Tibetan:ཐུན་མོང་མ་ཡིན་པའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་མ་

From gDams Ngag mDzod
Jump to navigation Jump to search
Upload a file
DOWNLOAD ABOVE:
Click the picture above to view the original manuscript.
ཐུན་མོང་མ་ཡིན་པའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་མ་
thun mong ma yin pa'i smon lam rgyal ba rgya mtsho ma
Damngak Dzö Volume 15 (བ་) / Pages 619-625 / Folios 1a1 to 4a6
Previous TextLast Text in Volume

Tibetan Text

༦༡༩ ༄༅། །ཐུན་མོང་མ་ཡིན་པའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་མ་བཞུགས་སོ།། །།
༦༢༠ ༄༅༅། །ༀ་སྭ་སྟི། ཐུན་མོང་མ་ཡིན་པའི་སྨོན་ལམ་འདེབས་པར་འདོད་ན། ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་ཕྱོགས་བཅུ་ནས་བསྐོར་བ་གསལ་བཏབ་ཏེ། འདི་སྐད་ཅེས་བརྗོད་དོ། །རྒྱལ་བ་རྒྱ་མཚོའ་ཚོགས་རྣམས་གཅིག་ཏུ་འདུས་པ་ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་འཕགས་ཚོགས་རབ་འབྱམས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་པོ་ཐམས་ཅད་ཀྱི་མཆོད་པས་མཉེས་པར་བགྱིའོ། །ཉེས་བྱས་ཐམས་ཅད་སོ་སོར་བཤགས་སོ། །དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་མ་ལུས་པར་བསྐོར་བར་བསྐུལ་ལོ། །མྱ་ངན་མི་འདའ་བར་གསོལ་བ་འདེབས་སོ། །ཡང་དག་པར་སྐྱབས་སུ་མཆི་ལགས་སོ། །ཁྱོད་ཀྱི་གོ་འཕང་འཐོབ་པའི་སླད་དུ་སེམས་བསྐྱེད་དོ། །ཐབས་
༦༢༡ དང་སྤྱོད་པ་དང་། །རྨད་དུ་བྱུང་བའི་ལམ་བརྟེན་པར་བགྱིའོ། །དགེ་བ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་དགེ་བ་དུས་གསུམ་དུ་བྱེད་པ་དང་། །བྱེད་པར་འགྱུར་བ་དང་། །བྱས་པའི་དགེ་བ་བདག་ཉིད་ཀྱིས་བགྱིས་པ་དང་། གཞན་བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རངས་ཤིགཤིང་བསྔགས་པ་བརྗོད་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱི་མཐུ་ལས། །བདག་དང་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ། བརྟོན་པ་བཞི་ལྡན་ཆེན་པོ་དོལ་པོ་པ། མཚན་བརྗོད་པར་དཀའ་བ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཁྱོད་ཀྱི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཉིད་ཀྱི་ལྟ་སྤྱོད་དང་གྲུབ་མཐའ་བཟང་པོ་འཛིན་ཅིང་དགོངས་པ་སྐྱོང་བའི་བཤེས་གཉེན་དམ་པ་ཤིན་ཏུ་མང་པོས་ས་སྟེང་
༦༢༢ ཁྱབ་པར་གྱུར་ཅིག །དེ་དག་གི་འཕྲིན་ལས་རྣམ་པར་དཀར་བ་གོང་ནས་གོང་དུ་རྒྱས་ཤིང་། དེ་ལྟ་བུ་ལ་བར་དུ་གཅོད་པ་ཅུང་ཟད་ཀྱང་མི་འབྱུང་བར་གྱུར་ཅིག །བདག་སོགས་སེམས་ཅན་ཐམས་ཅད་ཀྱང་ཚེ་རབས་འདི་དང་ཚེ་རབས་གཞན་ཐམས་ཅད་དུ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཁྱེད་ཀྱི་ཕྲིན་ལས་སྒྲུབ་པ་དང་། །གསུང་གི་གསང་བའི་མཛོད་འཛིན་པར་གྱུར་ཅིག །སྐུའི་སྣང་བ་དང་མི་འབྲལ་ཞིང་། ཐུགས་ཀྱི་བཞེད་པ་ཐམས་ཅད་སྒྲུབ་པར་གྱུར་ཅིག །མ་དད་པ་དང་ལོག་ལྟ་སྐད་ཅིག་ཀྱང་མི་སྐྱེ་ཞིང་། མོས་གུས་དྲག་པོ་དད་པ་བརྟན་པོས། ཀུན་མཁྱེན་དུས་གསུམ་སངས་རྒྱས་ཁྱེད་ཀྱི་བསྔགས་པ་དང་། །བསྟོད་དབྱངས་རྒྱ་མཚོ་ཕྱོགས་ཀུན་དུཏུ་བརྗོད་པར་གྱུར་ཅིག །ཉིད་ཀྱི་བསྟན་པ་དང་། དེ་འཛིན་པའི་སྐྱེས་ཆེན་ལ་མ་དད་པའི་སྐྱེ་བོ་རྣམས་དད་པ་ལ་འཛུད་པར་གྱུར་ཅིག །མི་དང་མི་མ་ཡིན་པ་དང་། ལྷ་དང་འབྱུང་པོ་མཐུ་བོ་ཆེ་ཐམས་ཅད་ཀྱིས་ཀྱང་ཀུན་མཁྱེན་བརྟོན་པ་བཞི་ལྡན་ཁྱོད་ཀྱི་བསྟན་པ་རྒྱས་པར་བྱེད་ཅིང་གུས་པས་མཆོད་པར་གྱུར་ཅིག །དེ་ལྟར་ཁྱོད་ཀྱི་བསྟན་པ་ལ་དང་བའི་མི་དང་མི་མ་ཡིན་པ་ཐམས་ཅད་ཚེ་རིང་ཞིང་ནད་མེད་པ་དང་། འབྱོར་བ་དང་། དབང་ཕྱུག་དང་། སྟོབས་དང་། གཟིགགཟི་བརྗིད་ཕུན་སུམ་ཚོགས་པ་ལ་སོགས་པ་འདོད་པའི་དོན་བཟང་པོ་ཐམས་ཅད་གེགས་མེད་པར་འགྲུབ་པར་གྱུར་ཅིག །སྐྱེ་བ་ཀུན་དུཏུ་རྒྱལ་བ་ཇོ་ནང་པ་ཆེན་པོ་ཁྱོད་ཀྱི་རྣམ་ཐར་བཟང་པོར་འཇུག་པར་གྱུར་ཅིག །ཐུགས་དགྱེས་པའི་ཐབས་ཁོ་ན་སྒྲུབ་པར་གྱུར་ཅིག །དགོངས་པ་སྐྱོང་བའི་ཆོས་ཀྱི་སྒྲས་ཕས་རྒོལ་ཐམས་ཅད་ཟིལ་གྱིས་གནོན་པར་གྱུར་ཅིག །ཁྱོད་ཀྱི་བསྟན་པ་ལ་སྡང་བ་དང་གནོད་པར་བྱེད་པ་ཐམས་ཅད། གང་ལ་གང་འདུལ་གྱི་ཐབས་སྣ་ཚོགས་ཀྱིས་བཏུལ་ནས་ཁྱོད་ཀྱི་བསྟན་པ་ལ་འགོད་པར་གྱུར་ཅིག །མ་དར་བ་
༦༢༣ རྣམས་སུ་དར་བར་བྱེད་ཅིང་། དར་བ་རྣམས་དག་ཅིང་འཕེལ་བ་དང་། ཉམས་པ་རྣམས་སུ་གསོ་ནུས་པར་གྱུར་ཅིག །ལུས་དང་ལོངས་སྤྱོད་དང་སྲོག་ལས་ཀྱང་ཁྱོད་ཀྱི་བསྟན་པ་གཅེས་སྤྲས་སུ་འཛིན་པར་གྱུར་ཅིག །རྣམ་པར་དག་པའི་རིགས་སམ། རྣམ་པར་དག་པའི་ཁམས་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་གདོད་མ་ནས་གྲུབ་པའི་དོན་ཁོང་དུ་ཆུད་པར་གྱུར་ཅིག །སངས་རྒྱས་རྟག་པ་དང་། ཆོས་བདེན་པ་དང་། དགེ་འདུན་མི་བསླུ་བའི་དོན་ལ་ངེས་པ་རྙེད་པར་གྱུར་ཅིག །ཀུན་རྫོབ་གཟུང་འཛིན་གྱི་ཆོས་མེད་བཞིན་དུ་སྣང་བ། སྒྱུ་མ་ལྟ་བུའི་དོན་རྟོགས་པར་གྱུར་ཅིག །དོན་དམ་སྤྲོས་བྲལ་རྟག་རབ་བརྟན་ཞིང་གཡུ་དྲུང་གི་གནས་མངོན་དུ་བྱང་བར་གྱུར་ཅིག །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལས་བརྩམ་སྟེ། ཚེ་འདི་ཉིད་ལ་རྡོ་རྗེ་བཞི་དང་། སྐུ་བཞིའི་གོ་འཕང་ཐོབ་པར་གྱུར་ཅིག །གནས་སྐབས་ཐམས་ཅད་དུ་རིགས་ལྡན་གྱི་སྤྲུལ་པའི་སྐུ་དོལ་པོ་བ་ཆེན་པོ་ཆོས་རྗེ་ཡབ་སྲས་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཞལ་གྱི་བདུད་རྩི་ངེས་དོན་མཐར་ཐུག་གི་གྲུབ་མཐའ་ལ་བརྟེན་ནས། རྒྱལ་བའི་གསུང་མ་ལུས་པ་ལ་འཇུག་པར་གྱུར་ཅིག །གཞན་ཡང་དེ་རྣམས་ཀྱང་ཡང་དག་པའི་ཆོས་འདི་ཉིད་ཁོ་ན་ལ་འཇུག་པར་གྱུར་ཅིག །འཇིག་རྟེན་མགོན་པོའ་རྣམ་འཕྲུལ་ཇོ་ནང་པ་ཆོས་རྗེ་ཡབ་སྲས་རྣམས་ཀྱི་ཞལ་མངོན་སུམ་དུ་མཐོང་སྟེ་འབྲལ་མེད་དུ་བསྟན་པར་གྱུར་ཅིག །ཐེག་པ་མཐའ་དག་ལ་མཁས་ཤིང་། གཞན་སྟོང་དབུ་མའི་ལྟ་བ་འབྲལ་མེད་དུ་སྐྱོང་བར་གྱུར་ཅིག །དམ་ཚིག་དང་ལྡན་པས་རིམ་གཉིས་མཐའ་དག་རྣལ་འབྱོར་དུ་བྱེད་ཅིང་། དེ་ཐམས་ཅད་ཀྱང་རྡོ་རྗེའི་རྣལ་འབྱོར་གྱི་སྙིང་པོ་ཅན་དུ་གྱུར་ཅིག །བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཕྱིན་ཅིང་གཞན་དོན་ཕྱོགས་མེད་
༦༢༤ དུ་ནུས་པར་གྱུར་ཅིག །རྒྱལ་པོ་ལ་སོགས་པ་གཙོ་བོ་ཐམས་ཅད་ཆོས་བཞིན་དུ་ཆོས་ཀྱིས་དབང་དུ་འདུས་ནས་མཆོག་གི་དགེ་བ་ལམ་བཟང་འདི་ལ་འགོད་པར་གྱུར་ཅིག །ཁྱེད་ཀྱི་བསྟན་པ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་དབྱིངས་སུ་ཞི་བར་གྱུར་ཅིག །རྙེད་པ་དང་བཀུར་བསྟི་ལ་སོགས་པ་ཕན་འདོགས་པའི་མཐུན་རྐྱེན་ཐམས་ཅད་འབད་མེད་དུ་འགྲུབ་པར་གྱུར་ཅིག །འཁོར་འདས་སྲིད་གསུམ་གྱི་ལས་དང་བྱ་བྱེད་ཡིན་ནོ་ཅོག་ཐམས་ཅད་ཁྱོད་ཀྱི་བསྟན་པར་གུས་པ་དང་། དར་བ་དང་། གནས་པ་དང་། འཕེལ་བའི་རྒྱུར་གྱུར་ཅིག །ཕུན་ཚོགས་ཐར་པའི་ལམ་གྱི་གཞིར་གྱུར་པ། །རྟག་ཆད་མཐའ་སྤངས་ཟབ་མོ་དབུ་མའི་ལམ། །སྤྲོས་བྲལ་བདེ་གཤེགས་སྙིང་པོའ་དོན་སྟོན་པའི། །ངེས་དོན་བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཇོ་ནང་བའི། །བསྟན་པ་ཡུལ་རྣམས་ཀུན་དུཏུ་ཁྱབ་པ་དང་། །ཕྱོགས་རྣམས་ཀུན་དུཏུ་ནམ་ཡང་མི་ནུབ་ཅིང་། །དུས་རྣམས་ཀུན་དུཏུ་འཕེལ་ཞིང་དར་བར་ཤོག །མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང་། །རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་གྱིས། །ལྟ་སྒོམ་འབྲེལ་པས་ལམ་གྱི་གནད་བཟུང་ནས། །ཆོས་སྒོ་མཐའ་དག་གསལ་བར་བྱེད་པ་ཤོག །བརྟོན་པ་བཞི་ལྡན་གང་དེའི་བསྟན་པ་ལ། །ཕན་པར་སྒྲུབ་ཅིང་བྱ་བ་བྱེད་པ་ཀུན། །ཚེ་རིང་ནད་མེད་འབྱོར་པ་རྒྱས་པ་དང་། །དབང་ཕྱུག་དམ་པ་ཐོབ་ཅིང་གེགས་མེད་ཤོག །དུས་གསུམ་སངས་རྒྱས་ཀུན་མཁྱེན་དོལ་པོ་པའི། །བསྟན་པ་བསྲུང་ཞིང་བསྟན་ལ་དགའ་བ་ཡི། །ཆོས་སྐྱོང་ལྷ་དང་འབྱུང་པོའ་ཚོགས་ཀུན་ཀྱང་། །མཐུ་སྟོབས་རྒྱས་ཤིང་འཇིག་རྟེན་སྐྱོང་བར་ཤོག །བརྒྱུད་ལྡན་བླ་མ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་རྒྱལ་བ་རྒྱ་མཚོའ་ནུས་མཐུ་དང་། །
༦༢༥ མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་མཐུ་སྟོབས་ཀྱིས། །སྨོན་ལམ་འདི་བཏབ་ཇི་བཞིན་འགྲུབ་པར་ཤོག །ཕྱོགས་བཅུ་དུས་གསུམ་འབྱུང་བའི་སངས་རྒྱས་དང་། །ལུང་རྟོགས་བཞི་ལམ་འབྲས་བུའི་དམ་ཆོས་དང་། །ཐེག་གསུམ་ལམ་ལ་གནས་པའི་འཕགས་ཚོགས་ཏེ། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་འདི་ཡང་གེགས་མེད་འགྲུབ་པར་ཤོག །དོན་དམ་ཆོས་ཉིད་གདོད་ནས་དག་པ་དང་། །ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པ་དང་། །ཏིང་འཛིན་སྔགས་དང་རྫས་ཀྱི་བདེན་པ་ཡིས། །དེ་ལྟར་སྨོན་ལམ་བཏབ་པ་འགྲུབ་པར་ཤོག །དེ་ལྟར་རྒྱལ་མཆོག་སྲས་དང་སློབ་མར་བཅས། །བསྟན་བསྲུང་ལྷ་དང་དྲང་སྲོང་རིག་འཛིན་དང་། །དཀར་ཕྱོགས་སྐྱོང་བ་མཐུ་ལྡན་ཐམས་ཅད་ཀྱིས། །འདིར་བཏབ་སྨོན་ལམ་འགྲུབ་པར་མཛད་དུ་གསོལ། །སྐྱབས་གསུམ་འགྱུར་བ་མེད་པའི་དགེ་ལེགས་དང་། །དོན་དམ་རྟག་བརྟན་བདེན་པའི་ཕུན་ཚོགས་ཀྱིས། །ངེས་དོན་བསྟན་པའི་བདག་པོ་ཇོ་ནང་པའི། །འཕྲིན་ལས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་ཐུན་མོང་མ་ཡིན་པའི་སྨོན་ལམ་ཟབ་མོ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་དཔལ་གྱི་གནས་མཆོག་ཆོས་འཁོར་ལྷ་སར་སྦྱར་བའོ། །གང་ཞིག་སྨོན་ལམ་འདི་འདེབས་པར་བྱེད་པ་དེ་ཡང་ཚེ་དང་དབང་ཕྱུག་དང་། ཆོས་དང་ཐར་པའི་བདེ་བ་ཕུན་སུམ་ཚོགས་པར་གྱུར་རོ།། །།བཀྲ་ཤིས།། །།


Notes

Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion.