Tibetan:བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་

From gDams Ngag mDzod
Jump to navigation Jump to search
Upload a file
DOWNLOAD ABOVE:
Click the picture above to view the original manuscript.
བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་
byang chub lam gyi rim pa'i khrid yig thams cad mkhyen par bgrod pa'i bde lam
Damngak Dzö Volume 3 (ག་) / Pages 111-160 / Folios 1a1 to 25b5

Tibetan Text

༡༡༡

བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་ཞེས་བྱ་བ་བཞུགས་སོ། །

༡༡༢

རྗེ་བཙུན་བླ་མ་དམ་པ་ཐུབ་དབང་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། །འདིར་སྐལ་ལྡན་གྱི་སྐྱེས་བུ་སངས་རྒྱས་ཀྱི་སར་བགྲོད་པར་བྱེད་པའི་ཐབས་ཟབ་མོ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང༌། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པའོ། །དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ། སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། ཡིད་མཐུན་གྱི་གནས་སུ་བདེ་བའི་སྟན་ལ་ལུས་འདུག་ལུགས་བརྒྱད་དམ་སྤྱོད་ལམ་གང་བདེར་གནས་ནས། རང་རྒྱུད་ལ་ལེགས་པར་བརྟགས་ཏེ། དགེ་སེམས་ཁྱད་པར་ཅན་གྱི་ངང་ནས། རང་གི་མདུན་གྱི་ཐད་དྲང་གི་ནམ་མཁའི་གནས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར། སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ངོ་བོར་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་རྒྱལ་བ་ཤཱ་ཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། དབུ་གཙུག་ཏོར་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ས་གནོན་དང༌། གཡོན་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ་

༡༡༣

སྐུ་ལ་ཆོས་གོས་ངུར་སྨྲིག་གི་མདོག་ཅན་གསུམ་མཛེས་པར་གསོལ་བ། མཚན་དཔེས་བརྒྱན་པའི་དྭངས་གསལ་འོད་ཀྱི་རང་བཞིན་ཅན། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དཀྱིལ་ན་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེ་ཉིད་ཀྱི་མཐའ་བསྐོར་དུ་དངོས་དང་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་བསྟན་སྲུང་ཡེ་ཤེས་པའི་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པ། དེ་དག་རང་རང་གི་མདུན་ན་གདན་ཁྲི་ཕུན་སུམ་ཚོགས་པ་ལ་རང་རང་གིས་གསུངས་པའི་ལུང་གི་ཆོས་རྣམས་འོད་ཀྱི་རང་བཞིན་ཅན་གྱི་པུསྟིའི་རྣམ་པར་ཡོད་པ། ཚོགས་ཞིང་རྣམས་ཀྱང་རང་ཉིད་ལ་དགྱེས་པའི་ཚུལ་དང༌། རང་ཉིད་ཀྱང་ཚོགས་ཞིང་རྣམས་ཀྱི་ཡོན་ཏན་དང་ཐུགས་རྗེ་དྲན་པའི་དད་པ་ཆེན་པོའི་ངང་ནས་འདི་ལྟར་བསམ་སྟེ། བདག་དང་མ་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ། སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་སྣ་ཚོགས་ཞིག་མྱོང་འདུག་ཏུ་ཟིན་ཀྱང༌། ད་དུང་སྡུག་བསྔལ་གྱི་གཏིང་དང་མཐའ་མངོན་པར་དཀའ་བར་འདུག་དེས་ན་ད་རེས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་མི་ལུས་ཁྱད་ཅན་ཐོབ་པའི་དུས་འདིར། འཁོར་བའི་སྡུག་བསྔལ་ཐམས་ཅད་སྤངས་པའི་ཐར་པ་མཆོག་བླ་མས་སངས་རྒྱས་ཀྱི་གོ་འཕང་ཞིག་ད་ལྟ་ཉིད་དུ་ཐོབ་པར་མ་བྱས་

༡༡༤

ན། སླར་ཡང་སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་ཅི་རིགས་པ་ཞིག་མྱོང་དགོས་པ་འདུག །དེས་ན་སྡུག་བསྔལ་དེ་དག་ལས་སྐྱོབ་པའི་ནུས་པ་མདུན་ན་བཞུགས་པའི་བླ་མ་དཀོན་མཆོག་གསུམ་ལ་ཡོད་པས། བདག་གིས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་བླ་མ་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བར་བྱའོ་སྙམ་དུ་བསམ་ལ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། ཁྱད་པར་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོགས་པའི་སངས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་གྱི་སྒོ་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བསྒོམ་པ་ལ་འཇུག་པར་བགྱིའོ་སྙམ་པ་བདུན་ནམ་ཉེར་གཅིག་སོགས་བྱའོ། །དེ་ནས་རང་གི་མདུན་གྱི་ཐད་དྲང་གི་ནམ་མཁའི་གནས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར། སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་གཙོ་མ་ལྟ་བུ། ཞེས་པ་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེ་ཉིད་ཀྱི་སྟེང་གི་རྒྱབ་ལ་ཕྱོགས་པར་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། རྒྱལ་བ་རྡོ་རྗེ་འཆང་ལ་ཉམས་ལེན་བྱིན་རླབས་བརྒྱད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། གཡས་ཕྱོགས་སུ་རྗེ་བཙུན་བྱམས་པ་ལ་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། གཡོན་ཕྱོགས་སུ་རྗེ་བཙུན་འཇམ་དབྱངས་ལ་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མདུན་དུ་དྲིན་ཅན་རྩ་བའི་བླ་མ་ལ་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་

༡༡༥

བཞུགས་པ་དེ་དག་གི་མཐའ་བསྐོར་དུ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་བསྟན་སྲུང་ཡེ་ཤེས་པའི་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པ། དེ་དག་རང་རང་གི་མདུན་ན་གདན་ཁྲི་ཕུན་སུམ་ཚོགས་པ་ལ་རང་རང་གིས་གསུངས་པའི་ལུང་གི་ཆོས་རྣམས་འོད་ཀྱི་རང་བཞིན་ཅན་གྱི་པུསྟིའི་རྣམ་པར་ཡོད་པ། དེ་དག་གི་ཕྱི་རོལ་དུ་གང་ལ་གང་འདུལ་གྱི་སྤྲུལ་བའི་བཀོད་པ་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོ་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་སྭ་སེར་པོ། གསང་བར་ཧཱ་ལྗང་གུ་འོད་ཟེར་ལྔ་འཕྲོ་བ། བླ་མ་ཐུབ་པའི་དབང་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། དམ་ཚིག་པ་སོ་སོ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་པའི་བདག་ཉིད་དུ་མོས་ནས། ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ཏེ། གསོལ་བ་འདེབས་པ་མན་ངག་བཞིན་རྒྱུད་དང་འདྲེས་ངེས་པ་བྱའོ། །དེ་ནས་བླ་མ་ཐུབ་པའི་དབང་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། མཐའ་བསྐོར་ན་བཞུགས་པའི་ཞི་ཁྲོ་རབ་འབྱམས་ཐམས་ཅད་ལ་ཕོག་པས། དེ་རྣམས་འོད་ཀྱི་རྣམ་པར་བསྡུས་ནས་ཐུབ་པའི་དབང་བོ་ལ་ཐིམ་ཞིང༌། ཐུབ་པའི་དབང་བོ་ཡང་རང་གི་སྤྱི་བོའི་རྩ་བའི་བླ་མ་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས་རང་གི་སྤྱི་བོར་སེང་ཁྲི་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་རྒྱལ་བ་ཤཱཀྱ་ཐུབ་པ་ཞེས་པ་ནས། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ལ་དམིགས་ནས། ཡན་ལག་བདུན་པ་མཎྜལ་དང་བཅས་པ་མདོར་བསྡུས་ཕུལ་བའི་རྗེས་སུ། རང་དང་རང་གི་མཐའ་བསྐོར་ན་གནས་པའི་མ་སེམས་ཅན་ཐམས་ཅད་ཀྱིས་མགྲིན་

༡༡༦

གཅིག་ཏུ་གསོལ་བ་འདེབས་པར་བསམས་ལ། །སྐུ་བཞིའི་བདག་ཉིད་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྒྲིབ་བྲལ་ཆོས་སྐུའི་བདག་ཉིད་བླ་མ་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བདེ་ཆེན་ལོངས་སྐུའི་བདག་ཉིད་བླ་མ་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ༴ །སྣ་ཚོགས་སྤྲུལ་སྐུའི་བདག་ཉིད་བླ་མ་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ༴ །བླ་མ་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ༴ །ཡི་དམ་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ༴ །སངས་རྒྱས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་༴ །དམ་ཆོས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ༴ །མཁའ་འགྲོ་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་༴ །ཆོས་སྐྱོང་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་༴་ཁྱད་པར༴ །སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། བདག་དང་མ་སེམས་ཅན་ཐམས་ཅད་འཁོར་བར་སྐྱེས་ནས་ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་བ་འདི། དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་མ་བསྟེན་པས་ལན་པར་འདུག་པས། ད་བདག་དང་མ་སེམས་ཅན་ཐམས་ཅད་ཀྱིས་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་ཏུ་བསྟེན་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས་སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནུས་པ་ལ་གེགས་བྱེད་ཀྱི་སྡིག་སྒྲིབ་ནད་གདོན་དང་བཅས་པ་ཐམས་ཅད་སྦྱངས།

༡༡༧

ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། །ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པར་ནུས་པའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གཉིས། བསམ་པས་བསྟེན་ཚུལ་དང༌། སྦྱོར་བས་བསྟེན་ཚུལ་ལོ། །དང་པོ་ལ་གཉིས། རྩ་བ་དང་པོ་སྦྱང་བ་དང༌། བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པར་བྱ་བའོ། །དང་བོ་ནི། བླ་མ་ཐུབ་པའི་དབང་བོའི་ཐུགས་ཀ་ནས་རང་ལ་དངོས་སུ་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་སྤྲོས་ཏེ། མདུན་གྱི་ནམ་མཁར་བཞུགས་པ་ལ་དམིགས་ནས་བདག་གི་དགེ་བའི་བཤེས་གཉེན་འདི་རྣམས་སངས་རྒྱས་དངོས་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་རྒྱལ་བ་རྡོ་རྗེ་འཆང་གིས་སྙིགས་མའི་དུས་སུ་དགེ་བའི་བཤེས་གཉེན་གྱི་སྐུའི་རྣམ་པར་བསྟན་ནས་འགྲོ་བའི་དོན་མཛད་པར་གསུངས་པ་བཞིན་དུ། བདག་གི་དགེ་བའི་བཤེས་གཉེན་འདི་རྣམས་ཀྱང་སྐུའི་རྣམ་པ་ཐ་དད་དུ་བསྟན་པ་ཙམ་མ་གཏོགས། རྒྱལ་བ་རྡོ་རྗེ་འཆང་གིས་བདག་ཅག་སངས་རྒྱས་དངོས་སུ་མཐོང་བའི་སྐལ་བ་མེད་པ་རྣམས་རྗེས་སུ་བཟུང་བའི་ཕྱིར་དུ་དགེ་བའི་བཤེས་གཉེན་གྱི་སྐུའི་རྣམ་པར་བསྟན་པ་ཡིན་པར་འདུག་པས་སོ། །དེས་ནད་བདག་དང་སེམས་ཅན་ཐམས་ཅད་ཀྱིས་དགེ་བའི་བཤེས་གཉེན་འདི་རྣམས་ཐུབ་དབང་རྡོ་རྗེ་འཆང་དངོས་སུ་མཐོང་བར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་

༡༡༨

ལ་སྐྱེས་བར་བསམ་མོ། །འོ་ན་སངས་རྒྱས་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་ལ། བདག་གི་དགེ་བའི་བཤེས་གཉེན་འདི་རྣམས་ལ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་སྐྱོན་འདི་དང་འདི་ལྟ་བུ་འདུག་པས་སངས་རྒྱས་རང་མ་ཡིན་ནོ་སྙམ་ན། དེ་ནི་རང་གི་སྣང་བ་མ་དག་པའི་དབང་གིས་ཡིན་ཏེ། སྔོན་ཡང་རང་ཉིད་སྣང་བ་མ་དག་པའི་དབང་གིས་ལེགས་པའི་ཀརྨས། སྟོན་པ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཟོག་འབའ་ཞིག་ཏུ་མཐོང་བ་དང༌། །ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ཁྱི་མོར་མཐོང་བ་དང༌། མཻ་ཏྲི་པས་རྣལ་འབྱོར་གྱི་དབང་ཕྱུག་ཤ་ཝ་རི་པ་ཕག་གསོད་པ་སོགས་མི་འཚམ་པ་བྱེད་པར་མཐོང་བ་བཞིན་དུ། བདག་གི་དགེ་བའི་བཤེས་གཉེན་འདི་རྣམས་ལ་སྐྱོན་དེ་ཡོད་ནས་སྣང་བ་མ་ཡིན་གྱི། །རང་ཉིད་སྣང་བ་མ་དག་པའི་དབང་གིས་ཡིན་པས། དེས་ན་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དགེ་བའི་བཤེས་གཉེན་འདི་རྣམས་ལ་སྐྱོན་རྟོག་གི་བློ་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང༌། ཅི་མཛད་ཡོན་ཏན་དུ་མཐོང་བའི་དད་པ་ཆེན་པོ་བདེ་བླག་ཏུ་སྐྱེ་བར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་ནི། རང་གི་མདུན་དུ་དགེ་བའི་བཤེས་གཉེན་རྣམས་གསལ་བར་དམིགས་ནས། དགེ་བའི་བཤེས་གཉེན་འདི་རྣམས་བདག་ལ་བཀའ་དྲིན་ཤིན་ཏུ་ཆེ་སྟེ། བདག་གིས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མཐའ་དག་སྤངས་པའི་ཐར་པ་མཆོག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བདེ་བླག་ཏུ་སྟེར་བར་བྱེད་པའི་ལམ་ཟབ་མོ་ཁོང་དུ་ཆུད་པ་འདི།

༡༡༩

དགེ་བའི་བཤེས་གཉེན་འདི་རྣམས་ཀྱི་བཀའ་དྲིན་ཡིན་པས། དེས་ན་བདག་དང་མ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དགེ་བའི་བཤེས་གཉེན་འདི་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་ཆེན་པོ་བདེ་བླག་ཏུ་སྐྱེ་བར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་སྦྱོར་བས་བསྟེན་ཚུལ་ནི། དགེ་བའི་བཤེས་གཉེན་རྣམས་མདུན་དུ་གསལ་བཞིན་པའི་ངང་ནས་བདག་གིས་སངས་རྒྱས་དངོས་ཀྱི་དགེ་བའི་བཤེས་གཉེན་འདི་རྣམས་ཀྱི་ཕྱིར་དུ་ལུས་སྲོག་ལོངས་སྤྱོད་ལ་སོགས་པ་ལྟོས་པ་མེད་པར་གཏོང་ཞིང༌། ཁྱད་པར་བཀའ་བཞིན་བསྒྲུབ་པའི་མཆོད་པས་མཉེས་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་བྱད་ལས་བདུད་རྩི་སྣ་ལྔ༴་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་གསོལ་བ་འདེབས་པ་དང༌། སྔགས་འདྲེན་པ་དང༌། དེ་ལས་བྱུང་བའི་དགེ་རྩ་རྣམས་རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་སུ་འདུན་པ་དྲག་པོས་བསྔོ་བར་བྱའོ། །གཉིས་པ་ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ནི། ཐུན་མཚམས་སུ་ཡང་དགེ་བའི་བཤེས་གཉེན་བསྟེན་ཚུལ་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལྟ་བ་དང༌། དྲན་ཤེས་དང་ལྡན་པའི་སྒོ་ནས་

༡༢༠

དབང་བོའི་སྒོ་སྡོམ་པ་དང༌། ཟས་ཀྱི་ཚོད་རིག་པ་དང༌། མི་ཉལ་བར་རྣལ་འབྱོར་ལ་བརྩོན་ཞིང༌། ཉལ་བའི་ཚེ་ཇི་ལྟར་བྱ་བ་དང༌། ཁྲུས་དང་ཁ་ཟས་ཀྱི་རྣལ་འབྱོར་ལ་བརྩོན་པར་བྱེད་པའོ། །གཉིས་པ་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམས་པ་ལ་གཉིས། དལ་འབྱོར་ལ་སྙིང་བོ་བླང་བའི་ཕྱིར་དུ་བསྐུལ་བ་དང༌། སྙིང་བོ་ཇི་ལྟར་ལེན་པའི་ཚུལ་ལོ། །དང་བོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའོ། །དང་བོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་བོ་ནི། སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། ཞེས་པ་ཡན་ཆད་སྔར་བཞིན་ཡིན་ལ། དེ་ནས་བདག་དང་མ་སེམས་ཅན་ཐམས་ཅད་འཁོར་བར་སྐྱེས་ནས་ཡུན་རིང་ལ་ཤུགས་དྲག་པའི་འཁོར་བའི་སྡུག་བསྔལ་སྣ་ཚོགས་ཞིག་མྱོང་བ་འདི། དལ་འབྱོར་དོན་ཆེ་རྙེད་དཀའི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་མ་སྐྱེས་པས་ལེན་པར་འདུག་པས། དེ་བདག་དང་མ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དལ་འབྱོར་དོན་ཆེ་རྙེད་དཀའི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། །སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དལ་འབྱོར་དོན་ཆེ་རྙེད་དཀའི་རྟོགས་པ་ཁྱད་པར་ཅན་སྐྱེ་བ་ལ་གེགས་བྱེད་ཀྱི་སྡིག་སྒྲིབ་སྦྱངས། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་དལ་འབྱོར་དོན་ཆེ་རྙེད་དཀའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གཉིས། དལ་འབྱོར་དོན་ཆེ་བར་བསམ་པ་དང༌། རྙེད་པར་དཀའ་བ་བསམ་པའོ། །དང་བོ་ནི། སྤྱི་བོར་བླ་མ་ལྷ་

༡༢༡

བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམས་ཏེ་དམ་པའི་ཆོས་སྒྲུབ་པ་ལ་ཁོམས་པས་དལ་བ་དང༌། ཆོས་སྒྲུབ་པའི་ཕྱི་ནང་གི་ཆ་རྐྱེན་ཚང་པས་འབྱོར་བ་ཞེས་བྱ། མདོར་ན་རང་ཅག་རྣམས་ཀྱིས་ཐོབ་པའི་དལ་འབྱོར་གྱི་རྟེན་འདི་དོན་ཤིན་ཏུ་ཆེ་སྟེ་འདི་ལ་བརྟེན་ནས་མངོན་མཐོའི་ལུས་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་སྦྱིན་པ། ཚུལ་ཁྲིམས། བཟོད་པ་སོགས་ཀྱང་སྒྲུབ་ནུས་ལ། ཁྱད་པར་རྟེན་འདི་ལ་སྡོམ་པ་གསུམ་ག་སྐྱེ་ཞིང༌། སྙིགས་དུས་ཀྱི་ཚེ་ཐུང་བ་ཅིག་ལས་སངས་རྒྱས་ཀྱི་གོ་འཕང་ཡང་བདེ་བླག་ཏུ་སྒྲུབ་ནུས་པས་སོ། །དེས་ན་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་ཚང་བའི་རྟེན་འདི་དོན་མེད་དུ་མི་བཏང་བར་སྙིང་པོ་ཅིག་བླང་བར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩིས་སྣ་ལྔ་འོད་ཟེར། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། །དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་རྙེད་པར་དཀའ་བ་བསམ་པ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། དལ་འབྱོར་ཐོབ་པ་འདི་དོན་ཆེ་བར་མ་ཟད་རྙེད་ཀྱང་ཤིན་ཏུ་དཀའ་སྟེ། མི་ལ་སོགས་པའི་འགྲོ་བ་ཕལ་ཆེར་མི་དགེ་བ་བཅུ་ལ་སོགས་པ་ཤས་ཆེར་སྤྱོད་ལ། དེ་དག་གིས་ཀྱང་དལ་འབྱོར་ཐོབ་པའི་གེགས་བྱེད་ཅིང༌། ཁྱད་པར་དལ་འབྱོར་ཚང་བའི་རྟེན་རྣམ་པར་དག་པ་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྦྱིན་སོགས་ཀྱིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་སོགས་དགོས་ན་རྒྱུ་དེ་ལྟ་བུ་སྒྲུབ་པ་ཡང་ཤིན་ཏུ་ཉུང་བ་དང༌། དུད་འགྲོ་ལ་སོགས་པའི་ངན་འགྲོ་ལ་ལྟོས་ན་བདེ་འགྲོ་ཙམ་ཐོབ་པ་སྲིད་མཐར་སྣང་ལ། བདེ་འགྲོ་ལ་ལྟོས་ན་དལ་འབྱོར་ཚང་བའི་རྟེན་ཐོབ་པ་འདི་ཉིན་མོའི་སྐར་མ་ལྟ་

༡༢༢

བུར་ཤིན་ཏུ་དཀོན་པའི་ཕྱིར། དེས་ན་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་ཚང་བའི་རྟེན་ལན་ཅིག་ཐོབ་པ་འདི། དོན་མེད་དུ་མི་བཏང་བར་སྙིང་བོ་གཅིག་བླང་བར་བྱའོ། །སྙིང་བོ་ལེན་པའི་ཚུལ་ཡང་བླ་མ་སངས་རྒྱས་འབྲལ་མེད་དུ་བསྟེན་ནས། དེས་བསྟན་པའི་ཐེག་པ་མཆོག་གི་གདམས་པའི་སྙིང་བོ་ཉམས་སུ་བླངས་ཏེ། ཚེ་གཅིག་ཉིད་ལ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་པར་བྱའོ། །དེ་ལྟར་བྱེད་ནུས་པ་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ཡིན་ལ། གཉིས་པ་ཐུན་མཚམས་སུ་དལ་འབྱོར་གྱི་ཆོས་སྐོར་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་བལྟ་བ་སོགས་ནི་སྔར་བཞིན་ནོ། །གཉིས་པ་སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བའོ། །དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ནི། སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཞེས་པ་ཡན་ཆད་སྔར་བཞིན་ཡིན་ལ། དེ་ནས་བདག་དང་མ་སེམས་ཅན་ཐམས་ཅད་འཁོར་བར་སྐྱེས་ནས་ཡུན་རིང་ཕ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་བ་འདི་ཉིད། འཆི་བ་མི་རྟག་པ་མ་བསམས་ཤིང༌། ངན་འགྲོའི་སྡུག་བསྔལ་གྱིས་འཇིགས་ནས་དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་

༡༢༣

མ་སོང་བ་དང༌། ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་ནས། དཀར་ནག་གི་ལས་འབྲས་ལ་བླང་དོར་ཚུལ་བཞིན་མ་བྱས་པས་ལན་པར་འདུག་པས་ད་བདག་དང་མ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཆི་བ་མི་རྟག་དྲན་པ་དང༌། ངན་འགྲོའི་སྡུག་བསྔལ་གྱིས་འཇིགས་ནས་དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་འགྲོ་ཞིང་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་སྐྱེས་ནས་སྡིག་སྤོང་དགེ་བ་ཚུལ་བཞིན་སྒྲུབ་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དེ་དང་དེའི་རྟོགས་པ་ཁྱད་པར་ཅན་སྐྱེ་བ་ལ་གེགས་བྱེད། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་དངོས་གཞི་ལ་བཞི། འཆི་བ་མི་རྟག་པ་བསམ་པ། ངན་འགྲོའི་སྡུག་བསྔལ་བསམ་པ། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་སྦྱང་བ། ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་པའོ། །དང་བོ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་གྱི་རྟེན་འདི་མྱུར་དུ་འཇིག་སྟེ། འཆི་བདག་ངེས་པར་འོངས་ལ། དེ་ཡང་ཕྱི་ནང་གི་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པ་དང༌། ཚེ་ལ་སྣོན་པ་མེད་ཅིང༌། འབྲིང་བྱེད་བར་མ་ཆད་དང་བཅས་པ་དང༌། གསོན་པའི་ཚེ་ཡང་ཆོས་བྱ་ལོངས་མེད་པ་ངེས་པར་འཆི། །འཆི་བར་མ་ཟད་ནམ་འཆི་ལའང་ངེས་པ་མེད་དེ། རང་ཅག་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ་དང༌། འཆི་རྐྱེན་ཤིན་ཏུ་

༡༢༤

མང་ཞིང་གསོན་པའི་རྐྱེན་ཉུང་བ་དང༌། ལུས་ཆུའི་སྦུ་བ་ལྟ་བུར་ཉམས་ཆུང་བས་ནམ་འཆི་ལ་ངེས་པ་མེད། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་ཕན་པ་མེད་དེ། གཉེན་བཤེས་བརྩེ་གདུང་ཇི་ལྟར་ཆེ་བས་མཐའ་བསྐོར་ཀྱང་གཅིག་ཀྱང་ཁྲིད་ས་མེད། ཡིད་དུ་འོང་བའི་ནོར་གྱི་ཕུང་པོ་ཇི་སྙེད་ཅིག་ཡོད་ཀྱང་རྡུལ་ཕྲན་ཙམ་ཡང་ཁྱེར་དུ་མེད། ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་འབྲལ་དགོས་ན་ཚེ་འདིའི་ཕུན་ཚོགས་ལ་ཆགས་པས་ཅི་ཞིག་བྱ། འཆི་བའི་དགྲ་ནི་ངེས་པར་འོང་ཞིང་ནམ་འོང་ལ་ངེས་པ་མེད། དེ་རིང་རང་ཡང་འཆི་ཉེན་ཡོད་པས་འཆི་གྲབས་ཤིག་བྱ་དགོས་པར་འདུག །འཆི་གྲབས་ཀྱང་ཚེ་འདིའི་ཕུན་ཚོགས་ཐམས་ཅད་ལ་མ་ཆགས་པར་ཆོས་རྣམ་དག་ཞིག་ད་ལྟ་ཉིད་དུ་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་ཚང་བའི་རྟེན་འདི་ཡང་མྱུར་དུ་འཇིག་ཅིང༌། ཞིག་པའི་འོག་ཏུ་མེད་དེ་མི་འགྲོ་བར་སྐྱེ་བ་ཞིག་བླང་དགོས་ལ། སྐྱེས་ཡང་ངན་འགྲོ་དང་བདེ་འགྲོ་གཉིས་ལས་མ་འདས་ཤིང༌། གལ་སྟེ་ངན་འགྲོར་སྐྱེས་ན་དམྱལ་བ་པ་རྣམས་ལ་ཚ་གྲང་དང་དེས་མཚོན་པའི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ་དང་དེས་མཚོན་པའི་སྡུག་བསྔལ། དུད་འགྲོ་རྣམས་ལ་གླེན་ཞིང་གཏི་མུག་པ་དང་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་དེ། དེས་ན་འདི་ལྟ་བུའི་ངན་འགྲོའི་སྡུག་བསྔལ་བཟོད་བླག་མི་

༡༢༥

འདུག་པས། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་ཚང་བའི་རྟེན་ཐོབ་པའི་དུས་འདིར། ངན་འགྲོའི་སྡུག་བསྔལ་མཐའ་དག་སྤངས་པའི་བླ་མ་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གསུམ་པ་ན། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བླ་མ་ཡི་དམ་དཀོན་མཆོག་གསུམ་དཔའ་བོ་དཔའ་མོ་ཆོས་སྐྱོང་སྲུང་མའི་ཚོགས་ནམ་མཁའ་གང་བ་སྤྲོས་ཏེ། སྤྱི་བོའི་བླ་མ་ལྷའི་སྐུའི་མཐའ་བསྐོར་དུ་བཞུགས་པའི་སྐྱབས་ཡུལ་གསལ་ལེགས་པར་བཏབ། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ཡོན་ཏན་ཕྲིན་ལས་དྲན་བཞིན་པས། བདག་དང་མ་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་འགྲོའི་འཇིགས་པ་ལས་ད་ལྟ་ཉིད་དུ་བསྐྱབ་ཏུ་གསོལ་སྙམ་པའི་འདུན་པ་དང་ལྡན་པས། བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། ཞེས་པའི་སྐྱབས་འགྲོ་ལན་བརྒྱ་སྟོང་ཁྲི་འབུམ་སོགས་བྱ་ཞིང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ཤེས་པའི་སྒོ་ནས་སྐྱབས་འགྲོའི་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །བཞི་པ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། རྒྱལ་བའི་གསུང་རབ་ལས། རྒྱུ་དགེ་བ་སྤྱད་པ་ལ་བརྟེན་ནས་འབྲས་བུ་བདེ་བ་ཁོ་ན་འབྱུང་ཞིང་སྡུག་བསྔལ་མི་འབྱུང༌། རྒྱུ་མི་དགེ་བ་སྤྱད་པ་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་ཁོ་ན་འབྱུང་ཞིང་བདེ་བ་མི་འབྱུང་རྒྱུ་དགེ་སྡིག་གཉིས་

༡༢༦

ཆུང་ངུ་ལས་མ་སྤྱད་ཀྱང༌། གེགས་བྱེད་དང་མ་ཕྲད་ན་འབྲས་བུ་ཤིན་ཏུ་ཆེ་བ་འབྱུང༌། རྒྱུ་དགེ་སྡིག་གཉིས་མ་སྦྱང་ན་འབྲས་བུ་བདེ་སྡུག་མྱོང་བ་མེད་ཅིང་རྒྱུ་དགེ་སྡིག་གཉིས་སྤྱད་པ་གེགས་བྱེད་དང་མ་ཕྲད་ན། ལས་བྱས་པ་ཆུད་མི་ཟ་བས་འབྲས་བུ་བདེ་སྡུག་གཉིས་ངེས་པར་འབྱིན། དེ་ཡང་ཞིང་དང༌། བསམ་པ་དང༌། དངོས་པོ་དང་རྟེན་གྱི་སྒོ་ནས་སྟོབས་ཆེ་བར་གསུངས་པ་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་ནས། དགེ་བ་བཅུ་ལ་སོགས་པའི་དགེ་བ་ཕྲ་མོ་ནས་བསྒྲུབ་ཅིང༌། མི་དགེ་བ་བཅུ་ལ་སོགས་པའི་མི་དགེ་བ་ཕྲ་མོས་ཀྱང་སྒོ་གསུམ་ལ་མ་གོས་པའི་བླང་དོར་ལ་འབད་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །དེ་ལྟར་འབད་ཀྱང་གཉེན་པོ་སྟོབས་ཆུང༌། ཉོན་མོང་སྟོབས་ཆེ་བས་མི་དགེ་བས་གོས་ན་སྟོབས་བཞིའི་བཤགས་སྡོམ་ལ་འབད་པར་བྱའོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ཡིན་ལ། །གཉིས་པ་ཐུན་མཚམས་སུ་ཡང་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ཆོས་སྐོར་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་བལྟ་བ་སོག་སྔར་བཞིན་ནོ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་བཤད་ཟིན་ཏོ། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་ལ་གཉིས། ཐར་པ་དོན་གཉེར་གྱི་བློ་བསྐྱེད་པ་དང༌། ཐར་པ་འགྲོ་བའི་ལམ་གྱི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། སྐྱབས་

༡༢༧

གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། ཞེས་པ་ཡན་ཆད་སྔར་བཞིན་ཡིན་ལ། དེ་ནས་བདག་དང་མ་སེམས་ཅན་ཐམས་ཅད་འཁོར་བར་སྐྱེས་ནས་ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་ཞིག་མྱོང་བ་འདི། །འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་དེ་ལས་ཐར་འདོད་ཀྱི་བློ་ཤུགས་དྲག་མ་སྐྱེས་པས་ལན་བར་འདུག་པས་ད་བདག་དང་མ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཏུ་ཤེས་ནས་དེ་ལས་ཐར་འདོད་ཀྱི་བློ་ཤུགས་དྲག་སྐྱེ་བར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་ནས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་དེ་ལས་ཐར་འདོད་ཀྱི་བློ་ཤུགས་དྲག་སྐྱེ་བ་ལ་གེགས་བྱེད། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་དེ་ལས་ཐར་འདོད་ཀྱི་བློ་ཤུགས་དྲག་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གཉིས། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་དང༌། སོ་སོའི་སྡུག་བསྔལ་བསམ་པའོ། །དང་པོ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། བདག་གིས་མི་དགེ་བཅུ་སྤོང་བའི་ཚུལ་ཁྲིམས་ལ་ཚུལ་བཞིན་དུ་བསླབ་པས། ངན་འགྲོའི་སྡུག་བསྔལ་ལས་འདས་པའི་བདེ་འགྲོའི་གོ་འཕང་ཞིག་ཐོབ་ཀྱང༌། སྡུག་བསྔལ་རྩ་བ་ནས་སྤངས་པའི་ཐར་པ་ཞིག་མ་ཐོབ་ན་བདེ་བའི་སྐབས་སྐད་ཅིག་ཀྱང་མི་འདུག་སྟེ། དཔེར་ན་མི་ནག་ཅན་ཞིག་ཟླ་བ་

༡༢༨

གཅིག་ནས་གསོད་པར་ངེས་ལ། དེའི་བར་དུ་ཡང་ཉི་མ་རེ་རེ་བཞིན་ཁྲིམས་ཀྱི་ལ་ཐིགས་དང༌། དབྱུག་པས་བསྣུན་པ་སོགས་ཀྱི་སྡུག་བསྔལ་དྲག་པོ་མྱོང་བ་ལ། འགའ་ཞིག་གིས་ངོ་ཆེན་སོགས་ཀྱིས་ད་ལྟ་དབྱུག་པས་བསྣུན་པའི་སྡུག་བསྔལ་མེད་ཀྱང་དེ་ནི་ཉི་མ་རེ་རེ་བཞིན་གསོད་པའི་སྡུག་བསྔལ་ལ་ཇེ་ཉེར་འགྲོ་བས་བདེ་བའི་བློ་ཅུང་ཟད་ཀྱང་མེད་པ་བཞིན་དུ། སྡུག་བསྔལ་རྩ་བ་ནས་སྤངས་པའི་ཐར་བ་མ་ཐོབ་ཕྱིན། བདེ་འགྲོའི་གོ་འཕང་ཅི་འདྲ་ཞིག་ཐོབ་ཀྱང་སར་བྱས་ཀྱི་ལས་བཟང་པོའི་འཕེན་པ་ཟད་ནས་ངན་སོང་གསུམ་དུ་ལྟུང་སྟེ། ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་དགོས་པར་འདུག །གཞན་ཡང་འཁོར་བ་འདིར་ལས་ཉོན་གྱི་དབང་གིས་སྐྱེ་བ་ཞིག་བླངས་ཕྱིན་ཆད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། དགྲ་གཉེན་དུ་འགྱུར་བ་དང༌། གཉེན་ཡང་དགྲར་འགྱུར་བས་ཕན་གནོད་བྱེད་པ་ལ་ཡིད་བརྟེན་ནི་མེད། འཁོར་བའི་བདེ་བ་ཅི་ཙམ་སྤྱད་ཀྱང་ངོམས་པའི་མཐའ་མེད་པར་མ་ཟད་ཆགས་པ་རྒྱས་པར་བྱས་ཏེ་སྡུག་བསྔལ་མི་བཟད་པ་དུ་མ་ནི་འདྲེན་པར་བྱེད། ལུས་བཟང་པོ་ཅི་ཙམ་ཐོབ་ཀྱང་ཡང་དང་ཡང་དུ་འདོར་དགོས་པས་ལུས་ཐོབ་པ་ལ་ཡིད་བརྟེན་ནི་མེད། ཐོག་མ་མེད་པ་ནས་ཡང་དང་ཡང་དུ་ཉིང་མཚམས་སྦྱར་བས་སྐྱེ་བའི་མཐའ་མངོན་པ་ནི་མེད། འཁོར་བའི་ཕུན་ཚོགས་ཇི་ཙམ་ཐོབ་ཀྱང་མཐར་ངེས་པར་འདོར་དགོས་པས་ཕུན་ཚོགས་ཐོབ་པ་ལ་ཡིད་བརྟེན་ནི་མེད། རང་ཉིད་གཅིག་པུར་གྲོགས་མེད་པར་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་པས་གྲོགས་ལ་ཡིད་བརྟེན་ནི་མེད། དེས་ན་བདག་གིས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་ཐོབ་པའི་དུས་འདིར། འཁོར་བའི་སྡུག་བསྔལ་མཐའ་དག་སྤངས་པའི་བླ་མ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་

༡༢༩

བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པ་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་འཁོར་བ་སོ་སོའི་སྡུག་བསྔལ་བསམ་པ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། ཉེར་ལེན་གྱི་ཕུང་པོ་ཞིག་གྲུབ་ཕྱིན་ཆད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། ངན་སོང་གསུམ་ལྟ་སྨོས་ཀྱང་ཅི་དགོས། མིའི་ཉེར་ལེན་གྱི་ཕུང་བོ་གྲུབ་པ་ལ་བརྟེན་ནས། བཀྲེས་སྐོམ་དང༌། ཚོལ་ཁྲོ་དང༌། གཉེན་སྡུག་པ་དང་བྲལ་བ་དང༌། དགྲ་མི་སྡུག་པ་དང་ཕྲད་པ་དང༌། འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་ཅིང༌། མི་འདོད་པའི་དངོས་པོ་ཐོག་ཏུ་བབས་པ་དང༌། སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་མྱོང༌། ལྷ་མ་ཡིན་གྱི་ཉེར་ལེན་གྱི་ཕུང་པོ་སྒྲུབ་པ་ལ་བརྟེན་ནས། ལྷའི་དཔལ་འབྱོར་མི་བཟོད་པའི་ཕྲག་དོག་གིས་ཡིད་གདུང་བའི་སྡུག་བསྔལ་དང༌། དེ་ལ་བརྟེན་ནས་ལུས་ཐོག་ཏུ་བབས་པའི་སྡུག་བསྔལ་མྱོང༌། །འདོད་ལྷའི་ཉེར་ལེན་གྱི་ཕུང་བོ་གྲུབ་པ་ལ་བརྟེན་ནས་ལྷ་མ་ཡིན་རྣམས་དང་འཐབ་པ་ན་ཡན་ལག་བཅད་པ་དང༌། ལུས་འདྲལ་བ་དང༌། གསོད་པ་སོགས་ཀྱི་སྡུག་བསྔལ་དང༌། མི་འདོད་བཞིན་དུ་འཆི་ལྟས་ལྔ་ཕོག་སྟེ། ལྷའི་དཔལ་འབྱོར་དང་བྲལ་ནས། ངན་སོང་གི་སྡུག་བསྔལ་མྱོང་དགོས་པར་ཤེས་པའི་སྡུག་བསྔལ་དང༌། ཁམས་གོང་མ་གཉིས་ཀྱི་ཉེར་ལེན་གྱི་ཕུང་པོ་གྲུབ་ཀྱང་གནས་པས་རང་དབང་མ་ཐོབ་པས། སྔར་གྱི་ལས་བཟང་པོའི་འཕེན་པ་ཟད་ནས་ངན་སོང་དུ་ལྟུང་བའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད། མདོར་ན་ཉེར་ལེན་གྱི་ཕུང་པོ་འདིས་ཚེ་འདིའི་སྐྱེ་རྒ་ན་འཆི་སོགས་ཀྱི་རྟེན་བྱེད་ཅིང༌། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གཉིས་འདི་ཕྱི་གཉིས་ཀར་འདྲེན་པ་བྱེད། ཉེར་ལེན་གྱི་ཕུང་བོ་རང་གྲུབ་ཙམ་ནས་ལས་

༡༣༠

ཉོན་གྱི་གཞན་དབང་ཅན་གྱི་འདུ་བྱེད་ཀྱི་ཕུང་བོའི་རང་བཞིན་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡན་ཉེར་ལེན་གྱི་ཕུང་པོའི་རང་བཞིན་ཅན་གྱི་འཁོར་བ་ལས་གྲོལ་བའི་བླ་མ་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ཡིན་ལ། གཉིས་པ་ཐུན་མཚམས་སུ་ཡང་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཅན་དུ་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལྟ་བ་སོགས་ནི་སྔར་བཞིན་ནོ། །གཉིས་པ་ཐར་བར་འགྲོ་བའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་བོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་བོ་སྦྱོར་བ་ནི། སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། ཞེས་པ་ཡན་ཆད་སྔར་བཞིན་ཡིན་ལ། དེ་ནས་བདག་དང་མ་སེམས་ཅན་ཐམས་ཅད་འཁོར་བར་སྐྱེས་ནས་ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་བ་འདི་ཐར་པ་དོན་གཉེར་གྱི་བློ་བསྐྱེད་ནས་ལམ་བསླབ་པ་གསུམ་ལ་ཚུལ་བཞིན་མ་བསླབས་པས་ལན་པར་འདུག་པས། ད་བདག་དང་མ་སེམས་ཅན་ཐམས་ཅད་ཀྱིས་ཐར་བ་དོན་གཉེར་གྱི་བློ་བསྐྱེད་ནས་ལམ་བསླབ་པ་གསུམ་ལ་ཚུལ་བཞིན་སློབ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་

༡༣༡

ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་ཐར་པ་དོན་གཉེར་གྱི་བློ་བསྐྱེད་ནས་ལམ་བསླབ་པ་གསུམ་ལ་ཚུལ་བཞིན་དུ་སློབ་པ་ལ་གེགས་བྱེད། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་ཐར་བ་དོན་གཉེར་གྱི་བློ་བསྐྱེད་ནས་ལམ་བསླབ་པ་གསུམ་ལ་ཚུལ་བཞིན་སློབ་པའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་དངོས་གཞི་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། ཤེས་པ་ཁོ་རང་གི་ངོས་ནས་ལུང་མ་བསྟན་ཡིན་པ་ལ། དང་པོར་བདག་དང་བདག་གི་བ་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པའི་བློ་སྐྱེ། དེས་བདག་ཏུ་བཟུང་བ་ལ་བརྟེན་ནས། རང་ཕྱོགས་ལ་ཆགས་པ་དང༌། གཞན་ཕྱོགས་ལ་སྡང་བ་དང༌། གཞན་ལས་མཆོག་འཛིན་གྱི་ང་རྒྱལ་ལ་སོགས་པའི་ལྟ་ལོག་རྣམས་སྐྱེ། དེ་ལ་བརྟེན་ནས་བདག་མེད་པ་སྟོན་པའི་སྟོན་པ་དང༌། དེས་བསྟན་པའི་ལས་འབྲས་དང༌། བདེན་བཞི་དང༌། དཀོན་མཆོག་གསུམ་སོགས་མེད་པར་འཛིན་པའི་ལོག་ལྟ་དང་ཐེ་ཚོམ་རྣམས་སྐྱེ། དེ་ལ་བརྟེན་ནས་ཉོན་མོངས་པ་གཞན་རྣམས་རྒྱས། དེའི་དབང་གིས་ལས་བསགས་ནས། འཁོར་བར་མི་འདོད་བཞིན་དུ་སྡུག་བསྔལ་སྣ་ཚོགས་མྱོང་བ་འདི་བྱུང་འདུག །དེས་ན་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་མཐར་གཏུགས་ན་མ་རིག་པར་འདུག་པས། འཁོར་བའི་སྡུག་བསྔལ་ཐམས་ཅད་རྩ་བ་ནས་སྤངས་པའི་བླ་མ་སངས་རྒྱས་ཀྱི་གོ་འཕང་ཞིག་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་བསླབ་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །ཁྱད་པར་བསྲུངས་ན་ཕན་ཡོན་ཆེ་ཞིང་མ་བསྲུང་ན་ཉེས་དམིགས་ཤིན་ཏུ་ཆེ་བར་འདུག་པས། བདག་གིས་ཇི་ལྟར་ཁས་བླངས་པའི་ཚུལ་ཁྲིམས་

༡༣༢

སྲོག་གི་ཕྱིར་ཡང་མི་བཏང་བར་ཚུལ་བཞིན་དུ་བསྲུང་བར་བྱའོ། །དེ་ཡང་མི་ཤེས་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས་དེའི་གཉེན་པོར་བསླབ་བྱ་རྣམས་ཉན་ནས་ཤེས་པར་བྱ། མ་གུས་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། དེའི་གཉེན་པོར་སྟོན་པ་དང༌། དེས་བཅས་པའི་བསླབ་པ་དང༌། བསླབ་པ་དེ་ལ་ཚུལ་བཞིན་དུ་སློབ་པའི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གུས་པར་བྱ། བག་མེད་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས་དེའི་གཉེན་པོར་དྲན་ཤེས་ངོ་ཚ་ཁྲེལ་ཡོད་པ་སྐྱེས་ནས་བག་དང་ལྡན་པར་བྱ། ཉོན་མོངས་པ་མང་བ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང༌། ཞེ་སྡང་གི་གཉེན་པོར་བྱམས་པ་དང༌། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་བར་འབྱུང་བ་སོགས་བསྒོམས་ནས། ཉེས་པ་རྣམས་ཀྱིས་མ་གོས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དེ་དང་དེའི་གེགས་བྱེད་སྦྱངས། དེ་དང་དེའི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ཡིན་ལ། གཉིས་པ་ཐུན་མཚམས་སུ་སོ་སོར་ཐར་བའི་དབང་དུ་བྱས་པའི་བསླབ་བྱ་རྣམས་བལྟ་བ་སོགས་ནི་སྔར་བཞིན་ནོ། །སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་བཤད་ཟིན་ཏོ། །གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་གཉིས། བྱང་ཆུབ་ཏུ་སེམས་བསྐྱེད་ཚུལ་དང༌། སེམས་བསྐྱེད་ནས་སྤྱོད་པ་ལ་བསླབ་ཚུལ་ལོ། །དང་བོ་ལ་གཉིས། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དངོས་དང༌། སེམས་བསྐྱེད་ཆོ་གས་བཟུང་བའི་ཚུལ་ལོ། །དང་བོ་ལ་གཉིས། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་

༡༣༣

བྱང་ཆུབ་ཏུ་སེམས་བསྐྱེད་ཚུལ་དང༌། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཚུལ་ལོ། །དང་པོ་ནི། སྔོན་དུ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་བསྒྲུབས་ཏེ། མར་ཤེས་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་བསྒོམ་པ་ཡིན་པས་འདི་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། ཞེས་པ་ཡན་ཆད་སྔར་བཞིན་ཡིན་ལ། བདག་དང་མ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ། སེམས་ཅན་ཐམས་ཅད་ལ་ཉེ་རིང་ཆག་སྡང་དང་བྲལ་བའི་སེམས་སྙོམས་པ་དང་མར་ཤེས་དྲིན་དྲན་དྲིན་གཟོ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། ཐོགས་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་སྙོམས་པ་སོགས་སྐྱེ་བ་ལ་གེགས་བྱེད། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་ཏུ་གྱུར། ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་སྙོམས་པ་སོགས་ཀྱི་རྟོགས་པ་ཁྱད་པར་ཅན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་མོ། །གཉིས་པ་དངོས་གཞི་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས། ཕན་གནོད་གང་ཡང་མ་བྱས་པའི་བར་མའི་སེམས་ཅན་གཅིག་མདུན་དུ་གསལ་བར་དམིགས་ནས། །འདིའི་ངོས་ནས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་བས་རེས་འགའ་ནི་ཉེ་བར་

༡༣༤

བཟུང་ནས་ཕན་འདོགས་པ་དང༌། རེས་འགའ་ནི་རིང་བར་བཟུང་ནས་གནོད་པ་སྐྱེལ་བའི་ཆ་གཉིས་མི་བྱ་བར་ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་སྙོམས་པ་ཞིག་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ལ་སེམས་སྙོམས་པ་ན་ཡིད་དུ་འོང་ངེས་ཤེས་པའི་སེམས་ཅན་གཅིག་མདུན་དུ་གསལ་བར་དམིགས་ནས་སེམས་སྙོམས་པ་སྒོམ་པར་བྱེད། དེ་ལ་སེམས་མི་སྙོམས་པ་ནི་ཆགས་པའི་དབང་གིས་ཡིན་པར་འདུག །སྔར་ཡང་ཡིད་དུ་འོང་བ་ལ་སྲེད་པས་ཀ་འཁོར་བར་སྐྱེས་པ་ཡིན་སྙམ་དུ་སྲེད་པ་བཀག་ནས་སྒོམ་པར་བྱེད། དེ་ལ་སེམས་སྙོམས་པ་ན་ཡིད་དུ་མི་འོང་ངེས་ཤེས་པའི་སེམས་ཅན་གཅིག་མདུན་དུ་གསལ་བར་དམིགས་ནས་སེམས་སྙོམས་པ་སྒོམ་པར་བྱེད། དེ་ལ་སེམས་མི་སྙོམས་པ་ནི་རང་གི་བློས་མཐའ་གཅིག་ཏུ་མི་མཐུན་པར་བཟུང་བས་ཞེ་སྡང་སྐྱེས་པ་ཡིན། དེ་ལ་སེམས་མ་སྙོམས་ན་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གནས་མེད་སྙམ་དུ་ཞེ་སྡང་བཀག་ནས་སྒོམ་པར་བྱེད། དེ་ལ་སེམས་སྙོམས་པ་ན་མ་ལྟ་བུའི་ཆེས་ཡིད་དུ་འོང་བའི་སེམས་ཅན་གཅིག་དང་དགྲ་ལྟ་བུའི་ཆེས་ཡིད་དུ་མི་འོང་བའི་སེམས་ཅན་གཅིག་སྟེ་གཉིས་མདུན་དུ་གསལ་བར་དམིགས་ནས། འདི་གཉིས་ཀྱི་ངོས་ནས་བདེ་བ་འདོད་ཅིང༌། སྡུག་བསྔལ་མི་འདོད་པར་མཚུངས་ལ། རང་གི་ངོས་ནས་ནི་ད་ལྟ་གཉེན་དུ་བཟུང་བ་འདིས་ཀྱང་འཁོར་བ་ཐོག་མ་མེད་པ་ནས་དགྲའི་གཙོ་བོ་བྱས་པ་ལ་གྲངས་ཀྱིས་མི་ཆོད། ད་ལྟ་དགྲར་བཟུང་བ་འདིས་ཀྱང་འཁོར་བ་ཐོག་མ་མེད་པ་ནས་མ་བྱས་ཏེ་བརྩེ་བས་བསྐྱངས་པ་ལ་གྲངས་ཀྱིས་མི་ཆོད་པས། གང་ལ་ནི་ཆགས་པར་བྱ། གང་ལ་ནི་སྡང་བར་བྱ། ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་སྙོམས་པ་ཞིག་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ལ་སེམས་སྙོམས་པ་ན་སེམས་ཅན་ཐམས་ཅད་ལ་

༡༣༥

སེམས་སྙོམས་པ་སྒོམ་པར་བྱེད། དེའི་ཚུལ་ནི་སེམས་ཅན་ཐམས་ཅད་ཀྱི་ངོས་ནས་བདེ་བ་འདོད་ཅིང༌། སྡུག་བསྔལ་མི་འདོད་པར་མཚུངས། རང་གི་ངོས་ནས་ནི་སེམས་ཅན་ཐམས་ཅད་གཉེན་ཡིན་པས་འགའ་ཞིག་ལ་ཉེ་བར་བཟུང་ནས་ཕན་འདོགས་པ་དང༌། འགའ་ཞིག་ལ་རིང་བར་བཟུང་ནས་གནོད་པ་སྐྱེལ་བའི་ཆ་གཉིས་མི་བྱ་བར་ཉེ་རིང་ཆགས་སྡང་དང་བྲལ་བའི་སེམས་སྙོམས་པ་ཞིག་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སོགས་དང༌། དེ་རྗེས་མར་ཤེས་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་སྒོམ་ཚུལ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། འོ་ན་སེམས་ཅན་ཐམས་ཅད་བདག་གི་གཉེན་ཡིན་པའི་རྒྱུ་མཚན་ཇི་ལྟར་ཡིན་ཞེན་འཁོར་བ་ལ་ཐོག་མ་མེད་པས་བདག་གིས་སྐྱེ་བ་ལ་ཡང་ཐོག་མ་མེད་ཅིང༌། སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཡུལ་ཕྱོགས་དང་ས་ཕྱོགས་འདིར་མ་སྐྱེས་བྱ་བ་གཅིག་ཀྱང་མེད། སྐྱེས་པ་ལ་གྲངས་ཀྱིས་མི་ཆོད། སེམས་ཅན་འདིའི་ལུས་མ་བླངས་བྱ་བ་གཅིག་ཀྱང་མེད། བླངས་པ་ལ་གྲངས་ཀྱིས་མི་ཆོད། སེམས་ཅན་འདིས་བདག་གི་མ་མ་བྱས་བྱ་བ་གཅིག་ཀྱང་མེད། བྱས་པ་ལ་གྲངས་ཀྱིས་མི་ཆོད། སེམས་ཅན་རེ་རེ་ནས་ཀྱང་མིའི་རྟེན་ལ་བདག་གིས་མ་མ་བྱས་བྱ་བ་གཅིག་ཀྱང་མེད། བྱས་པ་ལ་གྲངས་ཀྱིས་མི་ཆོད་ཅིང་ད་དུང་ཡང་བྱེད་པར་འགྱུར། དེས་ན་དྲིན་གྱིས་བསྐྱངས་པའི་མ་ཅིས་ཀྱང་ཡིན་སྙམ་དུ་བསམ་མོ། །འོ་ན་སེམས་ཅན་ལ་གྲངས་མེད་པས་སེམས་ཅན་ཐམས་ཅད་བདག་གི་མ་མ་ཡིན་ནོ་སྙམ་ན་སེམས་ཅན་ལ་གྲངས་མེད་པས་བདག་གི་མ་མ་ཡིན་པར་མི་འགྱུར་ཏེ། སེམས་ཅན་ལ་གྲངས་མེད་པ་བཞིན་དུ་བདག་གི་སྐྱེ་བ་ལ་ཡང་གྲངས་མེད་པས་སེམས་ཅན་ཐམས་ཅད་བདག་གི་མ་ཡིན་སྙམ་དུ་བསམ། གལ་ཏེ་བདག་དང་སེམས་ཅན་ཐམས་ཅད་ཕན་ཚུན་ངོ་མི་

༡༣༦

ཤེས་པས་བདག་གི་མ་མ་ཡིན་ནོ་སྙམ་ན། བདག་དང་སེམས་ཅན་ཐམས་ཅད་ཕན་ཚུན་ངོ་མི་ཤེས་པས་བདག་གི་མ་མ་ཡིན་པར་མི་འགྱུར་ཏེ། ཚེ་འདིར་ཡང་མ་བུ་ཕན་ཚུན་ངོ་མི་ཤེས་པ་དུ་མ་འདུག་པས་སོ་སྙམ་དུ་བསམ། གཞན་ཡང་སེམས་ཅན་ཐམས་ཅད་བདག་གི་ཚེ་རབས་སྔ་མའི་མ་ཡིན་ཀྱང་འདས་ཟིན་པས་མ་ཡིན་པ་མི་འཐད་དོ་སྙམ་ན། འོ་ན་ཁ་སང་གི་དུས་ཀྱི་མ་དེ་དེ་རིང་གི་དུས་སུ་འདས་ཟིན་པས་མ་མ་ཡིན་པར་འགྱུར་ཏེ། དེས་ན་ཁ་སང་གི་དུས་ཀྱི་མ་དང་དེ་རིང་གི་དུས་ཀྱི་མ་གཉིས་མ་ཡིན་པ་ལ་ཡང་ཁྱད་པར་མེད། དྲིན་གྱིས་བསྐྱངས་པ་ལ་ཡང་ཁྱད་པར་མེད་པ་བཞིན་དུ། ཚེ་རབས་སྔ་མའི་མ་དང་ཚེ་འདིའི་མ་གཉིས་ཀྱང་མ་ཡིན་པ་ལ་ཡང་ཁྱད་པར་མེད། དྲིན་གྱིས་བསྐྱངས་པ་ལ་ཡང་ཁྱད་པར་མེད་པས་སེམས་ཅན་ཐམས་ཅད་བདག་གི་མ་ཅིས་ཀྱང་ཡིན་སྙམ་དུ་བསམ། དེ་ལ་མྱོང་བ་ཐོན་པ་ན་དྲིན་བསམ་པ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་རང་གི་ཚེ་འདིའི་མ་གཞོན་པའི་གནས་སྐབས་མ་ཡིན་པ་རྒན་པའི་གནས་སྐབས་ཀྱི་རྣམ་པ་གསལ་བ་གཅིག་མདུན་དུ་བསྒོམས་ནས་འདི་ལྟར་བསམ་སྟེ། བདག་གི་མ་འདིས་ཚེ་འདི་ཁོ་ནར་མ་ཟད་ཚེ་རབས་ཐོག་མ་མེད་པ་ནས་བདག་གི་མ་བགྲང་ལས་འདས་པ་བྱེད་བྱེད་པ་གཅིག་ཡིན་ཁྱད་པར་ཚེ་འདིར་ཡང་དང་པོར་མངལ་དུ་བརྩེ་བས་བསྐྱངས། བཙས་པའི་ཚེ་འཇམ་པའི་སྟན་ལ་བཞག །སོར་མོ་བཅུའི་རྩེ་ལ་གཡེང༌། ཤའི་དྲོད་ལ་སྦྱར། བརྩེ་བའི་འཛུམ་གྱིས་བསུས། དགའ་བའི་མིག་གིས་བལྟས། སྣབས་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས། མ་རང་སྲོག་ལ་བབས་པ་ལྟ་བུའི་སྡུག་བསྔལ་བྱུང་བ་ལས། བདག་ཅུང་ཟད་ན་བ་ལ་སྡུག་བསྔལ་ཆེ་བར་བྱས། སྡིག་སྡུག་གཏམ་ངན་རང་སྲོག་ལའང་མ་བལྟས་པ་ཤ་ཐང་ཐང་དུ་བསྒྲུབས་པའི་ཟས་ནོར་ཐམས་ཅད་བདག་ལ་བརྩེ་བས་ཕོག །མ་རང་གི་འབྱོར་འཁོས་དང་བསྟུན་པའི་

༡༣༧

ཕན་པ་དང་བདེ་བ་ཚད་མེད་པ་བསྒྲུབས། གནོད་པ་དང་སྡུག་བསྔལ་ཚད་མེད་པ་ལས་བསྐྱབས་པས་དྲིན་ཤིན་ཏུ་ཆེ་སྙམ་དུ་བསམ། དེ་ལ་མྱོང་བ་ཐོན་པ་ན་ཕ་ལ་སོགས་པའི་གཉེན་གཞན་རྣམས་ལ་སྒོམ། །དེའི་ཚུལ་ནི་ཕ་ལ་སོགས་པའི་རྣམ་པ་གསལ་བར་དམིགས་ནས། འདིས་ཚེ་རབས་ཐོག་མ་མེད་པ་ནས་བདག་གི་མ་བྱས་པ་བགྲང་ལས་འདས་ཤིང༌། མ་ནམ་བྱས་པའི་ཚེ་ཚེ་འདིའི་མས་ཇི་ལྟར་དྲིན་གྱིས་བསྐྱངས་པ་བཞིན་ཏུ་དྲིན་གྱིས་བསྐྱངས་པས་དྲིན་ཤིན་ཏུ་ཆེ་སྙམ་དུ་བསམ། དེ་ལ་མྱོང་བ་ཐོན་པ་ན་བར་མའི་སེམས་ཅན་ཐམས་ཅད་ལ་བསྒོམ། །དེའི་ཚུལ་ནི་བར་མའི་སེམས་ཅན་རྣམས་མདུན་དུ་གསལ་བར་དམིགས་ནས། ད་ལྟ་བདག་དང་འདི་རྣམས་གང་ཡང་འབྲེལ་མེད་འདྲ་འདྲ་ཞིག་འདུག་མོད། འདི་རྣམས་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་བདག་གི་མ་བྱས་པ་བགྲང་ལས་འདས་ཤིང༌། མ་ནམ་བྱས་པའི་ཚེ་ཚེ་འདིའི་མས་ཇི་ལྟར་དྲིན་གྱིས་བསྐྱངས་པ་བཞིན་དུ་དྲིན་གྱིས་བསྐྱངས་པས་དྲིན་ཤིན་ཏུ་ཆེ་སྙམ་དུ་བསམ། དེ་ལ་མྱོང་བ་ཐོན་པ་ན་དགྲ་ལ་བསྒོམ། དེའི་ཚུལ་ནི་དགྲའི་རྣམ་པ་མདུན་དུ་གསལ་པ་ལ་དམིགས་ནས། ད་ལྟ་འདི་དགྲར་བཟུང་བས་ཅི་ཞིག་བྱ། འདིས་ཚེ་རབས་ཐོག་མ་མེད་པ་ནས་བདག་གི་མ་བྱས་པ་བགྲང་ལས་འདས་ཤིང༌། མ་ནམ་བྱས་པའི་ཚེ་ཕན་པ་དང་བདེ་བ་ཚད་མེད་པར་བསྒྲུབས། གནོད་པ་དང་སྡུག་བསྔལ་ཚད་མེད་པ་ལས་བསྐྱབས། ཁྱད་པར་བདག་གིས་འདི་མེད་ན་ཅུང་ཟད་ཀྱང་སྡོད་མི་ཚུགས་པ་དང༌། འདིས་ཀྱང་བདག་མེད་ན་ཅུང་ཟད་ཀྱང་སྡོད་མི་ཚུགས་པ་ལྟ་བུའི་ཡིད་བཅུགས་པ་བགྲང་ལས་འདས་པ་བྱས། ད་ལྟ་གནས་སྐབས་འདི་འདྲར་གྱུར་པ་ལས་ངན་པའི་དབང་གིས་ཡིན་འདུག །གཞན་དུ་ན་དྲིན་གྱིས་བསྐྱངས་པའི་མ་ཤ་སྟག་ཡིན་སྙམ་དུ་བསམ། དེ་ལ་མྱོང་བ་ཐོན་པ་ན་སེམས་ཅན་ཐམས་

༡༣༨

ཅད་ཀྱི་དྲིན་བསམ་མོ། །དེ་ལྟར་དྲིན་བསམས་ནས་དྲིན་གཟོ་སྒོམ་ཚུལ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངས་པའི་མ་རྣམས་ཉོན་མོངས་པའི་གདོན་གྱིས་སེམས་དཀྲུགས་པས་ན་ཤེས་པ་ལ་རང་དབང་མ་ཐོབ་པར་སྨྱོ། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལྟ་བའི་མིག་དང་ནི་བྲལ། དགེ་བའི་བཤེས་གཉེན་གྱི་ལོང་ཁྲིད་ནི་མེད། སྐད་ཅིག་རེ་རེར་ཉེས་སྤྱོད་ཀྱིས་དབྱེ་ན་སྤྱོད་པས་ནི་བརྡེག་འཆའ། །སྤྱིར་འཁོར་བ་དང་ཁྱད་པར་ངན་འགྲོ་འཇིགས་སུ་རུང་བའི་གཡང་ས་འགྲིམ་པ་རྣམས་ཡལ་བར་དོར་ན་ཁྲེལ་ཤིན་ཏུ་ཆེ་བས་བདག་གིས་དྲིན་ལན་དུ་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་ཐར་བའི་བདེ་བ་ལ་དགོད་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ནས་བྱམས་པ་སྒོམ་ཚུལ་ནི། རང་གི་མ་ལྟ་བུ་ཡིད་དུ་གང་གཅགས་པ་ཅིག་ལ་དམིགས་ནས། འདི་ལ་ཟག་མེད་ཀྱི་བདེ་བ་ག་ལ་ཡོད། ཟག་བཅས་ཀྱི་བདེ་བ་ཙམ་ཡང་མི་འདུག །ད་ལྟ་བདེ་བར་རློམས་པ་འདི་དག་སྡུག་བསྔལ་དུ་འགྱུར་ནས་འགྲོ། བདེ་བ་ཞིག་འདོད་ན་འབད་འབད་དུང་དུང་བྱས་ཀྱང་ཕྱི་མར་ངན་སོང་གི་སྡུག་བསྔལ་གྱི་རྒྱུ་བྱེད། ཚེ་འདིར་ཡང་ངལ་ཞིང་དུབ་པས་སྡུག་བསྔལ་བར་བྱེད་པ་མ་གཏོགས། ཡང་དག་པའི་བདེ་བ་ཞིག་གཏན་ནས་མི་འདུག །དེས་ན་འདི་ཉིད་བདེ་བ་དང་བདེ་བའི་རྒྱུ་ཐམས་ཅད་དང་ལྡན་ན་ཅི་མ་རུང༌། བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ལ་མྱོང་བ་ཐོན་པ་ན་ཕ་ལ་སོགས་པའི་གཉེན་གཞན་རྣམས་དང༌། བར་མའི་སེམས་ཅན་རྣམས་དང༌། དགྲ་རྣམས་དང༌། མཐར་སེམས་ཅན་ཐམས་ཅད་ལ་དམིགས་ནས་སྔར་བཞིན་བསྒོམ།

༡༣༩

དེ་ནས་སྙིང་རྗེ་སྒོམ་ཚུལ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས། ཐོག་མར་བཤན་པས་གསོད་བཞིན་པའི་ལུག་ལྟ་བུའི་སྡུག་བསྔལ་གྱིས་ཉམ་ཐག་པའི་འགྲོ་བ་རྣམས་ལ་བསྒོམ། དེའི་ཚུལ་ནི་མདུན་དུ་དེའི་རྣམ་པ་གསལ་བར་དམིགས་ནས། ཡན་ལག་རྣམས་ནི་བཅིངས། བྲང་གི་པགས་པ་ནི་བཤགས། བཤན་པའི་ལག་པ་ཁོང་བར་བཅུག་པས་སྲོག་ལ་འབབས་པ་ནི་མངོན་སུམ་དུ་ཤེས། མིག་བཤན་པའི་གདོང་ལ་རིག་རིག་ཏུ་བལྟ་ཞིང༌། སྡུག་བསྔལ་གྱིས་ཉམ་ཐག་པའི་ཚུལ་བསམས་ནས། དེས་ན་འདི་ཉིད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་ན་ཅི་མ་རུང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ལ་མྱོང་བ་ཐོན་པ་ན་དགེ་འདུན་གྱི་དཀོར་ལ་བག་མེད་དུ་སྤྱོད་པ་དང༌། ཚུལ་འཆལ་དང༌། ཆོས་སྤོང་མཁན་དང༌། ལོག་ལྟ་ཅན་དང་སེམས་ཅན་ལ་འཚེ་ཞིང་སྡིག་པ་མི་དགེ་བ་སྣ་ཚོགས་བྱེད་པ་ལ་སྐྱེན་སྐྱེན་པོར་བྱེད་པའི་འགྲོ་བ་རྣམས་ལ་དམིགས་ནས་བསྒོམ། དེའི་ཚུལ་ནི་དེ་དག་གི་རྣམ་པ་མདུན་དུ་གསལ་བར་དམིགས་ནས། ད་ལྟ་འདི་དག་གི་བྱེད་སྤྱོད་འདི་འདྲ་ན། ཚེ་འདིར་ཡང་བདེ་བ་ནི་མི་འདུག །ཤི་མ་ཐག་ཏུ་ནི་ངན་སོང་དུ་སྐྱེ་བ་ལ་ཐེ་ཚོམ་མེད། དེར་སྐྱེས་ན་ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་དགོས་པ་འདུག །དེས་ན་འདི་དག་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་ན་ཅི་མ་རུང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་

༡༤༠

གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ལ་མྱོང་བ་ཐོན་པ་ནམ་ལ་སོགས་པའི་གཉེན་རྣམས་མདུན་དུ་གསལ་བར་དམིགས་ནས། འདི་ཉིད་ཚེ་འདིའི་འབད་འབད་དུང་དུང་གིས་དགྲ་གཉེན་གྱི་གསོ་ཚིས་བྱེད་བྱེད་ནས་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་གཉིས་ཀྱིས་གདུང་ནས་བདེ་བའི་སྐབས་ཅུང་ཟད་ཀྱང་མི་འདུག །ཚེ་འདིར་ཡང་བྱ་བ་ངན་པས་བྲེལ་ནས་དགེ་བའི་བློ་མ་སྐྱེས་པས། ཤི་མ་ཐག་ཏུ་ངན་སོང་དུ་སྐྱེས་ནས་ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་དགོས་པ་འདུག །དེས་ན་འདི་དག་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་ན་ཅི་མ་རུང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ལ་མྱོང་བ་ཐོན་པ་ན་བར་མའི་སེམས་ཅན་དང༌། དགྲ་དང༌། མཐར་སེམས་ཅན་ཐམས་ཅད་ཀྱི་བར་སྔར་བཞིན་སྒོམ་མོ། །དེ་ལྟར་བྱམས་པ་དང་སྙིང་རྗེ་ལ་ཡིད་འགྱུར་བའི་མྱོང་བ་ཐོན་པ་ན་ལྷག་བསམ་སྒོམ་ཚུལ་ནི་སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། སྡུག་བསྔལ་གྱིས་མནར་ཞིང་བདེ་བས་ཕོངས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ་ཞིག་བདག་གིས་བྱའོ། །བདེ་བ་དང་བདེ་བའི་རྒྱུ་དང་ཕྲད་པ་ཞིག་བདག་གིས་བྱའོ། །ཁྱད་པར་མ་སེམས་ཅན་ཐམས་ཅད་ཀྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་བདག་གིས་བྱའོ། །དེ་ལྟར་བྱེད་ནུས་པ་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ནས་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་སྟེ། འོ་ན་ཁྱོད་ལ་སེམས་ཅན་

༡༤༡

ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ནུས་པ་ཡོད་དམ་ཞེ་ན། ད་ལྟ་ནི་སེམས་ཅན་གཅིག་ཀྱང་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པའི་ནུས་པ་མི་འདུག །དེར་མ་ཟད་དགྲ་བཅོམ་པ་གཉིས་ཀྱི་གོ་འཕང་ཐོབ་ཀྱང་སེམས་ཅན་གྱི་དོན་ཉི་ཚེ་བ་མ་གཏོགས། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ནུས་པ་མེད། དེ་ལྟ་བུའི་ནུས་པ་སུ་ལ་ཡོད་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡོད་དེ། ཁོང་གི་སྐུའི་ཡོན་ཏན་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། གསུང་གི་ཡོན་ཏན་འབད་རྩོལ་མེད་པར་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་དབྱངས་སྐད་ཅིག་རེ་རེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་རང་རང་གི་སྐད་དུ་ཆོས་སྟོན་པར་ནུས་པ། །ཐུགས་ཀྱི་ཡོན་ཏན་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་གཟིགས་ཤིང༌། །སེམས་ཅན་ཐམས་ཅད་ལམ་བུ་གཅིག་པ་ལ་བརྩེ་བ་ལྟར་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པས་གདུལ་བའི་དུས་ལས་སྐད་ཅིག་ཀྱང་མི་འདའ་བ། ཕྲིན་ལས་འབད་མེད་ལྷུན་གྱིས་གྲུབ་ཅིང༌། སྐུ་གསུང་ཐུགས་ཀྱི་འོད་ཟེར་རེ་རེ་ཙམ་སྤྲོས་པས་ཀྱང་སེམས་ཅན་དཔག་ཏུ་མེད་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་ནུས་པ་ལ་སོགས་པ། མདོར་ན་ཡོན་ཏན་གྱི་རིགས་ཐམས་ཅད་དང་ལྡན་ཞིང༌། སྐྱོན་གྱི་རིགས་ཐམས་ཅད་དང་བྲལ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ན་ཡིན། དེས་ན་རང་གཞན་གཉིས་ཀའི་དོན་མཐར་ཕྱིན་པ་ཞིག་བྱེད་ན་དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་དགོས་པ་འདུག་པས། བདག་གིས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་པ་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་ལྷའི་སྐུ་ལས་སྐུ་གཉིས་

༡༤༢

པ་ཞིག་མར་མེ་གཅིག་ལས་གཉིས་ཆད་གྱི་ཚུལ་དུ་བྱུང་ནས་རང་ལ་ཐིམ་པས། སེང་གེ་ཆེན་པོ་བརྒྱད་ཀྱིས་གཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་རང་ཉིད་རྒྱལ་བ་ཤཱཀྱ་ཐུབ་པ། ཞེས་པ་ནས། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་གྱུར་བའི་མོས་པ་བྱེད། རང་ཐུབ་པའི་དབང་བོར་གསལ་བའི་ངང་ནས་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྣམ་པར་སྤྲོས་ནས་སེམས་ཅན་ཐམས་ཅད་ལ་བཏང་བས། སེམས་ཅན་ཐམས་ཅད་ཀྱིས་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པའི་མོས་པ་བྱེད་དོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ཡིན་ལ། གཉིས་པ་ཐུན་མཚམས་སུ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་བཞག་སྟོན་པའི་གསུང་རབ་དགོངས་འགྲེལ་ངང་བཅས་པ་བལྟ་བ་སོགས་སྔར་བཞིན་ནོ། །གཉིས་པ་ནི། སྔོན་དུ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་བཏང་སྙོམས་དང་མར་ཤེས་དྲིན་དྲན་གསུམ་སྒོམ་པ་སྔོན་དུ་བཏང་སྟེ། རང་གི་མཐའ་བསྐོར་དུ་སེམས་ཅན་ཐམས་ཅད་གསལ་བར་དམིགས་ནས། རང་གི་བློ་ཡུལ་དུ་རང་གཞན་གཉིས་གང་གཅེས་པར་འཛིན། གང་ཡལ་བར་འདོར་སྙམ་དུ་བརྟགས་པ་ན། རང་གཅེས་པར་འཛིན་ཅིང་གཞན་ཡལ་བ་འདོར་བའི་བློ་དང་ངམ་ཤུགས་ཀྱིས་སྐྱེལ། དེའི་ཚེ་འདི་ལྟར་བསམ་སྟེ་རང་གཅེས་པར་བཟུང་ནས་གཞན་ཡལ་བར་འདོར་མི་རིགས་ཏེ། རང་གཞན་གཉིས་ཀ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་མཚུངས་པའི་ཕྱིར། དེས་ན་རང་གཅེས་པར་འཛིན་པ་བཞིན་དུ་གཞན་གཅེས་པར་འཛིན་དགོས་ཏེ། གཞན་གྱིས་རང་གཅེས་པར་བཟུང་ན་རང་དགའ་བ་བཞིན་དུ། རང་གིས་ཀྱང་གཞན་གཅེས་པར་བཟུང་ན་གཞན་དགའ་བར་འགྱུར་བས་སོ། །གཞན་ཡང་རང་

༡༤༣

ཉིད་ཕུན་སུམ་ཚོགས་པ་གཅིག་བྱེད་པར་འདོད་ནས་འཁོར་བ་ཐོག་མ་མེད་པ་ནས། རང་གཅེས་པར་བཟུང་བས་རང་གཞན་གྱི་དོན་གང་ཡང་མ་གྲུབ་པར་མ་ཟད། སྡུག་བསྔལ་སྣ་ཚོགས་ཞིག་མྱོང་བར་འདུག་དེས་ན་རང་གཅེས་པར་འཛིན་པ་ནི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་སོགས་པའི་རྒུད་པ་ཀུན་གྱི་གནས་སུ་འདུག་པས། རང་གཅེས་འཛིན་མ་སྐྱེས་པ་མི་བསྐྱེད་པ་དང༌། སྐྱེས་པ་རྣམས་སྤོང་བར་བྱེད། གཞན་གཅེས་པར་འཛིན་པ་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་འདུག་པས་གཞན་གཅེས་འཛིན་ནམ་སྐྱེས་པ་གསར་དུ་བསྐྱེད་པ་དང༌། སྐྱེས་ཟིན་རྣམས་གོང་འཕེལ་དུ་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། །མདོར་ན་ཐུབ་པའི་དབང་པོས་རང་ཡལ་བར་དོར་ནས་གཞན་གཅེས་པར་བཟུང་སྟེ། གཞན་གྱི་དོན་འབའ་ཞིག་མཛད་པས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན། བདག་གིས་ཀྱང་དེ་ལྟར་བྱས་ནས་ཆེས་སྔ་བར་འཚང་རྒྱ་བ་ལ། དེ་ལྟར་མ་བྱས་པས་ད་ལྟའི་བར་དུ་འཁོར་བར་འཁྱམས། ད་ཡང་རང་གཅེས་འཛིན་ཁོང་ན་གནས་ཕྱིན་ཆད་གཞན་གཅེས་འཛིན་གསར་དུ་མི་སྐྱེ་ཞིང༌། སྐྱེས་ཀྱང་རྒྱུན་མཐུད་མི་ཐུབ་པར་འདུག་པས། རང་གཅེས་པར་བཟུང་ནས་གཞན་ཡལ་བར་འདོར་བའི་བློ་སྐད་ཅིག་ཀྱང་མི་སྐྱེ་ཅིང༌། རང་ཡལ་བདོར་ནས་གཞན་གཅེས་པར་བཟུང་སྟེ། གཞན་གྱི་སྡུག་བསྔལ་དང་སྡིག་པ་ཐམས་ཅད་བདག་གི་རྒྱུད་སྟེང་དུ་བླངས། བདག་གི་བདེ་དགེ་ཐམས་ཅད་གཞན་ལ་བཏང་བས། གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཞིང༌། བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཅིག་བདག་གིས་བྱའོ། །དེ་ཡང་ད་ལྟ་ནི་བདག་ལ་དེ་ལྟ་བུའི་ནུས་པ་མི་འདུག །ནུས་པ་སུ་ལ་ཡོད་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡོད་པས། བདག་གིས་

༡༤༤

སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། གཉིས་པ་སེམས་བསྐྱེད་ཆོ་གས་བཟུང་ཚུལ་ལ་གཉིས། །སྡོམ་པ་མ་ཐོབ་པ་ཐོབ་པར་བྱ་བ་དང༌། ཐོབ་པ་མི་ཉམས་པར་བསྲུང་ཚུལ་ལོ། །དང་པོ་ནི། ལམ་རིམ་དུ་སྨོན་འཇུག་རིམ་ཅན་དུ་ལེན་པའི་དབང་དུ་མཛད་ཀྱང༌། ཞི་བ་ལྷའི་ལུགས་ལྟར་ཅིག་ཅར་དུ་བྱས་ན་འཇུག་པ་བདེ་བས་དེའི་ཚུལ་ནི། སྔོན་འགྲོའི་རིམ་པ་སྤྱི་དང་ཁྱད་པར་བཤེས་གཉེན་བསྟེན་ཚུལ་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་གྱི་དངོས་གཞིའི་དམིགས་པ་རྒྱུད་དང་འདྲེས་པར་སྐྱོངས་པའི་འོག་ཏུ། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྒྱལ་བའི་སྲས་ཀྱི་སྡོམ་པ་བཟུང་ནས་སྤྱོད་པ་རླབས་པོ་ཆེ་རྣམས་ལ་སློབ་ཅིང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སེམས་འདི་ཡང་སངས་རྒྱས་མ་ཐོབ་ཀྱི་བར་དུ་བཟུང་བར་བྱའོ་སྙམ་དུ་བསམས་ལ། བླ་མ་ཐུབ་བའི་དབང་པོའི་རྗེས་སུ་ཟློས་པར་མོས་ནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་ཏུ་བསླབ་པར་བགྱི། ཞེས་ལན་གསུམ་བརྗོད་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པའི་མོས་པ་བྱེད་དོ། །དེ་ནས། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་

༡༤༥

སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། ཞེས་སྤྲོ་བ་བསྐྱེད་དོ། །གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་ཚུལ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བྱང་ཆུབ་སེམས་ཀྱི་ཕན་ཡོན་བསམས་ནས། ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱང་ཆུབ་ཀྱི་སེམས་བཟུང་ཞིང༌། སེམས་ཅན་གྱི་ངོས་ནས་བྱེད་སྤྱོད་ཅི་འདྲ་ནའང་བདག་གི་ངོས་ནས་སེམས་ཅན་གཅིག་ཀྱང་བློས་མི་སྤོང༌། སེམས་བསྐྱེད་འཕེལ་བའི་ཕྱིར་དུ་དཀོན་མཆོག་མཆོད་པ་ལ་སོགས་པའི་ཚོགས་གཉིས་གསོག་པ་ལ་བརྩོན་པར་བྱའོ། །གཞན་ཡང་བླ་མ་སོགས་ལ་ཀུ་རེ་དང་བཞད་གད་ཀྱི་ཕྱིར་དུ་ཡང་བརྫུན་གྱིས་དབུ་བསྐོར་བ་དང༌། གཞན་དགེ་བ་བྱེད་པ་ལ་འགྱོད་པ་བསྐྱེད་པ་དང༌། ཐེག་ཆེན་ལ་ཞུགས་པའི་བྱང་སེམས་ལ་ཞེ་སྡང་གིས་མི་སྙན་པར་སྨྲ་བ་དང༌། ལྷག་བསམ་མ་ཡིན་པས་གཡོ་སྒྱུ་བྱེད་པ་སྟེ། ནག་པོའི་ཆོས་བཞི་ལ་སོགས་པ་སེམས་བསྐྱེད་ཉམས་པའི་རྒྱུ་རྣམས་སྤོང་བ་དང༌། དཀར་བོའི་ཆོས་བཞི་བསྟེན་པ་ལ་སོགས་པའི་སེམས་བསྐྱེད་འཕེལ་བའི་རྒྱུ་རྣམས་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །མདོར་ན་རྩ་ལྟུང་བཅོ་བརྒྱད་དང་ཉེས་བྱས་བཞི་བཅུ་ཞེ་དྲུག་གི་ཉེས་པས་ནམ་ཡང་མགོས་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་རྣམ་པར་དག་པ་སྲོག་དང་བསྡོས་ཏེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བསྲུང་བར་བྱའོ། །དེ་ལྟར་བསྲུང་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། གཉིས་པ་སེམས་བསྐྱེད་

༡༤༦

ནས་སྤྱོད་པ་ལ་བསླབ་ཚུལ་ལ་གཉིས། རྒྱལ་བའི་སྲས་ཀྱི་སྤྱོད་པ་སྤྱི་ལ་བསླབ་ཚུལ་དང༌། ཁྱད་པར་ཕར་ཕྱིན་ཐ་མ་གཉིས་ལ་སློབ་ཚུལ་ལོ། །དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། ཞེས་པ་ཡན་ཆད་སྔར་བཞིན་ཡིན་ལ། དེ་ནས་བདག་དང་མ་སེམས་ཅན་ཐམས་ཅད་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་བརླབས་པོ་ཆེ་རྣམས་ལ་ཚུལ་བཞིན་དུ་བསླབ་ནུས་པའི་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། གཉིས་པ་དངོས་གཞི་ལ་རང་རྒྱུད་སྨིན་བྱེད་ཕར་ཕྱིན་དྲུག་དང༌། གཞན་རྒྱུད་སྨིན་བྱེད་བསྡུ་བཞིའི་ཉམས་ལེན་གཉིས་ལས། །དང་བོ་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང༌། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་རྙེད་བསྐུར་དང་གྲགས་པ་སོགས་ལ་མི་ལྟ་བར་ཆོས་ཀྱིས་ཕོངས་པའི་སེམས་ཅན་རྣམས་ལ་དམ་པའི་ཆོས་ཅི་ནུས་སུ་སྟོན་པར་བྱེད་པ་ཆོས་ཀྱི་སྦྱིན་པ་དང༌། མི་དང་མི་མ་ཡིན་དང་འབྱུང་བས་གནོད་པའི་སེམས་ཅན་རྣམས་འཇིགས་པ་དེ་དག་ལས་སྐྱོབ་པར་བྱེད་པ་མི་འཇིགས་པའི་སྦྱིན་པ་དང༌། དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ་ལན་དང་རྣམ་པར་སྨིན་པ་ལ་རེ་བ་མེད་པར་སེར་སྣ་སྤངས་ཏེ། ཇི་ལྟར་འོས་པའི་ཡོ་བྱད་གཏོང་བར་བྱེད་ཟང་ཟིང་གི་སྦྱིན་པ་སྟེ། སྦྱིན་པ་རྣམ་པ་གསུམ་གྱི་ཉམས་ལེན་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །མདོར་ན་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བདག་གི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་སེམས་ཅན་ཐམས་ཅད་ལ་ཕོངས་པ་མེད་པར་བཏང་བར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་

༡༤༧

གསོལ། ཞེས་གཏོང་སེམས་སྤེལ་བའི་སྦྱིན་པ་ནི་སྦྱིན་པའི་ཉམས་ལེན་ཡིན་ནོ། །དེ་ནས་ཚུལ་ཁྲིམས་ཀྱི་ཉམས་ལེན་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་མི་དགེ་བ་བཅུ་སྤོང་བ་ལ་སོགས་པ་ཇི་ལྟར་ཁས་བླངས་པའི་སྡོམ་པ་དང་འགལ་བའི་ཉེས་སྤྱོད་རྣམས་སྤངས་ནས། སྦྱིན་སོགས་ཕར་ཕྱིན་དྲུག་དང༌། ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམ་པར་དག་པ་རང་རྒྱུད་ལ་མ་སྐྱེས་པ་བསྐྱེད། སྐྱེས་པ་རྣམས་གོང་འཕེལ་དུ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམ་པར་དག་པ་ལ་སྦྱར་ནས་སྨིན་གྲོལ་གྱི་ལམ་ལ་དགོད་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས། ཞེས་སོགས་དང༌། དེ་ནས་བཟོད་པའི་ཉམས་ལེན་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང་ནས། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་སེམས་ཅན་ཐམས་ཅད་དགྲར་ལངས་ཀྱང་ཁྲོ་བའི་སེམས་སྐད་ཅིག་ཀྱང་མི་བསྐྱེད་པར་གནོད་ལན་དུ་ཕན་པ་བསྒྲུབས་ཏེ། རང་གཞན་གྱི་རྒྱུད་ལ་བཟོད་པའི་ཕར་ཕྱིན་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱའོ། །གཞན་ཡང་ཟས་ནོར་དང་གནས་མལ་སོགས་ཀྱིས་ཕོངས་པ་དང༌། ན་ཚ་སོགས་མི་འདོད་པའི་སྡུག་བསྔལ་ཐོག་ཏུ་བབས་པའི་ཚེ་སྡུག་བསྔལ་འདི་ལྟར་མྱོང་བ་སྔར་ལས་ངན་བསགས་པའི་འབྲས་བུ་ཡིན། འདི་ལ་བརྟེན་ནས་ལས་ངན་མང་པོ་དག་འགྲོ་བས་མི་འདོད་རྒྱུ་མི་འདུག་ཅིང་ཁྱད་པར་ཆོས་ཕྱིར་སྡུག་བསྔལ་བྱུང་བ་ལ་བཟོད་བསྲན་སྐྱེད་པ་ལ་བརྟེན་ནས་ཐམས་ཅད་མཁྱེན་པའི་ལམ་ལ་ཉེ་བར་འགྱུར་བས་སྡུག་བསྔལ་འདི་དག་དང་དུ་བླངས་ཏེ། རང་གཞན་གྱི་འཁོར་བ་དང་ངན་སོང་གི་སྡུག་

༡༤༨

བསྔལ་རྒྱུན་བཅད་པར་བྱའོ། །གཞན་ཡང་དཀར་ནག་གི་ལས་ཀྱི་རྣམ་པར་སྨིན་པ་དང༌། དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བདག་ཉིད་ཆེན་པོ་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དང༌། བླ་ན་མེད་པའི་བྱང་ཆུབ་དང༌། གསུང་རབ་ཡན་ལག་བཅུ་གཉིས་དང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་རྣམས་ལ་མོས་པ་བསྐྱེད་ན་འབྲས་བུ་ཤིན་ཏུ་ཆེ་བས། དེ་ལ་མོས་པར་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་དུ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བརྗོད་བྱའི་དོན་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་རྣམས་ལ་ཚུལ་བཞིན་ཏུ་བསླབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ནས་བརྩོན་འགྲུས་ཀྱི་ཉམས་ལེན་ནི་སྤྱི་བོར་བླ་མ་ལྔ་བསྒོམ་པའི་ངང༌། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་མཚན་དཔེ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རེ་རེ་བསྒྲུབ་པ་དང༌། སྦྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཆོས་རེ་རེ་བསྒྲུབ་པའི་ཕྱིར་དུ་བསྐལ་བ་འབུམ་ཕྲག་རེ་རེ་མནར་མེད་དུ་གནས་ནས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་ནའང་བརྩོན་པ་མི་འདོར་ཞིང་སྤྲོ་བ་བསྐྱེད་ནས། ཟབ་པ་དང་རྒྱ་ཆེ་བའི་ཆོས་རང་རྒྱུད་ལ་སྡུད་པ་བྱེད་ཅིང༌། གཞན་ཡང་དགེ་བའི་ལམ་ལ་བཀོད་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ནས་བསམ་གཏན་གྱི་ཉམས་ལེན་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང༌། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ངོ་བོའི་སྒོ་ནས་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་བསམ་གཏན། ཕྱོགས་ཀྱི་སྒོ་ནས་ཞི་གནས་དང༌། ལྷག་མཐོང་དང༌། དེ་གཉིས་ཟུང་དུ་འབྲེལ་

༡༤༩

བའི་བསམ་གཏན། བྱེད་ལས་ཀྱི་སྒོ་ནས་ཚེ་འདིར་ལུས་སེམས་བདེ་བར་གནས་པའི་བསམ་གཏན། ཡོན་ཏན་གྱི་རྟེན་བྱེད་པའི་བསམ་གཏན། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ཏེ། རྒྱལ་བའི་སྲས་ཀྱི་བསམ་གཏན་རྣམ་པ་ཐམས་ཅད་པ་རྣམས་ལ་བསླབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། དེ་ནས་ཤེས་རབ་ཀྱི་ཉམས་ལེན་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང༌། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་གནས་ལུགས་རིག་པ་དོན་དམ་རྟོགས་པའི་ཤེས་རབ། གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་གྱི་དོན་བྱ་ཚུལ་རྟོགས་པའི་ཤེས་རབ་སྟེ། རྒྱལ་བའི་སྲས་ཀྱི་ཤེས་རབ་རྣམ་པ་ཐམས་ཅད་པ་ལ་བསླབ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དང༌། གཉིས་པ་གཞན་རྒྱུད་སྨིན་པར་བྱེད་པ་བསྡུ་བཞིའི་ཉམས་ལེན་ནི། སྤྱི་བོར་བླ་མ་ལྷ་བསྒོམ་བཞིན་པའི་ངང༌། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་སེམས་ཅན་ཐམས་ཅད་སྦྱིན་པས་འཁོར་དུ་བསྡུས་ཏེ་ཚར་བཅད་རྗེས་འཛིན་གྱི་སྒོ་ནས་ཆོས་སྟོན་པའི་སྙན་པར་སྨྲ་བ་དང༌། ཆོས་བསྟན་པའི་དོན་ཉམས་སུ་ལེན་དུ་འཇུག་པའི་དོན་སྤྱོད་པ་དང༌། གཞན་ལ་བསྟན་པ་ལྟར་རང་གིས་ཀྱང་ཉམས་སུ་ལོན་པའི་དོན་མཐུན་པ་སྟེ། གཞན་དོན་བྱེད་པའི་ཐབས་བཟང་པོ་འདི་རྣམས་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་དགོད་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། གསུམ་པ་ན་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ནོ། །གཉིས་པ་ཐུན་མཚམས་སུ་ཡང་ཟབ་པ་དང་རྒྱ་ཆེ་བའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་

༡༥༠

པོ་ཆེ་རྣམས་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་བལྟ་བ་སོགས་སྔར་བཞིན་ནོ། །གཉིས་པ་ཕར་ཕྱིན་ཐ་མ་གཉིས་ལ་བསླབ་ཚུལ་ལ་གཉིས། བསམ་གཏན་གྱི་ངོ་བོ་ཞི་གནས་ལ་བསླབ་ཚུལ་དང༌། །ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་བསླབ་ཚུལ་ལོ། །དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ནི། སྔོན་འགྲོའི་རིམ་པ་སྤྱི་དང༌། ཁྱད་པར་སྐྱེས་བུ་ཆུང་འབྲིང་གི་བསམ་པ་སྦྱོང་བ་དང་ས་བཟང་ཞིང་གྲོགས་བཟང་བའི་ཡིད་མཐུན་གྱི་དབེན་པའི་གནས་སུ། ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས། སྐྱེ་བོ་མང་པོ་དང་འགྲོགས་འདྲིས་ཧ་ཅང་ཆེ་བ་དང༌། འདོད་པ་ལ་འདུན་པའི་རྣམ་རྟོག་རགས་པ་རྣམས་སྤངས་ཏེ། འདོད་ཆུང་ཆོག་ཤེས་ལ་གནས་ནས་སྟན་བདེ་བ་ལ་ལུས་དྲང་བོར་བསྲང༌། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་དང༌། ལག་པ་གཉིས་མཉམ་བཞག་གི་ཕྱག་རྒྱ་བཅས། རླུང་ཆམ་ལ་འབེབས་པ་སོགས་ཞི་གནས་བསྒྲུབ་པའི་རྒྱུ་ཚོགས་བསྟེན་པ་སྔོན་དུ་བཏང་ནས། དངོས་གཞི་ལ་ཞི་གནས་བསྒྲུབ་པའི་དམིགས་རྟེན་དུ་མ་ཞིག་གསུངས་ཀྱང་གཙོ་བོར་སངས་རྒྱས་རྗེས་སུ་དྲན་པའི་མཆོག་ཏུ་འགྱུར་བ་དང༌། སྔགས་ཀྱི་ལྷའི་རྣལ་འབྱོར་སྒོམ་པའི་སྣོད་རུང་དུ་འགྱུར་བ་སོགས་དགོས་པ་དུ་མ་ཡོད་པས་ལྷའི་སྐུ་ལ་དམིགས་པ་ལེགས་ལ། དེའི་ཚུལ་ནི་སྤྱི་བོའི་བླ་མ་ལྷའི་ཐུགས་ཀ་ནས་འོད་ཟེར་སྡོམ་གྱི་བ་ཐག་ལྟ་བུའི་སྣེ་མོར། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞེས་པ་ནས། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྒྱ་སྲན་གྱི་འབྲུ་ཆད་ཙམ་ཞིག་སྤྲོས་ནས་རང་གི་ལྟེ་བའི་ཐད་ཀྱི་མདུན་གྱི་ནམ་མཁར་བཞུགས་པ་ལ་སེམས་རྩེ་གཅིག་ཏུ་བསྒོམ་པའམ། ཡང་ན་སྤྱི་བོའི་བླ་མ་ལྷ་ལས་བླ་མ་གཉིས་པ་ཞིག་མར་མེ་གཅིག་ལས་གཉིས་ཆད་ཀྱི་

༡༥༡

ཚུལ་དུ་བྱུང་ནས་རང་ལ་ཐིམ་པས། སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། རང་ཉིད་རྒྱལ་བ་ཤཱཀྱ་ཐུབ་པ། །ཞེས་པ་ནས། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ནམ་མཁའི་འཇའ་ཚོན་ལྟ་བུ་སྣང་ལ་རང་བཞིན་མེད་པ་ལ་སེམས་རྩེ་གཅིག་ཏུ་དམིགས་ནས་བསྒོམ་པར་བྱའོ། །དེའི་ཚེ་སེར་པོ་སྒོམ་འདོད་པ་ལ་དམར་བོ་སོགས་འཆར་བ་དང༌། བཞུགས་པའི་རྣམ་པ་སྒོམ་འདོད་པ་ལ་བཞེངས་པའི་རྣམ་པ་འཆར་བ་དང༌། གཅིག་སྒོམ་འདོད་པ་དུ་མ་འཆར་བ་སོགས་བྱུང་ན་དེ་དག་གི་རྗེས་སུ་མི་འབྲང་བར་རྩ་བའི་དམིགས་རྟེན་ལ་སེམས་རྩེ་གཅིག་ཏུ་དམིགས་ནས་སྒོམ། དང་བོ་ནས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་གྱི་གསལ་པོ་རང་མ་བྱུང་ཡང་སྐུའི་དོན་སྤྱི་ཆ་ཕྱེད་ཙམ་གསལ་བ་ལ་སེམས་རྩེ་གཅིག་ཏུ་དམིགས་ནས་སྒོམ་པར་བྱེད། དེ་ཡང་ཐུན་འདི་ཙམ་གྱི་བར་ལ་བྱིང་རྒོད་གཏན་ནས་མ་བྱུང་བ་ཅིག་བྱེད་ཅིང༌། གལ་ཏེ་བྱུང་ན་དེ་མ་ཐག་ཏུ་ཤེས་པར་བྱས་ཏེ་སྤོང་སྙམ་པའི་འདུན་པ་དྲག་པོ་བཏང་ནས་སེམས་དམིགས་རྟེན་ལ་རྩེ་གཅིག་ཏུ་གཏད་པ་དེ་ཉིད་བློའི་ཡུལ་དུ་མ་བརྗེད་པར་དྲན་ཙམ་དྲན་ཙམ་བྱས་ནས། བློ་དེའི་རྒྱུན་སྐྱོང་བ་ནི་ལས་དང་པོ་པས་སེམས་གནས་སྒྲུབ་པའི་ཐབས་དམ་པའོ། །མདོར་ན་ཏིང་ངེ་འཛིན་རྣམ་པར་དག་པ་གཅིག་སྒོམ་ན། ཉེས་པ་ལྔ་སྤངས་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བའོ། །ཞེས་གསུངས་པ་ལྟར། ཉེས་པ་ལྔ་སྤོང་བའི་གཉེན་པོ་འདུ་བྱེད་བརྒྱད་བསྟེན་པའི་སྒོ་ནས་བསྒྲུབ་དགོས་ཏེ། དེ་ཡང་ཏིང་ངེ་འཛིན་ལ་སྦྱོར་བའི་ཚེ་ལེ་ལོ་ཉེས་པ་ཡིན་པས། དེའི་གཉེན་པོ་བཞི་སྟེ། ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བའི་དད་པ་དང༌། ཏིང་ངེ་འཛིན་ལ་དོན་གཉེར་གྱི་འདུན་པ་དང༌། ཏིང་ངེ་འཛིན་ལ་རྩོལ་བའི་བརྩོན་འགྲུས་དང༌། རྩོལ་བའི་འབྲས་བུ་ཤིན་སྦྱངས་སོ། །ཏིང་ངེ་འཛིན་ལ་བརྩོན་པའི་ཚེ་གདམས་ངག་བརྗེད་པ་ཉེས་པ་ཡིན་པས་དེའི་

༡༥༢

གཉེན་པོ་དྲན་པ་སྟེ། དྲན་པ་ཡང་དམིགས་རྟེན་མ་བརྗེད་པ་གཅིག་པུས་མི་ཆོག་གི། སེམས་དམིགས་རྟེན་ལ་རྩེ་གཅིག་ཏུ་དམིགས་ནས་རིག་པ་ངར་ལྡན་དུ་བྱས་པའི་ངེས་ཤེས་དམ་སྦྲིང་ངེ་བ་དང་ལྡན་པའོ། །ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ་བྱིང་རྒོད་གཉིས་ཉེས་པ་ཡིན་པས་དེའི་གཉེན་པོ་ཤེས་བཞིན་ཏེ། དེ་ཡང་ཤེས་བཞིན་གྱིས་བྱིང་རྒོད་འབྱུང་མི་འབྱུང་ལེགས་པར་བརྟགས་པས། བློ་རབ་ཀྱིས་བྱིང་རྒོད་འབྱུང་བའི་མགོ་རྩོམ་པ་ན་དེ་ཤེས་ནས་སྤོང་ནས་ལ། འབྲིང་གིས་བྱུང་མ་ཐག་དང༌། ཐ་མས་ཀྱང་བྱིང་རྒོད་བྱུང་ནས་རིང་པོ་མ་ལོན་པར་ཤེས་ནས་སྤོང་དགོས་སོ། །འོ་ན་རྨུགས་པ་དང་བྱིང་རྒོད་གཉིས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། དམིགས་རྟེན་མི་གསལ་བའི་ལུས་སེམས་ལྕི་བའི་རྣམ་པ་ཅན་ནི་རྨུགས་པ་ཡིན་ལ། སེམས་ལ་མུན་པ་བབས་པ་ལྟ་བུ་དང༌། སེམས་དམིགས་རྟེན་ལས་གཞན་དུ་མི་འཕྲོ་ཡང༌། དྭངས་ཆ་དང་གསལ་ཆ་མེད་པར་དྲན་པའི་ཤུགས་ཞན་དུ་སོང་བ་ནི་བྱིང་བ་རགས་པ་དང༌། དྭངས་ཆ་དང་གསལ་ཆ་ཡོད་ཀྱང་དམིགས་རྟེན་ངེས་པའི་ངེས་ཤེས་དམ་སྤྲིང་ངེ་བ་ལས་ཅུང་ཟད་ཞན་དུ་སོང་བ་ནི་བྱིང་བ་ཕྲ་མོ་ཡིན་ལ། དེ་དག་གི་གཉེན་པོར་དཀོན་མཆོག་གསུམ་གྱི་ཡོན་ཏན་སེམས་པ་དང༌། སྣང་བའི་མཚན་མ་ཡིད་ལ་བྱེད་པ་དང༌། རླུང་སེམས་ནམ་མཁའ་དང་བསྲེ་བའི་གདམས་ངག་རྣམས་བྱའོ། །སེམས་དམིགས་རྟེན་ལ་གཡོ་མེད་མི་གནས་པར་ཅུང་ཟད་འཕྲོ་བ་ནི་རྒོད་པ་ཕྲ་མོ་ཡིན་ལ། དེའི་གཉེན་པོར་དྲན་ཤེས་བསྟེན་ནས་བསྒོམས་པར་བྱའོ། །དྲན་ཤེས་བསྟེན་ཀྱང་མི་གནས་པར་ཆགས་ཡུལ་རྣམས་ལ་འཕྲོ་བ་ནི་རྒོད་པ་རགས་པ་ཡིན་ལ། དེའི་གཉེན་པོར་མི་རྟག་པ་དང༌། ངན་སོང་གསུམ་དང༌། འཁོར་བའི་སྡུག་བསྔལ་སྒོམ་པ་དང༌། རྒོད་པ་བཙན་ཐབས་སུ་གཅོད་པའི་གདམས་ངག་རྣམས་བྱའོ། །བྱིང་རྒོད་གཉིས་བྱུང་བའི་ཚེ་འདུ་མི་བྱེད་པ་ཉེས་པ་ཡིན་པས། དེའི་གཉེན་པོར་བྱིང་རྒོད་བྱུང་མ་ཐག་ཏུ་རིག་པར་བྱས་ནས་

༡༥༣

སྤོང་བའི་འདུ་བྱེད་བསྟེན་པར་བྱེད། དེ་ཡང་སེམས་དམིགས་རྟེན་ལ་ཆེས་ཆེར་བསྒྲིམས་པའི་རིག་པ་ངར་ལྡན་དུ་བྱས་ན་གསལ་ཆ་ཡོད་ཀྱང༌། རྒོད་ཤས་ཆེ་བས་གནས་ཆ་རྙེད་དཀའ་ལ། ཆེར་མ་བསྒྲིམས་པར་གློང་ཀློང་ན་གནས་ཆ་ཡོད་ཀྱང་བྱིང་ཤས་ཆེ་ཞིང་གསལ་ཆ་རྙེད་དཀའ་བས། དེས་ན་རང་ཉམས་ལ་དཔག་སྟེ་རིག་པ་འཕང་འདི་ཙམ་ཞིག་བསྟོད་ན་རྒོད་པ་སྐྱེ་བར་འདུག་སྙམ་པ་ལས་ཅུང་ཟད་གློད། འདི་ཙམ་དུ་བཞག་ན་བྱིང་བ་སྐྱེ་བར་འདུག་སྙམ་པ་ལས་ཅུང་ཟད་འཕང་བསྟོད་ན་རན་པར་འགྱུར་བས། དེ་གཉིས་ཀྱི་མཚམས་སུ་འཕྲོ་རྒོད་ལས་སེམས་གླན་ཏེ་གནས་ཆ་ཚོལ། གནས་ཆ་ནམ་བྱུང་རེས་ཀྱིས་བྱིང་ཟོན་བྱས་ནས་རིག་པ་ངར་དང་ལྡན་པའི་གསལ་ཆ་འདོན། །དེ་གཉིས་རེས་མོས་སུ་བྱས་ནས་བསྐྱངས་པས་ཏིང་ངེ་འཛིན་སྐྱོན་མེད་འགྲུབ་ཀྱི། ངེས་ཤེས་ཀྱི་འཛིན་སྟངས་ངར་ལྡན་དུ་བྱས་པའི་གསལ་ཆ་མེད་པའི་དྭངས་པ་ཙམ་ལ་ཡིད་བརྟན་མི་བྱའོ། །དེ་ལྟར་བྱིང་རྒོད་ཕྲ་མོ་ཡང་ཆོད་ནས་སེམས་ཏིང་ངེ་འཛིན་ལ་རྒྱུན་ཆགས་སུ་འཇུག་པའི་ཚེ་འདུ་བྱེད་པ་ཉེས་པ་ཡིན་པས། དེའི་གཉེན་པོར་བྱིང་རྒོད་ཀྱི་གཉེན་པོ་འདུ་མི་བྱེད་པར། བཏང་སྙོམས་སུ་གློད་ནས་འཇོག་པའོ། །དེ་ལྟ་བུའི་ཚུལ་གྱིས་ལེགས་པར་བསྐྱངས་པས་སེམས་གནས་པ་དགུ་རིམ་གྱིས་ཐོབ་ནས་ལུས་སེམས་ཤིན་སྦྱངས་དང་བཅས་པའི་ཞི་གནས་འགྲུབ་པར་འགྱུར་རོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ནོ། །གཉིས་པ་ཐུན་མཚམས་སུ་ཡང་ཞི་གནས་ཀྱི་རྣམ་བཞག་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་བལྟ་བ་སོགས་ནི་སྔར་བཞིན་ནོ། །གཉིས་པ་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་བསླབ་ཚུལ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟ་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ནི། ཞི་གནས་ཀྱི་སྐབས་སུ་བཤད་པ་དང་འདྲ་

༡༥༤

ལ། ཁྱད་པར་དགེ་བའི་བཤེས་གཉེན་མཁས་པ་ཚུལ་བཞིན་དུ་བསྟེན་པ་ལས་ལྷག་མཐོང་གི་གདམས་ངག་ཉན་པ་དང༌། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་དུ་བྱས་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་དང༌། བསགས་སྦྱོང་ལ་འབད་པ་སོགས་གསུམ་བསྒྲིལ་དུ་བྱེད་པ་ནི་ལྟ་བ་རྟོགས་པའི་སྔོན་འགྲོར་མེད་མི་རུང་བ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གཉིས། གང་ཟག་གི་བདག་མེད་གཏན་ལ་ཕབ་ནས་བསྒོམ་པའི་ཚུལ་དང༌། ཆོས་ཀྱི་བདག་མེད་གཏན་ལ་ཕབ་ནས་སྒོམ་པའི་ཚུལ་ལོ། །དང་པོ་ནི། རྒྱལ་བའི་གསུང་རབ་རྣམས་ལས་བདག་མེད་གཏན་ལ་འབེབས་པའི་རིགས་པའི་རྣམ་གྲངས་མཐའ་ཡས་པ་ཞིག་གསུངས་ཀྱང༌། ལས་དང་པོ་པ་རྣམས་ཀྱིས་གནད་བཞིའི་སྒོ་ནས་གཏན་ལ་ཕབ་ན་འཆར་སླ་བས། །དེའི་ཚུལ་ནི་རང་ཅག་རྣམས་གཉིད་འཐུག་པོ་ལོག་བཞིན་པའི་གནས་སྐབས་ཚུན་ཆད་དུ། ངང་སྙམ་དུ་སྙིང་གི་དཀྱིལ་དུ་དམ་སྦྲང་སྦྲིང་བློས་འཛིན་པ་ནི་ངར་འཛིན་ལྷན་སྐྱེས་ཡིན་ལ། དེ་ཡང་རང་གིས་ཉེས་པ་དེ་ལྟ་བུ་མ་བྱས་པ་ལ། གཞན་ཞིག་གིས་ཁྱོད་ཀྱིས་ཉེས་པ་འདི་དང་འདི་ལྟ་བུ་ཞིག་བྱས་སོ་ཞེས་བསྙོན་བཙུགས་པ་ན། ངས་ཉེས་པ་འདི་ལྟ་བུ་མ་བྱས་པ་ལ་བསྙོན་འདི་འདྲ་བ་ཞིག་འཛུགས་པ། ངང་སྙམ་དུ་སྙིང་གི་དཀྱིལ་དུ་དམ་སྦྲིང་སྦྲིང་འཆར་བ་ལྟ་བུའི་ཚེ། ངར་འཛིན་ལྷན་སྐྱེས་ཀྱི་ངའི་འཛིན་ཚུལ་གསལ་བར་ཡོད་པས། དེའི་དུས་སུ་ཤེས་པའི་ཆ་ཤས་ཕྲ་མོ་ཞིག་གིས་བློ་དེས་ང་གང་དུ་བཟུང༌། ཚུལ་ཇི་ལྟར་དུ་བཟུང་བརྟག་པར་བྱའོ། །དེ་ཡང་བློ་ཕྱི་མ་དེ་ཤུགས་ཆེས་ན་བློ་སྔ་མ་དེ་ཡལ་ནས་སྟོང་སང་ཞིག་མ་གཏོགས་གང་ཡང་མི་ཡོང་བས་ཤེས་པ་བྱིངས་ངའོ་སྙམ་པའི་བློ་དེའི་ངོ་བོར་བྲེང་ཆགས་སུ་བསྐྱེད་ནས། ཤེས་པའི་ཆ་ཤས་ཕྲ་མོ་ཞིག་གིས་བརྟག་དགོས་ལ། དེ་ལྟར་བརྟགས་པའི་ཚེ། ངར་འཛིན་ལྷན་སྐྱེས་ཀྱིས་ང་གང་དུ་བཟུང་བའི་གནས་

༡༥༥

ནི། རང་གི་ཕུང་བོ་ལྔའམ་ལུས་སེམས་གཉིས་ལས་དོན་གཞན་དུ་མ་ཡིན་ཅིང༌། ཕུང་པོ་ལྔ་རེ་རེ་བ་དང་ལུས་སེམས་གཉིས་རེ་རེ་བའི་སྟེང་དུ་ཡང་མ་ཡིན་ཀྱང༌། ཕུང་བོ་ལྔ་ཚོགས་ཙམ་པའམ་ལུས་སེམས་གཉིས་ཚོགས་ཙམ་པའི་ལམ་མེ་བ་དེའི་སྟེང་དུ་རྟོག་པས་བཏགས་པ་ཙམ་མ་ཡིན་པར། དང་པོ་ནས་ཚུགས་ཐུབ་ཏུ་གྲུབ་པའི་ང་ཞིག་ཡོད་པར་འཛིན་པ་ནི། ངར་འཛིན་ལྷན་སྐྱེས་ཀྱིས་ངའི་འཛིན་ཚུལ་ཡིན་ལ་དེའི་འཛིན་སྟངས་ཀྱི་ཡུལ་གྱི་ང་དེ་འགོག་རྒྱུའི་དགག་བྱ་ཡིན་པས། གཞན་གྱིས་བཤད་པའི་གོ་བ་དང༌། ཚིག་སྤྱི་ཙམ་མ་ཡིན་པར་རང་གི་རྒྱུད་སྟེང་དུ་ཚུལ་དེ་ཉིད་རྗེན་ཆེར་གྱིས་ངེས་པར་བྱ་སྟེ། དེ་ནི་གནད་དང་པོ་དགག་བྱའི་སྣང་ཚུལ་ངེས་པའི་གནད་དོ། །གཉིས་པ་ཁྱབ་པ་ངེས་པའི་གནད་ནི། ངའོ་སྙམ་དུ་སྙིང་གི་དཀྱིལ་དུ་དམ་སྦྲིང་སྦྲིང་དུ་འཛིན་པའི་བློ་དེས་བཟུང་བའི་ང་དེ། རང་གི་ཕུང་བོ་ལྔའི་སྟེང་ན་ཡོད་ན། ང་དེ་ཕུང་བོ་ལྔ་དང་གཅིག་ཏུ་ཡོད་དམ་ཐ་དད་དུ་ཡོད། ཡོད་ཚུལ་དེ་གཉིས་ལས་གཞན་པའི་ཡོད་ཚུལ་ཕུང་གསུམ་པ་གཏན་མི་སྲིད་དེ། ཆོས་གང་དང་གང་ཡིན་ཀྱང་ཡང་ན་གཅིག་གི་རྣམ་པར་ཡོད་དགོས། ཡང་ན་དུ་མའི་རྣམ་པར་ཡོད་དགོས་ལ། ཡོད་ཚུལ་དེ་གཉིས་ལས་གཞན་པའི་ཡོད་ཚུལ་ཕུང་གསུམ་པ་གཏན་མི་སྲིད་སྙམ་དུ་ཐག་བཅད་པར་བྱའོ། །གསུམ་པ་བདེན་པའི་གཅིག་བྲལ་ངེས་པའི་གནད་ནི། །དེ་ལྟར་བཟུང་བའི་ང་དེ་ཕུང་པོ་ལྔ་དང་གཅིག་ཏུ་ཡོད་དོ་སྙམ་ན། གང་ཟག་གཅིག་ལ་ཕུང་པོ་ལྔ་ཡོད་པ་བཞིན་དུ། ང་ཡང་རྒྱུད་ཐ་དད་པར་ལྔ་ཡོད་པར་འགྱུར་བ་དང༌། ཡང་ན་ང་གཅིག་ཡིན་པ་བཞིན་དུ། ཕུང་བོ་ལྔ་ཡང་ཆ་མེད་གཅིག་ཏུ་འགྱུར་བ་སོགས་ཀྱི་ཉེས་པ་དུ་མ་ཡོད་པས། དེ་ལྟར་བཟུང་བའི་ང་དེ་ཕུང་བོ་ལྔ་དང་གཅིག་མ་ཡིན་སྙམ་དུ་བསམ། གཞན་ཡང་དེ་ལྟར་བཟུང་བ་ལྟར་གྱི་ང་དེ་ཕུང་པོ་ལྔ་དང་གཅིག་ཏུ་གྲུབ་ན་ཕུང་

༡༥༦

པོ་ལྔ་སྐྱེ་འཇིག་བྱེད་པ་བཞིན་དུ་བློ་དེས་བཟུང་བ་ལྟར་གྱི་ཚུགས་ཐུབ་ཏུ་གྲུབ་པའི་ང་དེ་ཡང་སྐྱེ་འཇིག་བྱེད་པར་འགྱུར་ལ། དེ་ལྟར་ན་སྐྱེ་འཇིག་བྱེད་པའི་ང་དེའི་སྐད་ཅིག་སྔ་ཕྱི་རྣམས་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ། གཅིག་ཏུ་གྲུབ་ན་ཚེ་སྔ་ཕྱིའི་ང་དང་ཚེ་འདིའི་ང་གསུམ་ཆ་མེད་ཅིག་ཏུ་འགྱུར་ལ། ཐ་དད་དུ་གྲུབ་ན། སྤྱིར་ཐ་དད་ཙམ་ལ་འབྲེལ་མེད་ཐ་དད་ཡིན་མི་དགོས་ཀྱང༌། རང་བཞིན་གྱིས་གྲུབ་པའི་ཐ་དད་ཡིན་ན་འབྲེལ་པ་གཏན་ནས་མེད་པའི་ཐ་དད་ཡིན་དགོས་པས། ཚེ་སྔ་ཕྱིའི་ང་དང་ཚེ་འདིའི་ང་གསུམ་འབྲེལ་པ་གཏན་ནས་མེད་བའི་ཐ་དད་དུ་འགྱུར་བས། ལས་མ་བྱས་པ་དང་འཕྲད་ཅིང་ལས་བྱས་པ་ཆུད་ཟ་བ་སོགས་ཀྱི་ཉེས་པ་དུ་མ་ཡོད་པས། དེ་ལྟ་བུའི་ང་དེའི་སྐད་ཅིག་སྔ་ཕྱི་རྣམས་ཐ་དད་མ་ཡིན་ལ། དེས་ན་བློ་དེས་བཟུང་བ་ལྟར་གྱི་ང་དེ་ཕུང་བོ་ལྔ་དང་གཅིག་ཏུ་མ་གྲུབ་བོ་སྙམ་དུ་བསམ། གཞན་ཡང་དེ་ལྟར་བཟུང་བའི་ང་དེ་ཕུང་པོ་བ་དང་གཅིག་ཏུ་གྲུབ་ན། བདེན་པར་གྲུབ་པའི་གཅིག་ཡིན་པས་ཆ་ཐམས་ཅད་ནས་ཐམས་ཅད་དུ་གཅིག་ཏུ་འགྱུར་ལ། དེ་ལྟར་ན་ངའམ་བདག་ཕུང་བོ་ལྔ་ཉེ་བར་ལེན་པ་པོ་དང༌། ཕུང་བོ་ལྔའམ་བདག་གིས་ཉེ་བར་བླང་བྱ་མ་ཡིན་པ་སོགས་ཀྱི་ཉེས་པ་དུ་མ་ཡོད་པས། དེ་ལྟར་བཟུང་བའི་ང་དེ་ཕུང་བོ་ལྔ་དང་གཅིག་ཏུ་མ་གྲུབ་པར་བསམ་མོ། །བཞི་པ་བདེན་པའི་དུ་བྲལ་ངེས་པའི་གནད་ནི། དེ་ལྟར་བཟུང་བའི་ང་དེ་ཕུང་བོ་ལྔའི་སྟེང་དུ་གཅིག་ཏུ་མ་གྲུབ་ཀྱང༌། ཕུང་བོ་ལྔའི་སྟེང་དུ་ཐ་དད་དུ་གྲུབ་བོ་སྙམ་ན། ཕུང་བོ་ལྔ་ཡང་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རེ་རེ་ནས་བསལ་བའི་རྗེས་སུ། འདི་རྣམ་ཤེས་ཀྱི་ཕུང་པོའོ། །ཞེས་ཟུར་དུ་ངོས་འཛིན་རྒྱུ་ཡོད་པ་བཞིན་དུ། གཟུགས་ཕུང་སོགས་རེ་རེ་ནས་བསལ་བའི་འོག་ཏུ་དེ་ལྟར་བཟུང་བའི་ང་དེ་འདིའོ། །ཞེས་ཐ་དད་དུ་ངོས་འཛིན་རྒྱུ་དགོས་པ་ལས་དེ་ལྟར་མི་འདུག་པས། དེ་ལྟར་བཟུང་བའི་ང་དེ་ཕུང་

༡༥༧

པོ་ལྔ་དང་ཐ་དད་དུ་མ་གྲུབ་སྙམ་དུ་བསམ། དེ་ལྟར་གནད་བཞིའི་དཔྱད་པ་བྱས་པ་ལ་བརྟེན་ནས་ངར་འཛིན་ལྷན་སྐྱེས་ཀྱི་ང་བཟུང་བ་ལྟར་གྱི་ང་མེད་པར་ངེས་པ་ནས། ངེས་ཤེས་དེ་ཉིད་ཀྱི་རྒྱུན་བྱིང་རྒོད་དང་བྲལ་བར་རྩེ་གཅིག་ཏུ་བསྐྱང་བར་བྱའོ། །དེ་ཡང་ངེས་ཤེས་དེ་ཉིད་ཤུགས་ཅུང་ཟད་ཆུང་ངུ་སོང་བ་ན་ལས་དང་པོ་བ་རྣམས་ཀྱིས་སྔར་ལྟར་གནད་བཞིའི་དཔྱད་པ་བྱས་པ་ལ་བརྟེན་ནས། བདེན་མེད་ཀྱི་ངེས་ཤེས་འདྲེན་པར་བྱེད་ལ། བློ་མཐོ་བ་རྣམས་ཀྱིས་ནི་ངར་འཛིན་ལྷན་སྐྱེས་ལ་ང་ཇི་ལྟར་སྣང་བ་ལྟར་གྲུབ་མ་གྲུབ་དཔྱད་པ་བྱས་པ་ལ་བརྟེན་ནས། གནད་བཞིའི་དཔྱད་པ་བྱས་པ་དང་འདྲ་བར་བདེན་མེད་ཀྱི་ངེས་ཤེས་འདྲེན་པས། དེའི་ཚེ་ངེས་ངོར་ང་རང་བཞིན་མེད་པར་ངེས་པའི་ངེས་ཤེས་དམ་སྦྲིང་ངེ་བ་དང༌། སྣང་ངོར་དགག་བྱ་བདེན་གྲུབ་བཀག་ཙམ་གྱི་སྟོང་སང་ངེ་བའི་ཁྱད་པར་གཉིས་ལྡན་དུ་བྱས་ནས་རྩེ་གཅིག་ཏུ་སྐྱོང་བ་ནི་མཉམ་བཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་ལོ། །རྗེས་ཐོབ་ཏུ་ང་ལ་སོགས་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་རྣམ་རོལ་དུ་བསྒོམ་པར་བྱ་སྟེ། དེ་ཡང་མཉམ་བཞག་ཏུ་བདེན་མེད་ཀྱི་ངེས་ཤེས་ཤུགས་དྲག་པོ་དྲངས་པ་ལ་བརྟེན་ནས། རྗེས་ཐོབ་ཏུ་གང་ཤར་ཐམས་ཅད་སྣང་ཡང་བདེན་མེད་བརྫུན་པ་སྒྱུ་མ་ལྟ་བུའི་རྣམ་རོལ་ཏུ་འཆར་བ་ལ་བསླབ་པར་བྱའོ། །གཉིས་པ་ཆོས་ཀྱི་བདག་མེད་གཏན་ལ་ཕབ་ནས་སྒོམ་ཚུལ་ལ་གཉིས། འདུས་བྱས་རང་བཞིན་མེད་པར་གཏན་ལ་ཕབ་ནས་སྒོམ་ཚུལ་དང༌། འདུས་མ་བྱས་རང་བཞིན་མེད་པར་གཏན་ལ་ཕབ་ནས་སྒོམ་ཚུལ་ལོ། །དང་བོ་ལ་བེམ་ཤེས་ལྡན་མིན་འདུ་བྱེད་གསུམ་ལས། དང་བོ་ལུས་ལྟ་བུ་ལ་མཚོན་ན་དེ་ཡང་ཤ་རུས་གདོས་བཅས་ཀྱི་ཡན་ལག་ལྔ་ཚོགས་ཙམ་གྱི་ལུས་འདིའི་སྟེང་དུ། རྟོག་པས་བཏགས་པ་ཙམ་མ་ཡིན་པར་ཚུགས་ཐུབ་ཏུ་གྲུབ་པའི་ལུས་ཡོ་རེ་བ་ཞིག་ཡོད་པར་རང་ཅག་རྣམས་

༡༥༨

ལ་བསྙོན་མེད་དུ་འཆར་བ་ནི་དགག་བྱའི་སྣང་ཚུལ་ཡིན་ལ། དེ་ལྟ་བུའི་ལུས་དེ་ཤ་རུས་གདོས་བཅས་ཀྱི་ཡན་ལག་ལྔ་ཚོགས་ཙམ་གྱི་ལུས་འདིའི་སྟེང་དུ་ཡོད་ན་ཤ་རུས་གདོས་བཅས་ཀྱི་ཡན་ལག་ལྔ་ཚོགས་ཙམ་གྱི་ལུས་འདི་དང་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ། གཅིག་ཏུ་གྲུབ་ན་ཤ་རུས་གདོས་བཅས་ཀྱི་ཡན་ལག་ལྔ་ཚོགས་ཙམ་གྱི་ལུས་འདི་ཕ་མའི་ཁུ་ཁྲག་ལས་གྲུབ་པ་ཡིན་པས། རྣམ་ཤེས་འཇུག་པའི་གཞིར་གྱུར་པའི་ཁུ་ཁྲག་གི་ཐིག་པ་དེ་ཡང་ཤ་རུས་གདོས་བཅས་ཀྱི་ཡན་ལག་ལྔ་ཚོགས་ཙམ་གྱི་ལུས་སུ་འགྱུར་བ་དང༌། ཡན་ལག་ལྔ་ཡོད་པ་བཞིན་དུ་ལུས་ཀྱང་ཡན་ལག་ལྔར་ཚོགས་པའི་ལུས་ལྔར་འགྱུར་ལ། ཐ་དད་དུ་གྲུབ་ན་མགོ་ལ་སོགས་པའི་ཡན་ལག་རེ་རེ་ནས་བསལ་བའི་རྗེས་སུ། ལུས་དེ་འདིའོ་ཞེས་བསྟན་རྒྱུ་དགོས་པ་ལས་དེ་ལྟར་མི་འདུག་པས། དེ་ལྟ་བུའི་ལུས་གཏན་ནས་མེད་སྙམ་དུ་ངེས་ཤེས་དྲངས་ནས་བསྐྱང་བར་བྱའོ། །གཉིས་པ་དེ་རིང་གི་ཤེས་པ་ལྟ་བུ་ལ་མཚོན་ན། དེ་རིང་གི་སྔ་དྲོའི་ཤེས་པ་དང་དེ་རིང་གི་ཕྱི་དྲོའི་ཤེས་པ་གཉིས་ཀྱི་སྟེང་དུ་རྟོག་པས་བཏགས་པ་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པའི་དེ་རིང་གི་ཤེས་པ་ཞིག་ཡོད་ན། དེ་རིང་གི་སྔ་དྲོའི་ཤེས་པ་དང་དེ་རིང་གི་ཕྱི་དྲོའི་ཤེས་པ་གཉིས་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ། གཅིག་ཏུ་གྲུབ་ན་དེ་རིང་གི་སྔ་དྲོའི་ཤེས་པའི་སྟེང་དུ་དེ་རིང་གི་ཕྱི་དྲོའི་ཤེས་པ་ཡོད་པར་འགྱུར་ལ། ཐ་དད་དུ་གྲུབ་ན་དེ་རིང་གི་སྔ་དྲོའི་ཤེས་པ་དང༌། དེ་རིང་གི་ཕྱི་དྲོའི་ཤེས་པ་གཉིས་རེ་རེ་ནས་བསལ་བའི་རྗེས་སུ། དེ་རིང་གི་ཤེས་པ་དེ་འདིའོ་ཞེས་བསྟན་རྒྱུ་དགོས་པ་ལས་དེ་ལྟར་མི་འདུག་པས། དེ་ལྟ་བུའི་ཤེས་པ་གཏན་ནས་མེད་སྙམ་དུ་ངེས་ཤེས་དྲངས་ནས་སྔར་ལྟར་སྒོམ་པར་བྱེད་དོ། །གསུམ་པ་དུས་ལོ་གཅིག་ལྟ་བུ་ལ་མཚོན་ན། ལོའི་གདགས་གཞི་ཟླ་བ་བཅུ་གཉིས་པོའི་སྟེང་དུ་རྟོག་པས་བཏགས་པ་ཙམ་མ་ཡིན་པར། རང་ངོས་

༡༥༩

ནས་གྲུབ་པའི་ལོ་ཞིག་ཡོད་ན་ཟླ་བ་བཅུ་གཉིས་པོ་དང་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ་གཅིག་ཏུ་གྲུབ་ན་ཟླ་བ་བཅུ་གཉིས་ཡོད་པ་བཞིན་དུ་ལོ་ཡང་བཅུ་གཉིས་སུ་འགྱུར་ལ། ཐ་དད་དུ་གྲུབ་ན་ཟླ་བ་བཅུ་གཉིས་པོ་རེ་རེ་ནས་བསལ་བའི་རྗེས་སུ། ལོ་དེ་འདིའོ་ཞེས་བསྟན་རྒྱུ་དགོས་པ་ལས། དེ་ལྟར་མི་འདུག་པས། དེ་ལྟ་བུའི་ལོ་གཏན་མི་འདུག་སྙམ་དུ་ངེས་ཤེས་དྲངས་ནས་སྔར་ལྟར་བསྐྱང་བར་བྱའོ། །གཉིས་པ་འདུས་མ་བྱས་རང་བཞིན་མེད་པར་གཏན་ལ་ཕབ་ནས་སྒོམ་ཚུལ་ནི། དེ་ཡང་ནམ་མཁའ་ལྟ་བུ་ལ་མཚོན་ན་ཕྱོགས་དང་ཕྱོགས་མཚམས་ཀྱི་ནམ་མཁའི་ཆ་དུ་མ་ཞིག་ཡོད་པས། དེ་རྣམས་དང་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ་དཔྱད་དེ་བདེན་མེད་ཀྱི་ངེས་ཤེས་དྲངས་ནས་སྔར་ལྟར་སྒོམ་པར་བྱེད་དོ། །མདོར་ན་ང་དང་ཕུང་པོ་དང་རི་རབ་ཁང་ཁྱིམ་ལ་སོགས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་མ་ཡིན་པར། རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པར་ངེས་པའི་ངེས་ཤེས་དེ་ཉིད་རྩེ་གཅིག་ཏུ་སྐྱོང་བ་མཉམ་བཞག་ནམ་མཁའ་ལྟ་བུ་དང༌། རྗེས་ཐོབ་ཏུ་ཡུལ་སྣང་ཐམས་ཅད་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས་བྱུང་བའི་བདེན་མེད་བརྫུན་པའི་རང་བཞིན་དུ་ཤེས་པའི་རྗེས་ཐོབ་སྒྱུ་མའི་རྣལ་འབྱོར་གཉིས་ལེགས་པར་བསྐྱངས་པ་ལ་བརྟེན་ནས། དཔྱད་པ་བྱས་སྟོབས་ཀྱིས་དྲངས་པའི་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་མཉམ་བཞག་དེ་ཉིད་ལྷག་མཐོང་མཚན་ཉིད་པར་འཇོག་པ་ཡིན་ནོ། །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི་སྔར་བཞིན་ཡིན་ལ། གཉིས་པ་ཐུན་མཚམས་སུ་ཡང་ལྷག་མཐོང་གི་རྣམ་བཞག་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་བལྟ་བ་སོགས་སྔར་བཞིན་ནོ། །དེ་ལྟར་ལ་མཐུན་མོང་བས་རྒྱུད་སྦྱངས་ནས་ངེས་པར་རྡོ་རྗེ་ཐེག་པ་ལ་འཇུག་དགོས་ཏེ། ལམ་དེ་ལ་བརྟེན་ནས་བསྐལ་པ་གྲངས་མེད་པ་གསུམ་ལ་མི་ལྟོས་

༡༦༠

པར་ཚོགས་གཉིས་བདེ་བླག་ཏུ་རྫོགས་པར་འགྱུར་བས་སོ། །དེ་ཡང་བཤེས་གཉེན་བསྟེན་ཚུལ་ནས་ཞི་གནས་དང་ལྷག་མཐོང་གི་བར་རྣམས་མྱོང་ཁྲིད་དུ་བྱས་ཏེ། ཉིན་རེ་བཞིན་དུ་ཐུན་བཞིའམ་མ་མཐའ་ཐུན་ཅིག་ཏུ་ཡང་བྱས་ཏེ། ལམ་གྱི་རིམ་པ་རྣམས་ལ་ཡིད་འགྱུར་བའི་མྱོང་བ་འདོན་པར་བྱེད་པ་ནི་དལ་བའི་རྟེན་ལ་སྙིང་པོ་ལེན་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་ནོ། །མཉམ་མེད་བུ་རམ་ཤིང་བའི་དགོངས་པའི་དོན། །དཔལ་ལྡན་མར་མེ་མཛད་དཔལ་ཡབ་སྲས་དང༌། །བློ་བཟང་རྒྱལ་བ་གཉིས་པས་གསལ་མཛད་པ། །མདོར་བསྡུས་ཉམས་ལེན་རིམ་པར་བསྒྲིགས་པ་འདི། །སྐལ་བཟང་ཐར་བར་བགྲོད་པའི་ཆ་རྐྱེན་ཏུ། །ཆོས་ཀྱི་རྒྱལ་མཚན་ཞེས་བྱས་ལེགས་པར་བསྡེབས། །དགེ་བ་འདི་ཡིས་བདག་གཞན་འགྲོ་བ་རྣམས། །སྐྱེས་བུ་གསུམ་གྱི་ཉམས་ལེན་མཐར་ཕྱིན་ཤོག །ཅེས་བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་ཞེས་བྱ་བ་འདི། ཆོས་སྨྲ་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་དབྱར་ཆོས་ཞིག་ལ་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ལ་ཟིན་ཐུན་དུ་བསྩལ་བ་ཟིན་བྲིས་སུ་བཏབ་པ་ལས་སླར་རང་གི་མིག་ལམ་དུ་ཕབ་ནས་ཞུས་དག་བགྱིས་པའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །


Notes


Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion.