྱུར་རོ། །དེ་ལྟར་ཀུན་བརྟག་གློ་བུར་བའི་སེམས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྤྲིན་གྱི་འདུ་འགོད་ལྟར་སྟོང་ཡང་། ཆོས་ཉིད་བདེ་གཤེགས་སྙིང་པོ་གསལ་རིག་རྒྱུན་ཆད་མེད་པ་ཉིད་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲོད་ནས་ཉམས་སུ་བླང་བ་ནི། སྐྱབས་སེམས་གོང་ལྟར་བྱ། རྗེ་བཙུན་སྒྲོལ་བའི་མགོན་པོའ་གསུང་རབ་ལས་འབྱུང་བ་ལྟར་བླ་མ་སངས་རྒྱས་རྗེས་དྲན་ཐུན་གཅིག་བསྒོམས་ལ་མཐར། དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། །
༥༧༤དེ་ནི་མིག་གིས་བལྟ་བར་མི་ནུས་སོ། །ཆོས་ནི་བརྗོད་དུ་མེད་པ་སྟེ། །དེ་ནི་རྣ་བས་མཉན་པར་མི་ནུས་སོ། །དགེ་འདུན་ནི་འདུས་མ་བྱས་པ་སྟེ། །དེ་ནི་ལུས་དང་ངག་དང་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ། །ཞེས་དང་། སངས་རྒྱས་ཀྱི་རང་བཞིན་ནི་འདུས་མ་བྱས་པས་ན་རྟག་པ་ཞེས་བྱའོ། །ནམ་མཁའ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པའོ། །འདུས་མ་བྱས་པ་ནི་རྟག་པའོ། །རྟག་པ་ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་འདུས་མ་བྱས་པའོ། །འདུས་མ་བྱས་པ་ནི་རྟག་པའོ། །ཞེས་ཡང་ཡང་བརྗོད་ལ། དོན་དམ་གྱི་དཀོན་མཆོག་གསུམ་རྟག་ཏུ་རྗེས་སུ་དྲན་པར་བྱའོ། །དེ་ནས་ལང་ཀར་གཤེགས་པ་ལས། །སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་མེད་ལ་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ་། །ཞེས་ཀུན་རྫོབ་འཁྲུལ་པ་སེམས་ཙམ་དུ་རྟོགས་པ་དེ་སྣང་མེད་དབུ་མས་གཞིག་ཅིང་། དེ་ལས་ཀྱང་འདས་ནས་སྣང་བཅས་དབུ་མས་དེ་ཁོ་ན་ཉིད་ཀྱི་ཚུལ་མ་ནོར་བ་ལ་འཇུག་དགོས། དེ་ལ་ཡང་དག་པའི་དམིགས་པ་གང་ཞེ་ན། ནམ་མཁས་མ་ཁྱབ་པའི་འབྱུང་བ་བཞི་མེད་པ་ལྟར་སངས་རྒྱས་ཆོས་ཀྱི་སྐུས་མ་ཁྱབ་པའི་ཤེས་བྱ་མེད་པ་དང་། །སངས་རྒྱས་དང་། བདག་དང་། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བཟང་ངན་ཆེ་ཆུང་མཐོ་དམན་ལ་སོགས་པའི་དབྱེ་བ་མེད་པ་དང་། སངས་རྒྱས་ཀྱི་ཆོས་སྐྱེད་པར་ནུས་པ། ཐོག་མ་མེད་པའི་དུས་ཅན། ཆོས་ཉིད་ཀྱིས་ཐོབ་པ་རང་བཞིན་གནས་པའི་རིགས་སམ་ཁམས་དེ་ཉིད་སྲོག་དབུགས་ཀྱིས་བསྡུས་པའི་སྐྱེ་འགྲོ་ཐམས་ཅད་ལ་ཡོད་པས་སེམས་ཅན་ཐམས་ཅད་
༥༧༥ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསལ་གདབ་པའི་ཕྱིར། །རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་བརྗོད། དག་པ་རྣམས་ཀྱི་ཆོས་ཀྱི་སྐུ། །མ་དག་ཅིང་དག་པ་རྣམས་ཀྱི་དེ་བཞིན་ཉིད། མ་དག་དག་པ་རྣམས་ཀྱི་རིགས་དེ་ཉིད། ཚུལ་འདི་ལྟར་དུ་ཡོད་དེ། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གཟུགས་སོགས་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་བརྗོད་ཅིང་དོན་བསམ། ལས་དང་རྒྱུ་དང་འབྲས་བུ་དང་རྣམ་པར་སྨིན་པ་དང་། ཉོན་མོངས་པ་དང་། ཕུང་ཁམས་སྐྱེ་མཆེད་རྟེན་ཅིང་འབྲེལ་བར་འབྱུང་བ་སོགས་རྣམ་པར་དབྱེ་བ་ཅན་ཐམས་ཅད་དོན་དམ་དུ་ཡོད་མ་མྱོང་བར་མ་ཟད། ཀུན་རྫོབ་ཏུའང་ལྡན་ལ་མ་གོས་པར་བཞུགས་ཤིང་། རང་བྱུང་གི་མཚན་དཔེ་སྟོབས་དང་མི་འཇིགས་པ་དང་། དྲན་པ་ཉེ་བར་བཞག་པ་གསུམ་དང་། བྱམས་པ་དང་སྙིང་རྗེ་ཆེན་པོ་དང་། རྡོ་རྗེ་ལ་སོགས་པའི་ཏིང་ངེ་འཛིན་དང་། ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ཚད་མེད་པ་སོགས་རྣམ་པར་དབྱེར་མེད་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་གླུང་གི་བྱེ་མ་སྙེད་ལས་ལྷག་པ་ནི་གདོད་ནས་རང་ཆས་སུ་བཞུགས་པས་མི་སྟོངས་སོ་ཞེས་དྲི་མ་འབྲལ་རུང་དང་། ཡོན་ཏན་སྐྱེ་རུང་གི་གཞི་ལ་ཡིད་ཆེས་པས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི་།རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །འོད་གསལ་བྱས་མིན་དབྱེར་མེད་པ། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་
༥༧༦རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་དང་། །ཅེས་གསལ་གདབ། དེའང་ཉན་ཐོས་དང་རང་རྒྱལ་ལ་སོགས་པས་ནི་བདེ་བ་ལ་སྡུག་བསྔལ། རྟག་པ་ལ་མི་རྟག་པ། བདག་ལ་བདག་མེད་པ། གཙང་བ་ལ་མི་གཙང་བར་ལྟ་སྟེ། རྒྱལ་བས་གསུངས་པའི་ཚིག་ཤེས་ཀྱི་དོན་ནི་མི་ཤེས་སོ། །དེ་ལ་དོན་ནི་འདི་ལྟ་སྟེ། །བདག་མེད་པ་ནི་འཁོར་བ་ཞེས་བྱའོ། །བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །མི་རྟག་པ་ནི་ཉན་ཐོས་དང་རང་སངས་རྒྱས་སོ། །རྟག་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའོ། །སྡུག་བསྔལ་བ་ནི་མུ་སྟེགས་ཅན་ཐམས་ཅད་དོ། །བདེ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །ཡོངས་སུ་མ་དག་པ་ནི་འདུས་བྱས་ཀྱི་ཆོས་སོ། །ཡོངས་སུ་དག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་ཆོས་ཏེ་རང་གི་སེམས་ཉིད་བདེ་གཤེགས་སྙིང་པོ་ནི་ཕྱིན་ཅི་ལོག་ལས་འདས་པ་ཡང་དག་པའི་ཆོས་བཞི་པོ་འདི་དང་ལྡན་ནོ་སྙམ་དུ་བསམས་ལ། དེ་ནི་རང་བཞིན་དག་ཕྱིར་དང་། །བག་ཆགས་སྤངས་ཕྱིར་གཙང་བ་ཡིན། །བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཡིད་ཀྱི་རང་བཞིན་ཕུང་པོ་དང་། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག །ཅེས་གསལ་གདབ། དེ་ལྟ་བུའི་ཁྱད་གཞི་བདེ་གཤེགས་སྙིང་པོ། ཁྱད་ཆོས་སངས་རྒྱས་ཀྱི་བྲལ་བའི་ཡོན་ཏན་དུ་མ་དང་བཅས་པ་ད་ལྟ་རང་རིག་པའི་ཡེ་ཤེས་གསལ་ལ་མ་འགག་པ་གཉུག་མ་ལྷན་ཅིག་སྐྱེས་པ་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་མྱོང་བ་འདི་ཉིད་སྦྱང་གཞིར་བཞུགས་པ་ལ། སྦྱང་བྱ་གློ་བུར་བའི་དྲི་མ་དག་ནས། །སྦྱངས་འབྲས་རང་ལ་བཞུགས་པའི་གནས་ལུགས་དེ་ཉིད་མངོན་དུ་གྱུར་པ་ནི་དྲི་བྲལ་ཆོས་སྐུ་ཞེས་བརྟགས་ཏེ། འཁོར་འདས་ཀུན་གྱི་རྣམ་པ་ཐམས་ཅད་པར་འཆར་ཡང་ཤར་ཙམ་ཉིད་ནས་གཞི་ལས་མ་གཡོས་པ་དྲི་མ་མེད་པའི་ཤེལ་གོང་ལ་གཟུགས་བརྙན་
༥༧༧གྱི་རྣམ་པ་སྣ་ཚོགས་སུ་སྣང་ཡང་། སྣང་ཙམ་ཉིད་ནས་ཤེལ་དང་གཟུགས་བརྙན་མ་འདྲེས་པ་ལྟར། རང་རིག་གསལ་སྟོང་རྗེན་པར་བུད་པ་ལ་འཁོར་འདས་ལམ་གསུམ་གྱི་སྣང་བ་ཅི་ལྟར་ཤར་ཡང་རང་ཤར་རང་གྲོལ་ངོ་བོ་ལ་ནམ་ཡང་གོས་པ་མེད་པས་ལྟ་བ་དང་ཉེས་པའི་བག་ཆགས་བསལ་བར་བྱ་བ་ཅིའང་མེད་ཅིང་། སྔར་མེད་ཀྱི་ཁྱད་ཆོས་གསར་དུ་ཅིའང་བསྣན་དགོས་པའང་མེད་པས་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ལ་མཉམ་བཞག་གི་དངོས་གཞིར་བྱས་ནས་ཐུན་ཅི་རིགས་སུ་བསྒོམ་ཞིང་སྐབས་སུ་རྡོ་རྗེའི་ཚིག་གིས་གསལ་གདབ་པ་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བརྗོད་པའམ་དོན་བསམ། འདི་དག་ཀྱང་རྗེ་བཙུན་སྒྲོལ་མགོན་ཞབས་ཀྱིས། རང་བཞིན་བདེ་གཤེགས་སྙིང་པོ་བསྒོམ་པ་དང་། །ཁྱད་ཆོས་རྒྱལ་བའི་ཡོན་ཏན་བསམ་པ་གཉིས། །རྣམ་རྟོག་བྲལ་བའི་ཡིད་ཀྱིས་མགོ་བསྡུས་ན། །དེ་ནི་ངེས་དོན་བདེ་གཤེགས་ལམ་མཆོག་ཡིན། །ཞེས་ཟབ་གནད་དུ་གདམས་པར་མཛད་པ་དེ་ཡིན་ནོ། །དེ་ལྟར་མཉམ་པར་བཞག་ནས་མཐར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་རང་ལ་གདོད་ནས་རང་ཆས་སུ་བཞུགས་པའི་བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་དེ་ཉིད་ཡང་དག་པའི་ལྟ་སྒོམ་གྱིས་གློ་བུར་དྲི་མ་བཅོམ་ནས་རང་ཞལ་མངོན་དུ་གྱུར་བ་ན། མངོན་པར་རྫོགས་པ་བྱང་ཆུབ་པ་ཞེས་བྱ་བ་འབྲས་བུའི་མིང་དུ་བཏགས་པ་སྟེ། རྒྱུ་ལམ་དེ་དང་ལྡན་པ་ལ་ཡིད་ཆེས་ཀྱི་ངེས་ཤེས་བསྐྱེད། །རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའ་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་
༥༧༨མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་འཐོབ། །ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་རྟག་གནས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །ཞེས་ངེས་པའི་ཤེས་པ་བསྐྱེད་ནས་མཉམ་བཞག་ལས་ལྡང་སྟེ། གསུམ་པ་རྗེས་ཐོབ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པ་ན། སྙིང་པོའ་མན་ངག་ལེགས་པར་འདོམས་པའི་བླ་མ་ལ་ཆོས་སྐུའི་མོས་གུས་དང་། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པས་གནས་སྐབས་རང་ངོ་འཕྲོད་མ་འཕྲོད་མ་གཏོགས་མཐར་ཐུག་ཡོན་ཏན་དྲུག་ཅུ་རྩ་བཞིའི་བདག་ཉིད་ཅན་དུ་ཤེས་པའི་དག་སྣང་རབ་འབྱམས་དང་། དེ་ལྟར་མ་རྟོགས་པའི་སྐྱེ་འགྲོ་མཐའ་དག་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་འཁྲུལ་སྣང་ལུ་གུ་རྒྱུད་དུ་འཕྱན་པས་སྡུག་བསྔལ་གྱི་འཁོར་ལོ་འབའ་ཞིག་པ་བསྐོར་བ་ལ་མི་བཟོད་པའི་སྙིང་རྗེ་དང་། དེ་ལྟར་ན་སེམས་ཅན་ཐམས་ཅད་རང་རང་གི་གཞི་ལ་བཞུགས་པའི་བྲལ་འབྲས་ཆོས་སྐུ་མངོན་དུ་ཐོབ་པའི་ཕྱིར། ཐེག་ཆེན་སྨོན་འཇུག་གི་སེམས་བསྐྱེད་དང་ལྡན་པས་རང་གཞན་གྱི་མི་དགེ་ཆ་དང་བཅས་པ་གདོད་ནས་སྟོང་ཉིད་དུ་རྟོགས་པའི་སྒོ་ནས་སྤང་བ་དང་། ང་རྒྱལ་དང་རློམས་སེམས་བྲལ་བས་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་ཕྱོགས་སུ་གཏོགས་པ་བཅས་དགེ་བ་ཅི་འགྲུབ་ཏུ་བསྒྲུབ་པ་དང་། བདག་དང་སེམས་ཅན་དུ་མངོན་པར་མ་ཞེན་པའི་སྒོ་ནས་དངོས་དང་བརྒྱུད་དུ་སེམས་ཅན་ལ་ཕན་ཅི་ཐོགས་ལག་ལེན་དུ་གདབ་པ་དང་། ཀུན་བརྟགས་ཀྱིས་བསྡུས་པའི་ཕྱི་ནང་རྟེན་འབྲེལ་གྱི་ཆོས་ཐམས་ཅད་སྣང་ཡང་བདེན་པའི་ངོ་བོས་སྟོང་པ་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤེས་པ་དང་། ཁྱད་པར་དུ་བསོད་ནམས་མ་བསགས་པ་ལ་ལོག་པར་ལྟ་བ་ལ་སོགས་པའི་ཉེས་དམིགས་མང་པོ་འབྱུང་ཞིང་། ཡང་དག་པའི་ལྟ་བ་རྟོགས་པར་བྱེད་པ་ལ་ཚོགས་བསགས་དགོས་པར་གསུངས་པས། །
༥༧༩ཁ་ན་མ་ཐོ་བ་དང་བྲལ་ཞིང་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་དགེ་བའི་ལས་སུ་འགྱུར་བ་སྤྱི་དང་། ཕྱག་བསྐོར་སཱཙྪ་མར་མེ་ཕུལ་བ་ཡན་ཆད་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བའི་རྒྱུ་རུ་བསྔོ་བ་དང་། དཀོན་མཆོག་གསུམ་རྟག་པ་ལ་ཡིད་ཆེས་བས་རྟེན་བཞེངས་མཆོད་བསྟོད་སོགས་མཉེས་པ་སྒྲུབ་པ་སྤྱི་དང་། ཁྱད་པར་ཡན་ལག་བདུན་པ་གྲངས་སུ་མ་བཅད་པར་ཅི་ནུས་འབུལ། སྐབས་སྐབས་སུ་ངེས་དོན་སྙིང་པོའ་མདོ་སྡེ་ཉི་ཤུ་ལུང་འབོགས་པ་དང་། ཁ་ཏོན་དུ་བགྱིད་པ་དང་། དོན་བསམ་ཞིང་གཞན་ལ་འཆད། རྒྱུད་བླ་མ་དང་། རི་ཆོས་ངེས་དོན་རྒྱ་མཚོ་སོགས་དགོངས་འགྲེལ་ཚད་ལྡན་རྣམས་ལའང་རྟོགས་པ་བཅུག་སྟེ། ཐོས་བསམ་གྱིས་སྒོམ་པ་མ་འཕྲོག་ཅིང་སྒོམ་པས་ཐོས་བསམ་མ་བཅོམ་པར་རང་བཞིན་གནས་རིགས་མངོན་དུ་འགྱུར་བའི་ཕྱིར་མཉམ་བཞག་ཡེ་ཤེས་ཀྱི་ཚོགས་དང་། རྒྱས་འགྱུར་གྱི་རིགས་གོང་དུ་སྤེལ་བའི་ཕྱིར་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་ཟུང་དུ་འཇུག་པར་བྱ། ཟབ་མོའ་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཅུང་ཟད་ཅིག་སྐྱེས་ཀྱང་འདུས་བྱས་ཀྱི་དགེ་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང་ས་ཆོད་དེ་ཆེ་བས་མཉམ་བཞག་གཙོ་བོར་བཏོན། ཏིང་ངེ་འཛིན་ལྟར་སྣང་སྐྱེས་པ་ལས་ནི་རྒྱལ་བའི་གསུང་རབ་རྣམ་པར་དག་པ་ཐོས་བསམ་བྱུང་ན་ཕུགས་ཀྱི་གཞན་དོན་དེ་ཆེ་སྟབས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པས་གཅིག་གོ་གཅིག་གིས་མ་འགགས་པར་བྱ། སྤྱོད་ལམ་ཀུན་ཏུ་དྲན་པ་དང་ཤེས་བཞིན་མི་འབྲལ་བར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱིས་ཟིན་པར་བྱ། ནམ་ཞིག་འཆི་བའི་ཚེ་ཀུན་མཁྱེན་དོལ་པོ་པའི་འཆི་བའི་མན་ངག་ཁྱད་དུ་འཕགས་པ་ལྟར་རྣམ་ཤེས་གཞིའི་འོད་གསལ་ལ་འཇུག་པའི་ཚུལ་ལག་ཏུ་ཐེབས་དགོས་པས་ད་ལྟ་ནས་གོམས་འདྲིས་བྱ། དེ་ལྟར་ན་རྣལ་འབྱོར་པའི་རིག་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་འོད་གསལ་བ་ལ་ཐིམ་པས་གདོད་ནས་བཞུགས་
༥༨༠པའི་ཆོས་ཀྱི་སྐུ་གློ་བུར་དྲི་མའི་སྦུབས་ལས་གྲོལ་ཏེ། ཤིན་ཏུ་ངོ་མཚར་རྨད་དུ་གྱུར་པའི་སྐུ་དང་ཡེ་ཤེས་ཡོན་ཏན་མཛད་པ་ཕུན་སུམ་ཚོགས་ཤིང་ཆད་མེད་གཞལ་དུ་མེད་པའི་བདག་ཉིད་ནམ་མཁའ་ལྟར་རྒྱ་ཆེ་ཞིང་། ནོར་བུ་དཔག་བསམ་གྱི་ཤིང་ལྟར་སེམས་ཅན་རྣམས་ཀྱི་འདོད་རྒུའི་འབྱུང་གནས་སུ་གྱུར་ཏེ། འཁོར་བ་ཇི་སྲིད་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པ་རྒྱུན་མི་ཆད་དུ་འབྱུང་བར་འགྱུར་ལ། དེ་ལྟར་མྱུར་ཏུ་འགྲུབ་པའི་ཕྱིར་བཟང་པོ་སྤྱོད་པ་སོགས་ཐེག་ཆེན་བསྔོ་སྨོན་སྤྱི་དང་། འདིའང་ཐུན་མཚམས་སུ་གདབ་པར་བྱ་སྟེ། །སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་ཐོབ་མཐར། །ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་ཆོས་སོགས། །སེམས་ཅན་དོན་བྱེད་ཆོས་རྣམས་དང་ལྡན་ཤོག །རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ཡི། །ཡོན་ཏན་དྲུག་ཅུ་རྩ་བཞི་མྱུར་ཐོབ་ཤོག །གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་འདུལ་བའི་བྱ་བ་དང་། །དེ་འདུལ་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་རྟག་ལྷུན་གྱིས་གྲུབ་པར་འཇུག་པར་ཤོག །དཀོན་མཆོག་རྣམ་པར་བྱང་ཁམས་དྲི་མེད་བྱང་ཆུབ་ཡོན་ཏན་ཕྲིན་ལས་ཏེ། །དེ་ན་གནས་རྣམ་བདུན་ཐོས་བསམ་བསྒོམས་ལས་བདག་གིས་དགེ་བ་གང་ཐོབ་པ། །དེས་ནི་འགྲོ་འདིས་མཐའ་ཡས་འོད་མངའ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང་། །མཐོང་ནས་ཀྱང་ནི་ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་རེ་དོགས་མེད་པའི་སྨོན་ལམ་དང་། འཁོར་གསུམ་མི་རྟོག་པའི་བསྔོ་བས་རྒྱས་འདེབས་པར་བྱའོ། །གཉིས་པ་ལྟ་བ་དེ་ཉིད་སྔགས་དང་འབྲེལ་བར་ཉམས་སུ་ལེན་པའི་ཚེ་ནའང་གོ་བར་བྱ་རྒྱུ་དང་དངོས་གཞི་གཉིས་ལས་དང་པོ། །ཕྱི་འཇིག་རྟེན་སྣོད་བཅུད་སྲིད་པ་གསུམ་གྱི་རྣམ་པར་ཤར་བ་འདི་དག་བཞིན་གྱི་བྱད་མེ་ལོང་ལ་འཕོས་པ་བཞིན་དུ་
༥༨༡ནང་རྩ་རླུང་ཐིག་ལེའི་ཆོ་འཕྲུལ་དུ་ཤར་བ་ཡིན་ཞིང་དེ་གསུམ་ཡང་གཞན་མཆོག་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པའི་རྣམ་པར་བཞུགས་ལ། དེ་ཐམས་ཅད་ཀྱང་། དེ་ཁོ་ན་ཉིད་བདེ་གཤེགས་སྙིང་པོའ་རང་འོད་རང་མདངས་ཆོས་ཀྱི་སྐུ་ཉིད་རྣམ་པ་ཐམས་ཅད་པར་ཤར་བ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས། །དོན་དམ་ཆོས་ཀྱི་དབྱིངས་བདེ་སྟོང་ཟུང་འཇུག་རང་བཞིན་འགྱུར་བ་མེད་ལ་རྒྱུན་མི་ཆད་པས་རྒྱུད་ཀྱི་དོན་དུ་གསུངས་ཤིང་། དེའང་གཞིའི་གནས་སྐབས་དྲི་བཅས་དེ་བཞིན་ཉིད་ལ་རྒྱུའི་རྒྱུད་དང་། ལམ་དུས་ཆོས་ཉིད་དོན་ནི་རིམ་པར་སྣང་བ་ལ་ལམ་ཐབས་ཀྱི་རྒྱུད་དང་། དག་པ་གཉིས་ལྡན་མངོན་དུ་འགྱུར་བ་ན་ཤིན་ཏུ་རྣམ་དག་འབྲས་བུའི་རྒྱུད་ཅེས་བྱ་སྟེ། ལྟ་བ་ཐུན་མོང་མ་ཡིན་པ་དེ་ཉིད་ཀུན་རྫོབ་ཀྱི་སྟོང་ཚུལ་ལ་མཆོག་ཏུ་འཛིན་པ་རྣམས་ཀྱིས་ཕྱོགས་ཙམ་མི་མཐོང་བ་ལྟ་ཅི་སྨོས། གོང་སྨོས་མདོ་ལུགས་རང་རྐང་གི་ལམ་དེས་ཀྱང་ཡུན་རིང་པོར་འགོར་བ་ཡིན་པས། དབང་དང་དམ་ཚིག་གིས་ཁྱད་པར་དུ་བྱས་པའི་སྔགས་ཀྱི་ལམ་མཐའ་དག་ལས་ཁྱད་པར་དུ་འཕགས་པ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་ལ་མཉམ་པར་བཞག་པ་ན་དུས་ཐུང་ངུར་ཚེགས་ཆུང་ངུས་བདེ་བླག་ཏུ་རྟོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་དངོས་གཞི་ཉམས་སུ་ལེན་པ་ན། འགྲེལ་ཆེན་ལས། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང་། །བཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབས་ཤིང་གཙུབས་གཏན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་ཡང་ནི་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །བསྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་གསུངས་པ་ལྟར། རང་བཞིན་འོད་གསལ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དེ་ཉིད། ངོ་བོའ་ཆ་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་། རང་བཞིན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོར་བཞུགས་ལ། །
༥༨༢དེ་ནི་རྟོག་བཅས་ཀྱི་སྒོམ་པ་སྣ་ཚོགས་པས་ཀྱང་མི་མཐོང་ལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། བྱེད་པ་བཅིངས་པའི་ཐབས་ཁྱད་པར་ཅན་གྱིས་པྲ་ཕབ་པའི་གཟུགས་བརྙེན་ལྟར་མཐོང་བར་འགྱུར་པས། ཐོག་མར་སོར་སྡུད་དང་བསམ་གཏན་ལ་བརྟེན་མུན་པའི་རྣལ་འབྱོར་གྱིས། དུ་བ་དང་། སྨིག་རྒྱུ་དང་། མཁའ་སྣང་དང་། མར་མེའི་མཚན་མ་མཐོང་ལ། སྤྲིན་མེད་པའི་ནམ་མཁར་ཉིན་མོའ་རྣལ་འབྱོར་གྱིས། འབར་བ་དང་། ཟླ་བ་དང་། ཉི་མ་དང་། རྡོ་རྗེ་སྒྲ་གཅན་དང་། མཆོག་གི་ཆ་སྟེ་གློག་དང་། ཐིག་ལེའི་བར་དུ་རྟགས་བཅུ་ཡོངས་སུ་རྫོགས་པའི་སྟོང་གཟུགས་དེ་དག་ཡུལ་དུ་བྱས་ནས་ཉིན་དང་མཚན་དུ་མཉམ་པར་བཞག་པས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཁམས་གསུམ་པའི་རྣམ་པ་མཐའ་དག་ཅན་དུ་ཤར་བ་ཉམས་སུ་མྱོང་། དེ་ནས་སྲོག་རྩོལ་དང་འཛིན་པའི་ཡན་ལག་ལ་བརྟེན་ཞུ་བདེ་དྲངས། རྗེས་དྲན་དང་ཏིང་ངེ་འཛིན་གྱིས་མཆོག་ཏུ་མི་འགྱུར་བའི་བདེ་བ་མཐར་ཐུག་པ་བསྒྲུབས། འཕོ་བའི་བག་ཆགས་ཀྱི་དབུགས་བཀག་པས་ཀུན་རྫོབ་ཀྱི་འཁྲུལ་སྣང་བཙན་ཐབས་སུ་འགགས་ནས། དག་པའི་སྣང་བ་གཞོམ་དུ་མེད་པ་མཐའ་དང་མུ་མེད་པར་མཆེད་དེ། གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་སོན་པ་དྲི་བྲལ་ཆོས་ཀྱི་སྐུ་མཁའ་ཁྱབ་དང་པོའ་སངས་རྒྱས་གདོད་ནས་རང་ལ་བཞུགས་པ་དེ་ཉིད་མངོན་དུ་འགྱུར་རོ། །དེ་དག་གི་སྐབས་སུ་གྲོགས་དམ་ཚིག་དང་སྤྱོད་པ་རྣམ་པར་དག་པ་དགོས་ཤིང་དེའི་ཚུལ་ནི་ཆོས་རྗེ་ཡབ་སྲས་ཀྱི་གསུང་དང་། བླ་མའི་མན་ངག་ལྟར་ཁོང་དུ་ཆུད་ནས་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །གསུམ་པ་ཕན་ཡོན་ནི། དེའང་རྩོད་པའི་མཐར་སྙིགས་མ་ལྔ་བདོ་བས་ལྟ་བའི་སྙིགས་མ་ཉི་ཤུ་རྩ་བརྒྱད་འབྱུང་ལ། སེམས་ཅན་རྣམས་བསོད་ནམས་ཆུང་བས་ངེས་དོན་སྙིང་པོའ་མདོ་སྡེ་རྣམས་ལ་མི་གུས་ཤིང་། དེ་དག་ལས་གསུངས་པའི་དོན་མི་བསྒོམས་པར་སྙོམས་ལས་སུ་བྱེད་པར་མ་ཟད། ཁ་ཅིག་སྙིང་པོའ་མདོ་སྡེ་རྣམས་ལ་ཡིད་མི་ཆེས་པས་ལོག་པར་ལྟ་བའི་རྒྱུ་དེས་ངན་འགྲོའི་
༥༨༣གཡང་ས་ཆེན་པོར་ལྟུངས་ཏེ་ཐར་པའི་དཔྱངས་ཐག་ཆད་པར་གསུངས་པས། དེ་ལས་ལྡོག་པ་ནི་ཕན་ཡོན་ཡིན་ལ། སྦྱིན་པ། ཚུལ་ཁྲིམས། བསམ་གཏན་ཁྱད་པར་དུ་འཕགས་པ་བསྐལ་པ་དུ་མར་བསྒྲུབས་པ་ལས། ཟབ་མོའ་ཆོས་འདི་ཐོས་པའི་ཕན་ཡོན་ཆེ་བ་རྒྱུད་བླ་མར་གསུངས་ཤིང་། སྤྱིར་ཐེག་ཆེན་ལ་མོས་པའི་ཕན་ཡོན་ནི་མདོ་ལས། གང་ལ་ལ་ཞིག་ཐེག་པ་ཆེན་པོ་ལ་མོས་པ་རབ་ཏུ་སྐྱེད་པར་འགྱུར་བ་དེ་ནི་བསྐལ་བ་སྟོང་ཕྲག་གཅིག་ཏུ་ངན་འགྲོར་འགྲོ་བར་མི་འགྱུར་རོ། །བསྐལ་པ་སྟོང་ཕྲག་ལྔར་བྱོལ་སོང་དང་ཡི་དྭགས་སུ་མི་སྐྱེ། བསྐལ་པ་སྟོང་ཕྲག་ཉི་ཤུ་རྩ་ལྔར་ལྷའི་འཇིག་རྟེན་དང་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། ཡུམ་ལས། གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང་། ནམ་འཚོ་བའི་བར་དུ་སེམས་ཅན་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བ་དང་། ཐོས་པ་བསྐལ་པའི་བར་དུ་བྱེད་པ་བས་ཐ་ན་སེ་གོལ་གཏོགས་པའི་ཡུན་ཙམ་ཤེར་ཕྱིན་བསྒོམས་པས་བསོད་ནམས་ཆེ་བར་གསུངས། ཁྱད་པར་མདོ་སྡེ་དགོངས་པ་ངེས་འགྲེལ་ལས་སེན་མོའ་རྡུལ་དང་བ་ལང་གི་རྨིག་རྗེས་ཀྱི་ཆུ་ནི། ས་ཆེན་པོའ་རྡུལ་དང་། རྒྱ་མཚོ་བཞིའི་ཆུ་དང་བསྒྲུན་ན་བརྒྱ་སྟོང་འབུམ་གྱི་ཆ་དང་། །དཔེ་དང་རྒྱུར་ཡང་མི་བཟོད་དོ། །དེ་བཞིན་དུ་དྲང་བའི་དོན་གྱི་མདོ་སྡེ་ལ་མོས་པ་ནས་སྒོམ་པའི་རྣམ་པ་ལ་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་ཀྱི་རྣམ་པ་གང་བཤད་པ་དེ་ནི། །ངེས་པའི་དོན་གྱི་མདོ་སྡེ་ལ་མོས་ཤིང་སྒོམ་པའི་བསོད་ནམས་ཀྱི་ཆར་ཡང་མི་ཉེ་དཔེ་དང་རྒྱུར་ཡང་མི་བཟོད་པར་གསུངས། གཞན་ཡང་མདོ་ལས། ང་ནི་མྱ་ངན་འདས་ཕྱི་ནས། །མི་ཡི་ནང་ནས་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཡོད་དོ་ཞེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོབ་པ་ཡིན། །ཞེས་དང་། སོར་ཕྲེང་གི་མདོར།
༥༨༤དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བྱེད་པ་ནི་ཉོན་མོངས་པ་དང་བཅས་པའམ་ཉོན་མོངས་པ་མེད་པའམ་སུ་ཡང་རུང་སྟེ་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཞེས་དང་། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས་འཇིག་རྟེན་ན་བདེ་བའི་རྣམ་པ་མཆོག་རྣམས་དང་ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཐོས་པས་དུས་གསུམ་དུའང་ཕུན་སུམ་ཚོགས་པ་ཐམས་ཅད་དང་མཐོ་རིས་དང་ས་སྟེང་གི་བདེ་བ་ཐམས་ཅད་རྟག་ཏུ་ཐོབ་པར་འགྱུར་རོ་ཞེས་དང་། དེ་བཞིན་གཤེགས་པའི་སྙིང་པོ་ཐོས་པའི་བསོད་ནམས་ཀྱི་རྒྱུས། ནད་མེད་པ་དང་། འཚེ་བ་མེད་པ་དང་། ཚེ་རིང་བ་དང་། འགྲོ་བ་ཐམས་ཅད་དགའ་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྟག་པ་བརྟན་པ་གཡུང་དྲུང་ཐེར་ཟུག་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཡང་འཆི་བ་མེད་པར་ཐོས་པས་ཐམས་ཅད་འབྱོར་ཞིང་ཡུན་རིང་དུ་སྲ་བ་དང་བརྟན་པར་འགྱུར་རོ། །ཞེས་དང་། མྱང་འདས་ཆེན་པོ་ལས། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་སྟོན་པར་བྱེད་པའི་སེམས་ཅན་དེ་དག་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། དམ་པའི་ཆོས་འདོད་པའི་རིགས་ཀྱི་བུ་དེ་དག་ནི་ལས་གྲངས་མེད་པ་བྱས་པ་རྣམས་ཀླད་པ་ན་བ་དང་། རིམས་ཀྱིས་བཏབ་པ་དང་ཟུག་རྔུ་དང་སྐུར་པ་བཏབ་པ་ཙམ་གྱིས་བྱང་བར་འགྱུར་རོ། །ཞེས་དང་། དེ་བཞིན་གཤེགས་པ་ལ་རྟག་པའི་ཆོས་ཅན་དུ་ཡིད་ཆེས་ན་གང་ཟག་དེ་ནི་མེ་ཏོག་ཨུ་དུམ་ཝ་ར་ལྟར་ཤིན་ཏུ་དཀོན་པའོ། །ང་མྱ་ངན་ལས་འདས་ནས། གང་གིས་ཐེག་པ་ཆེན་པོའ་མདོ་སྡེ་ཤིན་ཏུ་ཟབ་མོ་འདི་ཐོས་ནས་དད་པའི་སེམས་སྐྱེས་ན། དེ་ནི་མ་འོངས་པའི་དུས་སུ་བསྐལ་པ་བརྒྱ་སྟོང་གི་བར་དུ་ངན་སོང་དུ་ལྟུང་བར་མི་འགྱུར་བར་རིག་པར་བྱའོ། །ཞེས་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྟག་གོ །དམ་པའི་ཆོས་ནུབ་
༥༨༥པར་མི་འགྱུར་རོ། །དགེ་འདུན་མེད་པར་མི་འགྱུར་རོ། །སྙམ་དུ་ཤེས་པ་ལ་བརྩོན་པར་བྱས་ན། །དེ་དག་ཀྱང་ང་དང་འདྲ་བར་སངས་རྒྱས་ཀྱི་གནས་སུ་བལྟ་བར་བྱའོ། །ཞེས་དང་། དཔེར་ན་ཉི་མ་ཤར་ན་ལྟ་བུར་མེད་པར་འགྱུར་བ་བཞིན་དུ་སྙིང་པོའ་མདོ་འདི་ཐོས་པ་ཙམ་གྱིས་ཕས་ཕམ་པ་དང་། མཚམས་མེད་པའི་སྡིག་པའི་ཕུང་པོ་མྱུར་ཏུ་བྱང་བར་འགྱུར་བ་དང་། གཞན་གྱི་འགྲན་ཟླའམ། གཞན་གྱིས་བྱེད་དུ་བཅུག་པའམ། རྙེད་བཀུར་ཚིགས་སུ་བཅད་པའི་དོན་དུ་ཡང་རུང་། བདག་ལ་བྱང་ཆུབ་མི་དགོས་སྙམས་ནས་སེམས་མ་སྐྱེད་ཀྱང་སྙིང་པོའ་མདོ་སྡེ་འདི་ཐོས་པ་ཙམ་གྱིས་དེའི་ལུས་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་དུ་བྱང་ཆུབ་ཀྱི་རྒྱུ་སོས་ཀའི་ཉི་རྡུལ་བཞིན་དུ་འཇུག་པ་དང་། སྔོན་སངས་རྒྱས་གངྒཱ་འི་ཀླུང་གཅིག་གི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ན་དུས་ངན་གྱི་ཚེ་ཆོས་འདི་ལ་མི་སྐུར་ཅིང་མོས་པར་འགྱུར་བ་དང་། སངས་རྒྱས་གངྒཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ལ་སེམས་བསྐྱེད་ན་དུས་ངན་གྱི་ཚེ་མདོ་འདི་འཛིན་འཆང་ཀློག་འདོན་བྱེད་ཅིང་གཞན་ལ་ཡང་གླེགས་བམ་དུ་འབྲི་བ་དང་། འཛིན་འཆང་ཀློག་པར་བསྐུལ་ཞིང་དོན་ཡང་སྟོན་ནུས་པ་སོགས་རྒྱ་ཆེར་གསུངས་སོ། །མདོར་ན། ཀུན་མཁྱེན་དོལ་པོ་པས། བདེ་གཤེགས་སྙིང་པོའ་མཚན་ཐོས་པ་ཙམ་གྱིས་ཀྱང་སངས་རྒྱས་ཐོབ་པར་འགྱུར་ན། དད་ཅིང་གུས་པ་དང་མངོན་དུ་བྱས་ནས་སྒོམ་པ་ལྟ་ཅི་སྨོས། དེའི་ཕྱིར་མཁས་པ་སྙིང་རྗེ་དང་ལྡན་པ་རྣམས་ཀྱིས་རང་གི་སྲོག་ལ་སོགས་པ་དོར་ནས་ཀྱང་བསྟན་པར་བྱ་བ་དང་། ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་མེའི་འོབས་ཆེན་པོ་ལས་འབོགས་ནས་ཀྱང་བཙལ་ཅིང་མཉན་པར་བྱའོ། །ཞེས་གདམས་པར་མཛད་པ་ཉིད་སྙིང་གི་ཐིག་ལེར་བཅང་བར་བྱའོ། །བརྒྱུད་པ་ནི། ཀུན་མཁྱེན་སྒྲོལ་བའི་མགོན་པོ་ཡན་ཆད་གཞན་སྟོང་བརྒྱུད་པའི་གསོལ་འདེབས་ལྟར་ལ། རྗེ་བཙུན་ནས། རྒྱལ་ཚབ་སྣར་ཐང་པ། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་
༥༨༦བཟང་དབང་པོ། ཚེ་དབང་ནོར་བུ། བསྟན་པའི་ཉིན་བྱེད། བདུད་འདུལ་རྡོ་རྗེ། བྱམས་མགོན་རྫོགས་པའི་སངས་རྒྱས་པདྨ་ཉིན་དབང་པོའ་མདུན་ནས། རྗེ་བཅུ་གསུམ་པའི་ལྟ་ཁྲིད་ཡིག་ཆའི་སྟེང་ནས་བྱིན་རླབས་ཀྱི་རྒྱུན་བཟང་དང་དུས་ཀྱི་འཁོར་ལོའ་སྨིན་གྲོལ་བ་སྩལ་ཞིང་བརྒྱུད་ཚུལ་རྣམ་དག་གཞན་ཡང་ཡོད་དོ། །ཟབ་མོའ་ལྟ་བ་གསུང་རབ་ཀྱི། །ངེས་དོན་ལགས་མོད་རྟོགས་པ་ཉུང་། །རྒྱལ་ཚབ་བྱམས་པར་འཁྲུལ་མེད་པས། །ཐེག་ཆེན་རྒྱུད་བླར་འཆད་ཉན་མཛོད། །རྡོ་རྗེའི་རྣལ་འབྱོར་ཉམས་ལེན་གྱི། །མཐར་ཐུག་ཡིན་ཀྱང་སྒོམ་པ་དཀོན། །རྒྱུད་ཀྱི་རྒྱལ་པོར་ཡིད་ཆེས་པས། །དམན་ལ་འགྲམ་ཆུ་མི་ལྡང་མཛོད། །ཀུན་བཟང་སྤྱོད་པ་གེགས་ཆུང་ལ། །ས་ཆོད་ཆེ་ཡང་ཚུལ་ལྡན་དཀའ། །གོང་མའི་རྣམ་ཐར་དཔང་བཙུགས་ཏེ། །སོ་བྱང་བསླབ་པས་ལེགས་བསྡམས་འཚལ། །ལྟ་སྒོམ་སྤྱོད་པ་རྣམ་དག་ན། །རང་གཞན་དོན་གཉིས་མྱུར་འགྲུབ་འགྱུར། །འདི་ནི་མཁས་འདོད་རང་བཟོ་མིན། །བཀའ་དང་བསྟན་བཅོས་དགོངས་པའི་བཅུད། །དགེ་བས་བདག་དང་སེམས་ཅན་ཀུན། །ཉེས་པ་ཆེན་པོ་ལྔ་སྤངས་ཤིང་། །ཡོན་ཏན་ཆེན་པོ་ལྔ་ཐོབ་ནས། །དོན་དམ་ཆོས་དབྱིངས་མངོན་གྱུར་ཤོག །ཅེས་པ་འདི་དཔལ་ལྡན་ཇོ་ནང་པའི་བསྟན་འཛིན་མཁས་གྲུབ་ངག་དབང་མཚན་ཅན་ཟུང་གི་ཐུགས་བཞེད་ལྟར། སྟོང་གཞི་བདེ་གཤེགས་སྙིང་པོ་ལ་ཤེས་ནས་དད་པ་ཐོབ་པ་སྙོམས་ལས་ཀྱི་བཙུན་པ་ཡོན་ཏན་རྒྱ་མཚོས་དཔལ་ཛཾ་ཐང་གི་ཆོས་གྲྭ་ཆེན་པོར་བྲིས་པ་སྐྱེ་བ་ཀུན་ཏུ་ངེས་དོན་སྙིང་པོའ་བསྟན་པ་ལ་ཐོས་བསམ་སྒོམ་པའི་སྐལ་བ་ཅན་དུ་གྱུར་ཅིག །དགེ་ལེགས་འཕེལ། །
Notes