Tibetan:ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་གཞུང་ཆུང་
Jump to navigation
Jump to search
ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་གཞུང་ཆུང་
phyag rgya chen po lhan cig skyes sbyor gyi gzhung chung
Damngak Dzö Volume 10 (ཐ་) / Pages 315-320 / Folios 3a3 to 5b1
phyag rgya chen po lhan cig skyes sbyor gyi gzhung chung
Damngak Dzö Volume 10 (ཐ་) / Pages 315-320 / Folios 3a3 to 5b1
Tibetan Text
༣༡༥
༈ ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་གཞུང་ཆུང་བཞུགས་སོ།། ༈ བླ་མ་དང་དཔལ་རྡོ་རྗཻ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །གདོད་ནས་དྲི་མེད་འོད་གསལ་ཆེན་པོའི་ངང་། །བློ་བུར་དྲི་མས་བཏང་བས་ཟག་མེད་སྐུ། རྟེན་འབྲེལ་ཆོས་ལས་འདས་པས་དག་པའི་དབྱིངས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །གདོད་ནས་རང་ལ་གནས་པས་ལྷན་ཅིག་སྐྱེས། །རྒྱུ་རྐྱེན་གཉིས་མེད་རང་བྱུང་ཆོས་ཀྱི་དབྱིངས། །བསམ་བརྗོད་ཡུལ་ལས་འདས་པས་རྟོག་ཡུལ་མིན། །ཟབ་མོ་མཚོན་པའི་གདམས་པ་འདིར་བཤད་བྱ། །ཀྱེ་ཧོ་བསགས་སྦྱང་གཉིས་འདིར་ཆོས་ཀུན་འདུས། །དངོས་གཞི་བཞི་ལ་སྦྱོར་བ་རྗེས་ཀྱི་ཆོས། །སྔོན་འགྲོ་དྲུག་ལ་ཉིན་མཚན་རྟག་ཏུ་འབད། །རྟགས་བཞི་རྫོགས་ཚེ་འདོད་ཡོན་ལྷུན་གྱིས་གྲུབ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེ། །བླ་མའི་དྲིན་ལས་རྟོགས་པར་འགྱུར་བའི་ཕྱིར། །རྒྱུན་དུ་བླ་མའི་མོས་གུས་གནད་དུ་བསྣུན། །དེ་ཡི་བྱིན་རླབས་སྙིང་ལ་འཇུག་པར་འགྱུར། །རང་གི་ལུས་ལ་ཡེ་ཤེས་ཆེན་པོ་གནས། །དེ་ལས་གཞན་དུ་རྙེད་པར་ནུས་མིན་པས། །ཆོས་བདུན་ལྡན་པའི་རྣལ་འབྱོར་གྱིས་གནས་པས། །རྣམ་པར་མི་རྟོག་ཡེ་ཤེས་
༣༡༦
ངང་གིས་སྐྱེ། །དེ་ཉིད་དོན་ལ་སེམས་པའི་རྣལ་འབྱོར་པས། །ཕྱག་དང་བསྐོར་བ་ཁ་འདོན་ལྷ་བསྒོམ་པ། །གནས་ལུགས་དོན་ལས་གཡེལ་ཕྱིར་སྤང་བར་བྱ། །བག་ཡོད་དྲན་ཤེས་སྤྱོད་ལམ་ཉིད་ལ་གནས། བྱང་ཆུབ་ཤིང་དང་སྐུ་གསུང་ཐུགས་ཀྱི་རྟེན། །སྟེང་འོག་ཐིག་ལེ་སྙིང་གའི་ས་བོན་ལ། །མ་ཡེངས་མི་བསྒོམ་སོ་མའི་ངང་དུ་བཞག །ཐུན་གྱི་གདམས་པས་འདོར་ལེན་གནད་དུ་བསྣུན། །རྡོ་རྗེའི་བཟླས་པ་སྲོག་རྩོལ་རླུང་བཅིང་ཞིང་། །སྒྲིམ་དང་གློད་པས་རིག་པ་གཡོ་མེད་བཅིང་། །རང་སར་བཞག་ལ་ཡེངས་མེད་དྲན་པ་བརྟེན། །ཆོས་ཀྱི་སྤྱོད་པ་དྲན་པའི་སོ་པས་སྐྱོང་། །རི་གཟར་ཆུ་དང་གང་གཱ་རྒྱ་མཚོ་བཞིན། །རབ་འབྲིང་ཐ་མ་གནས་པའི་སྐྱེ་ཚུལ་ཏེ། །མི་རྟོག་བདེ་གསལ་ཉམས་ཀྱི་འཆར་སྒོ་སོགས། །ཞི་གནས་ཉམས་ཀྱི་སྐྱེ་ཚུལ་ཤེས་པར་བྱ། །ཀྱེ་ཧོ་ཉི་ཟླ་གཡོ་མེད་ནམ་མཁར་བཅིང་། །སེམས་འདི་མ་བཅོས་སོར་བཞག་རང་ལུགས་ལ། །སྒོམ་མེད་ཡེངས་མེད་རིག་པ་ངར་ལྡན་པས། །སྐྱེ་བ་མེད་པས་ཆོས་ཉིད་དོན་ལ་བལྟ། །རང་གིས་རང་ངོ་ཤེས་པའི་ཆོས་ཉིད་དེ། །དབྱིབས་དང་ཁ་དོག་མེད་པས་མཚོན་དུ་མེད། །གསལ་རིག་སྟོང་གསུམ་གཤིས་ཀྱི་གནས་ལུགས་དེ། །གར་དུ་མ་གྲུབ་མཐའ་བྲལ་བདེ་བ་ཆེ། །རྣམ་རྟོག་གང་ཤར་མ་ཡེང་དེ་ལ་བལྟ། །གནས་དང་མི་གནས་གཉུག་མའི་ངང་དུ་གཅིག །སྤྲིན་ཚོགས་འཐུག་ཀྱང་ནམ་མཁའ་ལས་མ་འདས། །སྐྱེ་འགག་གནས་མེད་སྟོང་གསལ་རིག་པར་བཞུགས། །འདོད་ཆགས་ཞེ་སྡང་གཏི་མུག་ཉིད་ལ་བལྟ། །གསལ་ལ་ངོས་བཟུང་མེད་པ་དུག་གསུམ་གཤིས། །རང་བཞིན་རང་ངོ་ཤེས་པས་མ་སྤངས་དག །དུག་གིས་དུག་འཇོམས་ཉོན་མོངས་ཆེན་པོ་ཡི། །སྒོ་ལྔ་ཡུལ་ཐོགས་ཡིད་དང་བྲལ་བར་བཞག །འཛིན་སེམས་མེད་པས་ཡུལ་
༣༡༧
སྣང་རང་སར་དག །བསལ་བཞག་མེད་ཀྱང་གཤིས་ལུགས་སྟོང་པ་ཡིན། །ཡིན་ལུགས་རྟོགས་པས་སྣང་སེམས་དབྱེར་མེད་འདྲེས། །ཆོས་ཉིད་དོན་ལ་འདི་བསྒོམ་དམིགས་སུ་མེད། །སྒོམ་མཁན་སྟོང་ན་སྒོམ་མེད་ངང་དུ་གྲོལ། །སྤང་བླང་མེད་པ་ཐམས་ཅད་གཅིག་ཏུ་འདྲེས། །བསྒོམ་པ་སྒོམ་མེད་ཐ་མལ་ངང་ན་བདེ། །དྲན་པའི་རང་བཞིན་ཡེ་ནས་ཆོས་ཀྱི་དབྱིངས། །དྲན་མཁན་ཤེས་པས་དྲན་པ་རང་སར་དག །དྲན་སྟོང་དུས་མཉམ་རྗེས་ཐོབ་ལམ་གྱི་གནད། །ཀུན་ལས་ཁྱད་འཕགས་མཁའ་འགྲོའི་གསང་ཚིག་ཡིན། །རང་བྱུང་ཡིན་པས་སྐྱེ་འགག་གནས་གསུམ་བྲལ། །ཁ་དོག་དབྱིབས་ཀྱི་རྫས་མེད་རྟག་མཐའ་བྲལ། །གསལ་ཞིང་རིག་པས་མེད་པའི་མཐའ་མ་ལྷུང་། །འགྱུར་བ་མེད་པས་དགེ་སྡིག་ལས་གཉིས་ཀྱིས། ཕན་དང་གནོད་པ་མི་འགྱུར་རྫས་མེད་ཕྱིར། །དགེ་དང་སྡིག་པ་མ་གྲུབ་གནོད་བྱེད་མེད། །ལས་དང་ལས་འབྲས་རྨི་ལམ་བདེ་སྡུག་བཞིན། །ང་བདག་མེད་པས་སྒྲིབ་དང་བཅིང་བ་མེད། །སྤང་བྱས་དབེན་པས་བཅིངས་ལས་གྲོལ་བ་མེད། །འོད་གསལ་ཉིད་ལ་རྒྱུན་ཆད་མེད་པ་ཡི། །དྲན་པར་ཁྲིད་ན་མཉམ་རྗེས་གཉིས་སུ་མེད། །སྤྱོད་ལམ་ཀུན་ཏུ་འདུན་པའི་ལྕག་གིས་བསྐུལ། །དེ་ལ་གོམས་ན་ཉམས་རྟོགས་འཁོར་མར་འབྱུང་། །ཐ་མལ་ཤེས་པ་མ་བཅོས་ཕྱག་རྒྱ་ཆེ། །སྣང་སྲིད་ཆོས་རྣམས་སྣང་དུས་ཉིད་ནས་སྟོང་། །གང་ཤར་སྟོང་པ་ཉིད་ལས་མི་འདའ་ཞིང་། །མ་བྱས་ལྷུན་གྲུབ་ཟུང་འཇུག་གཤིས་ལུགས་ཡིན། སེམས་དང་ཀུན་གཞི་བདེ་གཤེགས་སྙིང་པོ་དང་། །རང་བྱུང་ཡེ་ཤེས་ཆོས་ཉིད་ཆོས་དབྱིངས་དང་། །དེ་བཞིན་ཉིད་དང་སྟོང་ཉིད་འོད་གསལ་དང་། ཟུང་འཇུག་ཡང་དག་དོན་དམ་རྣམ་གྲངས་ཉིད། །སྟོང་པ་རིག་པ་གསལ་བ་རྣམ་པ་གསུམ། །རེ་རེའི་སྟེང་དུ་དེ་གསུམ་དབྱེར་མེད་པར།
༣༡༨
ལྷན་ཅིག་སྐྱེས་པས་ལྷན་སྐྱེས་ཡེ་ཤེས་ཏེ། །གདོད་ནས་རང་ལ་ལྷན་ཅིག་སྦྱོར་བ་བྱས། །འོད་གསལ་ཉིད་ལས་སངས་རྒྱས་སེམས་ཅན་གཉིས། །ཁྱད་པར་མེད་ཅིང་སེམས་ཉིད་སངས་རྒྱས་ཏེ། །རང་གིས་རང་མ་རྟོགས་པས་མ་རིག་འཁྲུལ། །རང་སེམས་རང་གིས་རྟོགས་པ་སངས་རྒྱས་ཡིན། །སེམས་མ་རྟོགས་པས་ཁམས་གསུམ་འཁོར་བར་འཁྱམས། །རང་སེམས་རྟོགས་པས་སངས་རྒྱས་ཆོས་ཀྱི་སྐུ། །འཁོར་འདས་གཉིས་པོ་སེམས་ཀྱི་ལྡོག་ཆ་སྟེ། །ཀུན་གྱི་གཞི་ནི་བྱང་ཆུབ་སེམས་ཡིན་ནོ། །སེམས་ཉིད་གཅིག་ཉིད་འཁོར་འདས་གཉིས་སུ་ཤར། །སེམས་ཉིད་རྟོགས་ན་འཁོར་བ་མ་སྤངས་པར། །མྱ་ངན་འདས་པ་མ་བསྒྲུབས་ལྷུན་གྱིས་གྲུབ། །ཆོས་ཀྱི་དབྱིངས་ལ་འཁོར་འདས་དབྱེར་མི་ཕྱེད། །ཁ་དོག་དབྱིབས་མེད་ཚོགས་དྲུག་ཡུལ་ལས་འདས། །གསལ་ཞིང་རིག་པས་བདེ་སྡུག་ཉམས་སུ་མྱོང་། །སྐྱེ་འགག་མེད་པས་འདུས་མ་བྱས་ཕྱིར་རྟག །ཡུལ་དང་ཡུལ་ཅན་གཅིག་དང་ཐ་དད་བྲལ། །དབེན་པའི་གནས་སུ་འདུ་འཛི་ཀུན་སྤངས་ཏེ། །ཆོས་བདུན་ལྡན་པའི་གང་ཟག་དག་གིས་བསྒོམ། །ཡེངས་མེད་སྒོམ་མེད་དུས་གསུམ་རྟོག་པ་སྤང་། །ཤེས་པ་མ་བཅོས་གང་ལྟར་འདུག་སར་བཞག །ཡེངས་མེད་མི་རྟོག་སྤྲོ་བསྡུ་མེད་པར་བྱ། །མ་བྱིང་མ་ལྟེངས་ངར་དང་ལྡན་པར་བསྒོམ། །གང་ཤར་རྟོག་པ་ངོས་བཟུང་དེ་ལ་བལྟ། །ཉོན་མོངས་སྐྱེས་པའི་རང་བཞིན་ཤེས་པར་བྱ། །སྒོ་ལྔའི་ཡུལ་ལ་སྤོང་འགེགས་མི་བྱེད་པར། །གང་ཤར་ཐོག་ཏུ་མ་བཅོས་སོ་མར་བཞག །ཟ་འཆག་ཉལ་སོགས་སྤྱོད་ལམ་དུས་ཀུན་ཏུ། །དྲན་པའི་བྱ་རས་ཡེངས་པ་མེད་པར་སྐྱོང་། །ཆུ་བོའི་རྒྱུན་དང་མར་མེའི་རྩེ་མོ་བཞིན། །ཉིན་དང་མཚན་དུ་རྩེ་གཅིག་མཉམ་པར་བཞག །གནས་ལུགས་རྟོགས་ནས་སྤྲོས་བཅས་མཚན་མ་སྒོམ། །ཟས་མཆོག་
༣༡༩
སྤོངས་ནས་ཟས་ངན་ཟ་བ་བཞིན། །ཆོས་ཉིད་ངང་ནས་ཀུན་བརྟགས་ལྷན་སྐྱེས་ཀྱི། །མ་རིག་ལ་སོགས་སྤོང་བྱའི་ཚོགས་རྣམས་འཇོམས། དོན་ལ་ཡེངས་མེད་ཇི་ལྟར་བས་ཀྱང་གྲོལ། །བདེན་པ་མཐོང་ཞིང་ཚེ་གཅིག་སངས་རྒྱས་འགྱུར། མི་རྟོག་རང་ལ་ལྷ་དང་སྔགས་ནི་གནས། །ཡེ་ཤེས་ལྔ་ཡི་ངོ་བོར་ལྷུན་གྱིས་གྲུབ། །བསྲུང་སྡོམ་མེད་པ་དམ་ཚིག་ཆེན་པོ་སྟེ། །དཀོན་མཆོག་མཆོད་དང་གཏོང་མའི་མཆོག་ཀྱང་འདི། །སྦྱིན་སྲེག་ལས་དང་བདུད་རྩི་ཟ་བ་འདི། །ཕར་ཕྱིན་དྲུག་དང་གྲུབ་མཐའ་ཀུན་ཀྱང་འདུས། །འདི་ཉིད་བསྒོམས་པས་བྱང་ཆུབ་སེམས་དཔའ་སྟེ། །དཔའ་བོ་དཔའ་མོ་རྒྱང་ན་གནས་ཀྱང་འདུ། །གོ་བ་ཉམས་དང་རྟོགས་པ་ཤར་བ་ལས། །རྟོགས་པ་རྒྱས་པས་སྡང་བ་ཇེ་དག་འགྲོ། །སྤང་བྱ་དག་པས་སྐུ་གསུམ་ཤུགས་ལ་འགྲུབ། །སྟོང་རིག་གསལ་གསུམ་བཞི་ཡི་སྐུ་གསུམ་ཡིན། །བདེ་གསལ་མི་རྟོག་ལམ་གྱི་སྐུ་གསུམ་མོ། །མདོག་དབྱིབས་མཚན་མ་མེད་པ་ཆོས་ཀྱི་སྐུ། །མཚན་དང་དཔེ་བྱད་འབར་བ་ལོངས་སྤྱོད་རྫོགས། །གཞོན་ནུ་རོལ་རྩེད་མཛད་སོགས་སྤྲུལ་སྐུའོ། །རྟོག་མེད་འདུལ་བྱའི་སྣོད་ཀྱི་ཁྱད་པར་བཞིན། །འཁྲུལ་པ་མེད་པར་ཆོས་སྟོན་བདེ་གཤེགས་གསུང་། །ཡུལ་དང་ཡུལ་ཅན་གནས་ལུགས་ཇི་ལྟ་བར། །མ་ནོར་མཁྱེན་པ་ཐུགས་ཀྱི་ཡེ་ཤེས་ཉིད། །མེ་ལོང་མཉམ་ཉིད་སོར་རྟོག་བྱ་བ་གྲུབ། །ཆོས་དབྱིངས་ཡེ་ཤེས་ཆོས་སྐུའི་ཡོན་ཏན་ནོ། །མཚན་དཔེ་གཟུགས་སྐུའི་ཡོན་ཏན་འདིར་མ་བརྗོད། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་བཞིན་དུ། །རྟོག་པ་མེད་བཞིན་དོན་མཛད་ཕྲིན་ལས་ཡིན། །སྙིང་པོའི་ལམ་མཆོག་ཕྱག་རྒྱ་ཆེན་པོ་འདི། །ཀུན་གྱིས་བསྒོམ་དང་བསྒོམས་ནས་གཞན་དག་ལ། །མ་ནོར་སྟོན་པར་བྱེད་པ་ཟབ་མོའི་ལམ། །མ་ནོར་གསལ་བར་རྒྱུད་སྡེའི་སྙིང་པོར་བཤད། །ཕྱག་རྒྱ་ཆེན་
༣༢༠
པོའི་གདམས་པ་སྙིང་པོའི་གཏེར་མཛོད་རྫོགས་སོ། །རྒྱལ་མཚན་དཔལ་གྱིས་གོ་བདེ་བར་སྦྱར་བའོ།། །།བཀྲ་ཤིས་བདེ་ལེགས་དཔལ་འབྱོར་དོན་གྲུབ་ཤོག །དགེའོ། །ཤུབྷམ། །མངྒ་ལཾ།
Notes
Other Information
Information about Unicode Tibetan and the digitization of this text |
---|
As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion. |