Tibetan:ཤངས་པ་བཀའ་བརྒྱུད་ཀྱི་མགུར་མཚོ་
Jump to navigation
Jump to search
ཤངས་པ་བཀའ་བརྒྱུད་ཀྱི་མགུར་མཚོ་
shangs pa bka' brgyud kyi mgur mtsho
Damngak Dzö Volume 12 (ན་) / Pages 463-559 / Folios 1a1 to 49a5
shangs pa bka' brgyud kyi mgur mtsho
Damngak Dzö Volume 12 (ན་) / Pages 463-559 / Folios 1a1 to 49a5
Tibetan Text
༤༦༣
དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་དོ་ཧ་རྡོ་རྗེའི་ཚིག་རྐང་དང་མགུར་དབྱངས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཐོས་པ་དོན་ལྡན་བྱིན་རླབས་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །
༤༦༤
དཔལ་རྡོ་རྗེ་འཆང་གི་རྒྱལ་ཚབ་ས་བཅུ་པའི་དབང་ཕྱུག་རྩོད་པ་མེད་པའི་གྲུབ་ཐོབ་ཀྱི་ཕྲེང་བ་བར་མ་ཆད་དུ་བྱོན་པ་འགྲོ་མགོན་ཤངས་པ་བཀའ་བརྒྱུད་ཅེས་འཇིག་རྟེན་གསུམ་ན་ཡོངས་སུ་གྲགས་ཤིང་ཁྱད་པར་དུ་འཕགས་པའི་ཆེ་བའི་ཡོན་ཏན་ངོ་མཚར་དུ་མས་བརྒྱན་པ་དེ་དག་གི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ལོ། །རིགས་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་གིས་རྡོ་རྗེ་མི་ཤིགས་པ་ནཱ་དའི་རང་སྒྲས་རྡོ་རྗེ་གསང་བའི་རྒྱུད་ཟབ་མོ་གདམས་ངག་དམར་ཁྲིད་ཀྱི་ཚིག་རྐང་དུ་རྩལ་བ་ནས་བཟུང་སྟེ། །བཀའ་བརྒྱུད་རིན་ཆེན་ཕྲེང་བ་རིམ་པར་བྱོན་པ་རྣམས་ཀྱིས་གནས་ལུགས་ཆོས་སྐུའི་རྒྱལ་ས་ཟིན་ཏེ་ཉམས་དང་རྟོགས་པའི་གཟི་བྱིན་རབ་ཏུ་འབར་བ་ལས་དགོངས་པ་ཟབ་མོའ་ཉམས་སྐྱུག་དོ་ཧ་རྡོ་རྗེའི་དབྱངས་ཀྱི་གད་མོ་མཁའ་ཁྱབ་ཏུ་སྒྲོགས་པ་རྣམས་ཀྱི་ནང་ནས། །རྣལ་འབྱོར་བ་རྣམས་ལ་དད་གུས་ཀྱི་གསོས་སྦྱིན་པ་དང་། །ཞེན་ལོག་ངེས་འབྱུང་གི་སྐུལ་ལྕག་འདེབས་པ་དང་། །ཉམས་མྱོང་གོང་ནས་གོང་དུ་སྤེལ་བ་དང་། རྟོགས་པའི་ཡེ་ཤེས་ལ་དཔའ་ཚན་སྐྱེད་བ་དང་། དཔའ་བོ་ཌཱ་ཀི་རྣམས་དགྱེས་པ་བསྐྱེད་པ་དང་། །གེགས་དང་བར་ཆད་ཀྱི་འཕྲང་ལས་སྒྲོལ་བ་དང་། །མི་དང་མི་མ་ཡིན་པའི་འགྲོ་བ་མཐའ་ཡས་པ་ཆོས་ཀྱི་སྦྱིན་པ་བླ་ན་མེད་པས་ཚིམས་པར་བྱ་བའི་སླད་དུ་ཅུང་ཟད་ཅིག་གུས་པས་བསྒྲག་བར་བྱ་
༤༦༥
བ་ལས། །ཐོག་མར་སྔོན་འགྲོ་ཆོས་སྤྱོད་ཀྱི་རིམ་པ་དང་ཏིང་ངེ་འཛིན་གསལ་འདེབས་པ་ལ་འཇུག་པར་ཞུ། །ཞེས་བསྐུལ་ཏེ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །ལན་གསུམ། །སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའ་གོ་འཕང་ཐོབ་པར་བྱ། །དེའི་ཆེད་དུ་དོ་ཧ་རྡོ་རྗེའི་དབྱངས་ཀྱི་བཟླས་རིམ་ལ་འཇུག་པར་བགྱིའོ། །ལན་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ། །མགུར་ལེན་པ་པོ་རྣམས་ཐ་མལ་གྱི་རྟོག་པ་སྤངས་ཏེ་རྣལ་འབྱོར་གྱི་རིམ་པ་ལ་གནས་དགོས་པས་དེ་གསལ་གདབ་པའི་ཕྱིར། སྣོད་བཅུད་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས། །གནས་ཁང་ཐར་པ་ཆེན་པོའ་གཞལ་མེད་ཁང་། །ཕྱི་ནང་ཀུན་ཏུ་རྒྱན་དང་བཀོད་པ་དང་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་དང་ལྡན་པ། །ཚོགས་ཀྱི་འདུས་པ་དཔལ་ཧེ་རུ་ཀ་ལྔའི་དཀྱིལ་འཁོར་དུ་གྱུར་པའི་ཐུགས་ཀ་ནས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་སྣང་བའི་འོད་ཟེར་ཆེན་པོ་འཕྲོས་པས་བསྐུལ་ཏེ། །བླ་མ་རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་གང་བར་སྤྱན་དྲངས། བཛྲ་ས་མཱ་ཛཿ བླ་མ་རྒྱལ་བ་སྲས་དང་བཅས། །ཡི་དམ་དཔའ་བོ་རྣལ་འབྱོར་མ། །མཁའ་ཁྱབ་ཆོས་སྐུའི་རོལ་པ་ལ། །གཤེགས་
༤༦༦
བཞུགས་མཚན་མ་མི་མངའ་ཡང་། །གང་འདུལ་ཡེ་ཤེས་སྒྱུ་མའི་འཕྲུལ། །མོས་པའི་ཡིད་མཁར་མངོན་གསལ་ཏེ། །དོན་མཛད་བར་དུ་བརྟན་པར་བཞུགས། །ཚོགས་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབས། །པདྨ་ཀ་མ་ལཱ་ཡ་སྟྭཾ། བཀོད་པ་ཤིན་ཏུ་མཛེས་པའི་སོགས་མཎྜལ་བཀའ་རྒྱ་མ་ཕུལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱིས་རྒྱུན་ཤགསབཤགས་བྱ། དེའང་མོས་གུས་གསོལ་འདེབས་དང་བཅས་ཏེ་མགུར་གྱི་སྣ་འདྲེན། ཉམས་རྟོག་དཔའ་ངར་དང་བཅས་ཏེ་མགུར་གྱི་གཞུང་བསྲང་། དགའ་སྤྲོའི་ཤིས་བརྗོད་དང་བཅས་ཏེ་མགུར་གྱི་མཇུག་སྡུད་པ་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་བཞེས་ལགས་པས། །ཐོག་མར་རྩ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐ་མལ་གྱི་སྣང་བ་འཕྲོག །བློ་སྣ་བཙན་ཐབས་སུ་སྒྱུར། །རྟོགས་པའི་ཡེ་ཤེས་གོང་དུ་སྤོར་བར་ནུས་པའི་གསོལ་འདེབས་ཀྱི་མགུར་གྲྭ་ལེགས་པར་བསྒྲིགས་པར་ཞུ། ན་མོ་གུ་རུ། རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་། །ཕ་དྲིན་ཆེན་བླ་མར་གསོལ་བ་འདེབས། །དྲྭ་བ་སྡོམ་མཛད་བདེ་བའི་མཆོག །དཔལ་ཧེ་རུ་ཀ་ལ་གསོལ་བ་འདེབས། །དབྱིངས་བདེ་སྟོང་ཟག་མེད་དཀྱིལ་འཁོར་ན། །ཡེ་ཤེས་མཁའ་འགྲོ་ནི་གུ་ལ་གསོལ་བ་འདེབས། །གནས་མཁའ་སྤྱོད་ལོངས་སྐུའི་ཞིང་ཁམས་ན། །ཡུམ་སུ་ཁ་སིདྡྷི་ལ་གསོལ་བ་འདེབས། །གནས་གང་འདུལ་སྤྲུལ་པའི་ཕོ་བྲང་ན། །མཁས་གྲུབ་བརྒྱ་དང་ལྔ་བཅུ་ལ་གསོལ་བ་འདེབས། །རྒྱུད་མཐར་ཐུག་ལྔ་ལྡན་ཌཱ་ཀིའི་སྲས། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གསོལ་བ་འདེབས། །སྲིད་མཐའ་མའི་བྱང་སེམས་གཅིག་བརྒྱུད་འཛིན། །རྗེ་རྨོག་ལྕོགས་པ་ལ་གསོལ་བ་འདེབས། །ལྷ་སྤྱན་རས་གཟིགས་དབང་གཙང་སྒོམ་གཟུགས། །རྗེ་སྐྱེར་སྒང་པ་ལ་གསོལ་བ་འདེབས། །རིགས་དྲུག་པའི་ཁྱབ་བདག་སྦས་པའི་ཚུལ། །རྗེ་གཉན་སྟོན་ཆེན་པོ་ལ་གསོལ་བ་འདེབས། །བརྒྱུད་རིན་ཆེན་བདུན་གྱི་རྣམ་ཐར་རྫོགས། །རྗེ་སངས་རྒྱས་སྟོན་
༤༦༧
པ་ལ་གསོལ་བ་འདེབས། །བཀའ་བརྒྱུད་པའི་ཆུ་ཀླུང་འབབས་པའི་གཞི། །རྗེ་མཁས་གྲུབ་རྣམ་གསུམ་ལ་གསོལ་བ་འདེབས། །ངོ་མཚར་བའི་རྣམ་ཐར་ཕྲིན་ལས་ཅན། །དཔལ་འཇག་བསམ་བརྒྱུད་པ་ལ་གསོལ་བ་འདེབས། །རྗེ་ཚུལ་ཁྲིམས་མགོན་དང་རི་ཁྲོད་པ། །ཤངས་དཀར་རིན་ཆེན་རྒྱལ་མཚན་ལ་གསོལ་བ་འདེབས། །རྗེ་ལྐུགས་ལུང་བ་དང་ནམ་རྒྱལ་བ། །རྒྱ་སྒོམ་ལེགས་པ་རྒྱལ་མཚན་ལ་གསོལ་བ་འདེབས། །མཁའ་འགྲོའི་རྗེས་བཟུང་འཆི་མེད་འགྲུབ། །རྗེ་ཐང་སྟོང་རྒྱལ་པོ་ལ་གསོལ་བ་འདེབས། །བརྟུལ་ཞུགས་སྤྱོད་པས་འགྲོ་བ་འདུལ། །དཔལ་ལྡན་ཀུན་དགའ་གྲོལ་མཆོག་ལ་གསོལ་བ་འདེབས། །དོན་ཆོས་སྐུའི་དགོངས་པ་མངོན་ཏུ་གྱུར། །རྗེ་བྲག་སྟོད་པ་ལ་གསོལ་བ་འདེབས། །ཧེ་རུ་ཀ་དཔལ་གསང་བའི་བདག །རྗེ་བཙུན་ཏཱ་ར་ནཱ་ཐ་ལ་གསོལ་བ་འདེབས། །དཔལ་ཤངས་པའི་བཀའ་བརྒྱུད་འཛིན་མཛད་པའི། །སྐྱེས་མཆོག་རིམ་བྱོན་རྣམས་ལ་གསོལ་བ་འདེབས། །གནས་མི་ཤིགས་འཁོར་ལོ་ལྔ་ཡི་དབུས། །ཡི་དམ་རྒྱུད་སྡེ་ལྔ་ལ་གསོལ་བ་འདེབས། །ལུས་དྭངས་མ་འོད་ལྔའི་ཐིག་ལེ་རུ། །ཡེ་ཤེས་མཁའ་འགྲོ་ཡབ་ཡུམ་ལ་གསོལ་བ་འདེབས། །གནས་སྙིང་རྗེ་རྣམ་རོལ་དུར་ཁྲོད་ནས། །མྱུར་མཛད་ཡེ་ཤེས་མགོན་པོ་ལ་གསོལ་བ་འདེབས། །ཕྱི་ཐ་སྙད་འཁྲུལ་པའི་སྣང་བ་ཞིག །ནང་ཀུན་རྫོབ་དོན་དམ་དབྱེར་མེད་རྟོགས། །བར་ཆོས་སྐུའི་རང་ཞལ་མངོན་གྱུར་ནས། །ཁམས་གསུམ་གྱི་འཁོར་བ་དོང་སྤྲུགས་ཤོག །རིགས་ཐམས་ཅད་ཀྱི་ཁྱབ་བདག་རྒྱལ་བ་དྲུག་པ་རྡོ་རྗེ་འཆང་ཆེན་པོས་རང་སྣང་ཡེ་ཤེས་ཀྱི་མཁའ་འགྲོ་ལ་སྐྱེ་མེད་གཉུག་མའི་རང་སྒྲས་འཁོར་འདས་ཕྱག་རྒྱ་ཆེན་པོའ་རང་བཞིན་ཏུདུ་ངོ་སྤྲོད་པའི་གནས་ལུགས་རྡོ་རྗེའི་ཚིགས་རྐང་འདི་གསུངས་སོ། །བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །ཐ་མལ་ཤེས་པ་ཨེ་མ་ཧོ། །སྔོན་
༤༦༨
འགྲོ་རང་བབ་རྣམ་པ་གསུམ། །དངོས་གཞི་སྐྱོན་བཞི་རང་སར་གྲོལ། །མཐར་ཐུག་སྐུ་བཞི་རང་ཤར་རོ། །སྔོན་འགྲོའི་དམ་ཚིག་གསང་བའི་རྡོ་རྗེའོ། །བོགས་འདོན་སྙིང་རྗེ་གསོལ་འདེབས་སོ། །ལམ་ཁྱེར་ཅིར་སྣང་དེ་ཉིད་དོ། །མངོན་གྱུར་བསྒོམ་མེད་ཡེངས་མེད་དོ། །བསྲེ་བ་རྟོག་མེད་ལམ་ཁྱེར་རོ། །འོད་གསལ་ལྟ་སྟངས་བོགས་འདོན་ནོ། །སད་རྗེས་གསལ་ལ་རྟོག་མེད་བསྲེ། །ཉིན་མཚན་བར་དོའ་འོད་གསལ་ནི། །སྐུ་གསུམ་དབྱེར་མེད་རང་ཤར་ལྟོས། །གང་གིས་མི་ཤེས་རྒྱུད་དུ་སྦས་པའི་དོན། །མཐར་ཐུག་ཚིག་གཅིག་གྲོལ་བ་འདི་ཡིན་ཏེ། །བསྒོམ་མེད་ཡེངས་མེད་གོམས་ཤིང་བརྟན་པ་ལས། །ས་ལམ་རིམ་པ་དུས་འདིར་བགྲོད་བྱེད་པའི། །ཡིད་ལ་མི་བྱེད་སྒྲིབ་གཉིས་རང་སར་དག །སྐུ་གསུམ་རང་ཤར་འབྲས་བུ་ལྷུན་གྱིས་གྲུབ། །མདོ་རྒྱུད་ཀུན་ཏུ་བསྟན་ཀྱང་རང་བཞིན་གབ། །བླ་མའི་བྱིན་རླབས་ཞལ་ལས་ཤེས་པར་བྱ། །ཆོས་སྐུའི་ནམ་མཁར་རྟོགས་པའི་སྤྲིན་ཚོགས་ལས། །དུག་ལྔའི་གློག་འགྱུ་ཡེ་ཤེས་ཆེན་པོར་ལྟོས། །ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་རྡོ་རྗེའི་ཚིག་འདི་ཉིད་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ་མགུལ་གྱི་གའུ་ཙིཏྟ་འདྲ་བའི་ནང་དུ་མི་འབྲལ་བར་བཅངས་པའོ། །ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུཔྟ་ཞེས་བྱ་བ་དཔལ་ནཱ་རོ་ཏཱ་པའི་ལྕམ་མོ་རང་བྱུང་གི་རྣལ་འབྱོར་མ་ས་བཅུའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་དངོས་ཀྱིས་རྗེས་སུ་བཟུང་བ་དེ་ཉིད་ཀྱིས་རང་གྲོལ་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་ཚིགས་རྐང་འདི་གསུངས་སོ། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །སེམས་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །རྫོགས་པའི་སངས་རྒྱས་ཐོབ་འདོད་པས། །ཐ་མལ་རྣམ་རྟོག་དག་བྱའི་ཕྱིར། །རང་ལུས་ལྷར་གསལ་བླ་མ་ལ། །ལྷག་བསམ་དག་པའི་མོས་གུས་བྱ། །བླ་མ་ཡི་དམ་མི་བསམ་ཞིང་། །དངོས་དང་དངོས་མེད་ལ་སོགས་པ། །གང་
༤༦༩
ཡང་ཡིད་ལ་མི་བྱ་བར། །མ་བཅོས་གཉུག་མའི་ངང་ལ་བཞག །རང་སེམས་མ་བཅོས་ཆོས་ཀྱི་སྐུ། །དེ་ལ་མ་ཡེངས་བསྒོམ་པའི་གནད། །མཐའ་བྲལ་ཆེན་པོར་རྟོགས་བར་བྱ། །འཁོར་བའི་རྒྱ་མཚོར་སྐྱུར་བྱེད་པའི། །ཆགས་སྡང་རྟོག་པ་སྣ་ཚོགས་འདི། །སྐྱེ་མེད་མཚོན་ཆ་རྣོན་པོ་ཡིས། །རང་བཞིན་མེད་པར་བཅད་པར་བྱ། །སྡོང་པོའ་རྩ་བ་བཅད་གྱུར་ན། །ཡལ་ག་སྐྱེ་བར་མི་འགྱུར་རོ། །ཇི་ལྟར་དྭངས་པའི་རྒྱ་མཚོ་ལས། །ཆུ་བུར་བྱུང་ཞིང་ཆུ་ལ་ཐིམ། །དེ་བཞིན་རྣམ་པར་རྟོག་པ་ཡང་། །ཆོས་ཉིད་མིན་པ་གཞན་མེད་ཀྱི། །སྐྱོན་དུ་མ་བལྟ་གློད་ལ་ཞོག །གང་ཤར་གང་སྐྱེས་དེ་ཉིད་ལ། །དེར་འཛིན་མེད་པས་རང་སར་གྲོལ། །སྣང་གྲགས་ཆོས་རྣམས་རང་གི་སེམས། །སེམས་ལས་མ་གཏོགས་ཆོས་གཞན་མེད། །སེམས་ནི་སྐྱེ་འགགས་སྤྲོས་དང་བྲལ། །སེམས་ཀྱི་དེ་ཉིད་ཤེས་པ་དེས། །འདོད་ཡོན་ལྔ་ལ་སྤྱད་གྱུར་ཀྱང་། །ཆོས་ཉིད་ངང་ལས་གཡོས་པ་མེད། །དཔེར་ན་གསེར་གླིང་ཕྱིན་པ་ཡིས། །ས་རྡོ་བཙལ་ཡང་མི་རྙེད་ལྟར། །མཉམ་ཉིད་ཆོས་དབྱིངས་ཆེན་པོ་ལ། །སྤང་བླང་མཉམ་བཞག་རྗེས་ཐོབ་མེད། །གང་གི་ཚེ་ན་མངོན་དུ་འགྱུར། །དེ་ཚེ་ལྷུན་གྱིས་གྲུབ་པར་གྱུར། །འགྲོ་བའི་རེ་བ་སྐོང་མཛད་པའི། །ཡིད་བཞིན་ནོར་བུ་ལྟ་བུར་འགྱུར། །གང་ཟག་དབང་པོ་རབ་འབྲིང་གསུམ། །བློ་ཡི་རིམ་པས་ཤེས་པར་བྱ། །ཞེས་གསུངས་སོ། ༈ །ཡེ་ཤེས་ཀྱི་མཁའ་འགྲོ་སུ་ཁ་སིདྡྷི་ཞེས་དཔལ་ཆེན་བིར་ཝ་པས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་རྫོགས་པར་བསྐུར་བས་ནུབ་གཅིག་ལ་ས་བརྒྱད་པའི་རྟོགས་པ་མངོན་ཏུ་གྱུར་ནས་རྡོ་རྗེ་འཆང་དངོས་སུ་མཇལ་ཏེ་བཅོམ་ལྡན་འདས་བདག་མེད་མ་དང་དབྱེར་མེད་པ་དེ་ཉིད་ཀྱིས་སྐལ་ལྡན་རྣམས་ལ་གདམས་པའི་སྙིང་པོ་སྩལསྩོལ་བ། །ཚོགས་དྲུག་ཡུལ་དུ་མ་སྤྱད་པའི། །དྲན་མེད་མྱ་ངན་འདས་པའི་ལམ། །རྣམ་པར་མི་ཏོག་ཆོས་ཀྱི་དབྱིངས། །ཡིད་དང་བྲལ་བས་ཕྱག་
༤༧༠
རྒྱ་ཆེ། །མ་སྒོམས་མ་སྒོམས་བློ་མ་སྒོམས། །བློས་སྒོམ་རྟོག་པའི་འཁྲུལ་འཁོར་ཡིན། །རྟོག་པས་འཁོར་བར་བཅིངས་པ་སྟེ། །བློ་དང་བྲལ་བ་བསྒོམ་དུ་མེད། །ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག །ཅེས་གསུངས་སོ། ༈ །གྲུབ་པའི་དབང་ཕྱུག་ཆེན་པོ་དཔལ་ཤ་བ་རི་པས་དངོས་སུ་རྗེས་སུ་བཟུང་ཞིང་བར་དོ་ཕྱག་རྒྱ་ཆེན་པོ་མཆོག་གྲུབ་པར་ལུང་བསྟན་པ། །དཔའ་བོ་དང་མཁའ་འགྲོ་མ་མཐའ་ཡས་པའི་གཙོ་བོ། སྙིང་པོ་དོན་གྱི་གནས་ལུགས་ཡིད་ལ་མི་བྱེད་པའི་གདམས་ངག་གི་བདག་པོ། །རྒྱལ་བ་མཻ་ཏྲི་པ་གཉིས་མེད་རྡོ་རྗེ་ཉིད་བི་ཀྲ་མ་ལ་ཤཱི་ལར་སྦས་པའི་ཚུལ་དུ་བཞུགས་པའི་ཚེ་ཆང་དང་ཕྱག་རྒྱ་བརྟེན་པ་དགེ་འདུན་གྱིས་མཐོང་སྟེ་གནས་ནས་དབྱུང་བ་ན། ཆུ་བོ་གདྒ་ལ་ཁྲི་སྙན་སཱ་ལེའི་ལྤགས་གདན་བཏིང་། །སྦ་བེར་གྱིས་སྐྱ་བ་མཛད་ནས་གཤེགས་ཏེ་མགུར་འདི་བཞེངས་སོ། བླ་མ་རྗེ་བཙུན་བརྟེན་ན་བདེ། །གདམས་ངག་བདུད་རྩི་འཐུངས་ན་བདེ། །དེ་ཉིད་ཉམས་སུ་མྱོང་ན་བདེ། །ཉམས་མྱོང་ཅི་ཡང་མེད་ན་བདེ། །རེ་དོགས་མེད་པའི་ལྟ་བ་བདེ། །ལྷུན་གྱིས་གྲུབ་ན་ཡོངས་ཀྱང་བདེ། །གཉིས་འཛིན་མེད་པའི་བསྒོམ་པ་བདེ། །གཟའ་གཏད་མེད་ན་ཡོངས་ཀྱང་བདེ། །བླང་དོར་མེད་པའི་སྤྱོད་པ་བདེ། །ཉམ་ང་མེད་ན་ཡོངས་ཀྱང་བདེ། །སེམས་ཀྱིས་སེམས་ལ་བལྟས་ན་བདེ། །རེ་དོགས་གོལ་ས་བཅད་ན་བདེ། །རི་ཁྲོད་དགོན་པ་འགྲིམས་ན་བདེ། །རེ་དོགས་མེད་པའི་ལྟ་བ་བདེ། །ཡུལ་དང་གཉེན་འདུན་བཞག་ན་བདེ། །བསོད་སྙོམས་ཟས་ལ་བསྟེན་ན་བདེ། །བདེ་ཆེན་ཟས་སུ་ཟོས་ན་བདེ། །འོད་གསལ་གོས་སུ་གོན་ན་བདེ། །ཕོ་ཉ་ལམ་དུ་ཁྱེར་ན་བདེ། །དམིགས་པ་སྣ་རྩེར་གཏད་ན་བདེ། །ཞེས་གསུངས་ནས་ཆུ་ལ་ཐད་ཀར་ཐོགས་མེད་དུ་གཤེགས་པས་ཐམས་ཅད་ཀྱིས་གྲུབ་པ་ཐོབ་པར་ཤེས་ནས་འགྱོད་ཅིང་ཕྱི་ནས་ཕར་ལ་ཕྱག་བྱས་སོ། །བླ་མ་མངའ་བདག་ཆེན་
༤༧༡
པོ་དེ་ཉིད་ལྷོ་ཕྱོགས་དཔལ་གྱི་རི་ལ་རྗེ་བཙུན་རི་ཁྲོད་པའི་ཞབས་ཀྱི་རྡུལ་ལ་རེག་ནས། །ཕྱག་རྒྱ་ཆེན་པོའ་དབང་བསྐུར་མཛད་པའི་དུས་སུ། །དངོས་པོའ་གནས་ལུགས་གཏན་ལ་དབབ་པའི་ཆེད་དུ་རྡོ་རྗེའི་གླུ་བླངས་པའི། །ཧཱུྃ་ཧཱུྃ། འཁོར་དང་མྱ་ངན་འདས་པ་དབྱེར་མི་ཕྱེད། །ཆུ་དང་རླབས་བཞིན་དུ་ནི་གནས་པ་ཡིན། །སངས་རྒྱས་སེམས་ཅན་གཉིས་སུ་མེད་པ་སྟེ། །དུག་ལ་སྔགས་ཀྱིས་བཏབ་པའི་ཁྱད་པར་བཞིན། །སེམས་ཉིད་གཅིག་ལ་སྣ་ཚོགས་སྣང་བ་སྟེ། །ཤེལ་ཉིད་རྐྱེན་གྱིས་ཁ་དོག་བསྒྱུར་བ་བཞིན། །དངོས་པོ་སྣ་ཚོགས་ཤར་ཡང་རང་སེམས་ཏེ། །ཆུ་རྣམས་ཐམས་ཅད་རྒྱ་མཚོར་ལན་ཚྭའི་རོ། །དངོས་དང་དངོས་མེད་སྤངས་ནས་གདོད་མའི་སེམས། །དཔེར་ན་བར་སྣང་བྱ་ཡི་རྗེས་བཞིན་གནས། །ལོ་སྟོང་ལོན་པའི་མུན་པ་འཐུགམཐུག་པོ་ལ། །སྒྲོན་མེ་ཆུང་དུ་གཅིག་གིས་སེལ་བ་ལྟར། །འཁོར་བའི་རབ་རིབ་ཆགས་སྡང་འཐུགམཐུག་པོ་ཡང་། །རང་སེམས་རྟོགས་པའི་སྐད་ཅིག་གཅིག་ལ་ཞི། །རྣལ་འབྱོར་ཐབས་དང་ཤེས་རབ་ཟུང་འཇུག་པས། །འཁོར་བར་སྡུག་བསྔལ་རྦ་རླབས་རྟོག་པ་ཞི། །ནོར་བུ་ཆུ་དངསདྭངས་རྙོག་གསེབ་བཅུག་པ་བཞིན། །ཁྱབ་དང་གཟུགས་ཅན་མ་ཡིན་འགྲོ་འོང་མེད། །ཕྱག་རྒྱ་ཆེན་པོའ་རྟོགས་པ་སྐྱེས་མ་ཐག །ཁྱབ་ཅིང་རྒྱ་ཆེ་ནམ་མཁའ་ལྟ་བུའི་སེམས། །གསལ་ལ་མི་རྟོག་ནམ་མཁའ་ལྟ་བུ་སྟེ། །སྣང་ཡང་རང་བཞིན་མེད་པ་ཆུ་ཟླ་འདྲ། །འཇའ་ཚོན་ལྟ་བུ་གསལ་ལ་འཛིན་པ་མེད། །གཞོན་ནུའི་བདེ་བ་བཞིན་དུ་སྨྲ་མི་གཏུབ། །ཕྱོགས་སུ་མི་གནས་མཐའ་རྣམས་ཀུན་དང་བྲལ། །ཕྱོགས་ཀྱིས་མ་གོས་གང་གི་དྲི་མ་མེད། །ཤེལ་སྒོང་འདམས་ན་དྲི་མ་མེད་པ་བཞིན། །རེ་དོགས་མེད་པའི་སེམས་ནི་སེང་གེ་འདྲ། །ཆུ་བོ་ལྟ་བུ་ཆད་མེད་བདེ་ཆེན་སེམས། །ཉི་ཟླའི་འོད་བཞིན་ཕྱོགས་ཆ་བྲལ་བ་སྟེ། །ཨེ་མ་རང་བྱུང་འདི་ནི་ངོ་མཚར་ཆེ། །གཉུག་མ་ཉིད་དུ་ཞོག་ཅིག་རྣལ་འབྱོར་པ། །འདི་ལ་ཅིས་ཀྱང་བཅོས་པར་མ་བྱེད་ཅིག །
༤༧༢
མ་བཅོས་པ་ནི་ཆོས་ཀྱི་སྐུ་ཉིད་དོ། །བཅོས་པའི་སྐྱོན་གྱིས་འཕགས་ལམ་མཐོང་མི་འགྱུར། །དེ་ཕྱིར་སེམས་ཀྱི་གླང་པོ་ཡན་དུ་ཆུག །དེ་ལྟར་ཤེས་ན་རྣལ་འབྱོར་སྙིང་པོ་སྟེ། །བསྒྲུབ་དུ་མེད་པར་འབྲས་བུ་སངས་རྒྱས་ཐོབ། །བྱས་པ་མེད་པར་དཀའ་བའི་ལས་རྣམས་ཟིན། །བསྒྲུབ་པ་མེད་པར་རང་ལ་དངོས་གྲུབ་ཐོབ། །བསྒོམ་པ་མེད་པར་དོན་གྱི་འབྲས་བུ་རྙེད། །སྲིད་གསུམ་ཐམས་ཅད་ཡེ་ནས་གྲོལ་བ་སྟེ། །འདི་ལ་དགག་དང་བསྒྲུབ་པ་བྱ་མི་དགོས། །ལྟ་བ་གཏན་ལ་ཕབ་པ་རྡོ་རྗེའི་མགུར་རོ། །ཨེ་མ་ཧོ། །གནས་ལུགས་གཉུག་མ་བསྒོམ་པར་འདོད་པ་ན། །ཚེས་གྲངས་གཟའ་དང་རྒྱུ་སྐར་བརྩི་མི་དགོས། །དུས་ཀྱི་རྒྱལ་པོ་དྲན་པའི་ཚེ་ན་ཡིན། །རི་ཁྲོད་དགོན་པ་ཆེད་དུ་མི་བཙལ་ཏེ། །རང་ལུས་རི་བོ་འདི་ནི་དགོན་པའི་མཆོག །གཡེང་བ་རྣམས་ཀྱང་ཆེད་དུ་མི་སྤངས་ཏེ། །སྣ་ཚོགས་སེམས་སུ་ཤེས་པས་གྲོགས་སུ་འཆར། །ནགས་ལ་མེ་མཆེད་རྩྭ་རྣམས་ཇི་བཞིན་ནོ། །མཚམས་ཡང་མི་བཅད་ཐོ་ཡང་མི་བརྩིགས་སྟེ། །སྨྲ་བཅད་བྱས་ན་མཚམས་ཀྱི་མཆོག་ཏུ་འགྱུར། །རས་བལ་འདབ་མ་བཞིན་ཏུདུ་གློད་ལ་ཞོག །བྱ་བ་ཐོང་ལ་སེམས་ཀྱི་རྟེན་མ་བཅའ། །ཤེས་པ་ཆེད་དུ་མ་འགུགས་ཡན་པར་ཐོང་ཐོངས། །བྱིང་རྒོད་བྱུང་ན་དེ་ཀ་རང་ལ་ལྟོས། །སེམས་ལ་གནོད་པའི་ལས་རྣམས་ཁད་ཀྱིས་སྤོངས། །ཞེ་འདོད་བྱུང་ན་བདུད་དུ་ཤེས་པར་བྱ། །མ་བཅོས་བཞག་པའི་སེམས་ནི་སངས་རྒྱས་ཡིན། །འགྲོ་འཆག་ཉལ་འདུག་ཐམས་ཅད་ལྷུག་པར་ཞོག །རྣམ་རྟོག་ཀུན་གྱི་རྩ་བ་སེམས་ཡིན་ཕྱིར། །སེམས་མེད་ཕྱིར་ན་རྣམ་རྟོག་ཡོད་མ་ཡིན། །ལྷུན་གྱིས་གྲུབ་པའི་རྟེན་གཅིག་སྐྱེས་ཙམ་ན། །རྣལ་འབྱོར་བ་ལ་ཞེ་འདོད་འབྱུང་མི་སྲིད། །དེ་ཕྱིར་རྟོགས་པའི་རྣལ་འབྱོར་བློ་རེ་བདེ། །གཟའ་གཏད་མེད་པའི་ལམ་གཅིག་རྙེད་ཙམ་ན། །རྣལ་འབྱོར་པ་ལ་ཕྱོགས་ཆ་འབྱུང་མི་སྲིད། །ཕྱོགས་རིས་མེད་པའི་ཤེས་པ་ཉམས་རེ་དགའ། །
༤༧༣
བཅོས་མ་མེད་པའི་རྒྱུན་གཅིག་སྐྱེས་ཙམ་ན། །རྣལ་འབྱོར་པ་ལ་བླང་དོར་འབྱུང་མི་སྲིད། །དགག་བསྒྲུབ་སྤོང་ལན་མེད་པ་དང་རེ་སྤྲོ། །མཉམ་ཉིད་བྱང་ཆུབ་སེམས་གཅིག་སྐྱེས་ཙམ་ན། །རྣལ་འབྱོར་པ་ལ་བདག་གཞན་འབྱུང་མི་སྲིད། །བདག་དང་གཞན་དུ་མཉམ་པ་ཁོད་རེ་སྙོམས། །སྲིད་གསུམ་ཡེ་ནས་གྲོལ་བའི་ངང་ལ་ཞོག །བསྒོམ་པ་གཏན་ལ་དབབ་པ་རྡོ་རྗེ་གླུའོ། །། ཨེ་མ་ཧོ། །སེམས་ཀྱི་བག་དང་ལྡན་པ་སྤྱོད་པའི་མཆོག །བག་མེད་མི་བྱ་དྲན་དང་ཤེས་བཞིན་བསྟན། །སྤྱོད་པ་གང་བྱེད་ཚད་དུ་མི་བཟུང་སྟེ། །གང་ཡང་སྤྱོད་ལ་བྱིས་པ་ལྟ་བུར་གྱིས། །མ་བཅོས་སྤྱོད་པ་བུ་ཆུང་ལྟ་བུར་ཞོག །ཉམ་ང་མེད་པ་སེང་གེ་ལྟ་བུར་སྤྱོད། །ཐེ་ཚོམ་མེད་པ་གླང་ཆེན་ཆུར་ཞུགས་བཞིན། །གཙང་སྨེ་མེད་པ་ཁྱི་ཕག་ལྟ་བུར་རོལ། །གནས་ཀྱི་རོ་སྙོམས་བུང་བ་ལྟ་བུར་སྤྱོད། །རང་བྱུང་མི་དགག་སྨྱོན་པ་ལྟ་བུར་ཞོག །གཟའ་གཏད་མེད་པ་ཤ་ཟ་ལྟ་བུར་འཁྲུངས། །ཀུན་ཏུ་རྒྱུ་བས་འབྱུང་བ་རླུང་བཞིན་དུ། །ཞེན་པ་མེད་པར་འགྲོ་བ་འདི་ནི་མཆོག །གང་ལྟར་མྱོང་བ་སྐྱེ་མེད་རྒྱ་ཡིས་གདབ། །སྤྱོད་པ་གཏན་ལ་དབབ་པ་རྡོ་རྗེའི་གླུའོ། །རེ་དོགས་མེད་པ་སེམས་ཉིད་གཉུག་མ་དེས། །དྲན་པ་མེད་པས་བརྗོད་མེད་ཏིང་འཛིན་ཐོབ། །སྐྱེ་བ་མེད་པས་འགྱུར་མེད་ལྟ་བ་ཐོབ། །འཛིན་པ་མེད་པས་ཕྱོགས་མེད་སྤྱོད་པ་ཐོབ། །རྐྱེན་དང་བྲལ་བས་བློ་འདས་འབྲས་བུ་ཐོབ། །བྱས་པ་མེད་པས་དཀའ་བའི་ལས་རྣམས་ཟིན། །བསགས་པ་མེད་པར་ཟད་མེད་གཏེར་རྣམས་སོགས། །འདུས་པ་མེད་པར་འབྲལ་མེད་གྲོགས་དང་མཇལ། །བུམ་པ་བཟང་དང་དཔག་བསམ་ནོར་བུ་ལྟར། །འབྲས་བུ་རང་བྱུང་འདི་ནི་ངོ་མཚར་ཆེ། །འབྲས་བུ་གཏན་ལ་དབབ་པ་རྡོ་རྗེའི་གླུའོ། །འཕགས་ཡུལ་ལྷོ་ཕྱོགས་སུ་སྐུ་འཁྲུངས་ཤིང་རྡོ་རྗེ་རྣལ་འབྱོར་མ་སོགས་ཁྱད་པར་
༤༧༤
ལྷ་བཞིས་དངོས་སུ་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས། །འཆི་མེད་རྡོ་རྗེའི་སྐུ་བརྙེས་ནས་བོད་དུ་ཕེབ་ཅིང་རྫུ་འཕྲུལ་གྱིས་སླར་རྒྱ་གར་དུ་གཤེགས་ཏེ་རི་ནག་པོ་ཞེས་བྱ་བ་ཤིང་གི་རིའི་ཁོང་གསེངས་སུགསེང་དུ་དངོས་སུ་བཞུགས་ནས་འགྲོ་བའི་དོན་མཛད་པ་གྲུབ་བརྙེས་རྣལ་འབྱོར་གྱི་དབང་ཕྱུག་སྒྲ་གཅན་འཛིན་སྦས་པའི་རྡོ་རྗེའི་ཞལ་སྔ་ནས་བསམ་གྱིས་མི་ཁྱབ་པ་ཉམས་སུ་ལེན་པར་ཞལ་གྱི་གདམས་པ་འདི་གསུངས་སོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དགོངས་པ་མདོར་བསྡུས་རྣལ་འབྱོར་གྱི། །ཚད་མེད་བཞི་ཡི་ཉམས་ལེན་ནི། །བསམ་གྱིས་མི་ཁྱབ་བཤད་པར་བྱ། །རྒྱུ་འབྲས་སྟོང་པའི་རང་བཞིན་ལ། །དངོས་མེད་གཟུགས་དང་གཉིས་མེད་སྒྲ། །དམིགས་མེད་འབྲས་བུ་འབད་མེད་འགྱུར། །དཔེར་ན་འབྲུག་མེད་ཆར་བཞིན་ནོ། །དེ་ཕྱིར་རང་བཞིན་བདག་མེད་ཀྱི། །བརྟུལ་ཞུགས་སྐལ་ལྡན་རྣལ་འབྱོར་པ། །སྣང་ཞིང་སྲིད་པ་སྣ་ཚོགས་འདི། །དངོས་མེད་སྟོང་པ་བདག་མེད་དེ། །ངོ་བོ་ཉིད་ཀྱི་རྣམ་པར་དག །དེ་ལྟ་བུ་ཡི་སྙིང་རྗེ་ལ། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །མི་བསྒོམ་མི་རྟོག་རང་བཞིན་གསལ། །མཐའ་དབུས་བྲལ་བ་དབུ་མའི་དོན། །དེ་ལྟར་སེམས་ཀྱི་རང་བཞིན་བསྒོམ། །མ་རྟོགས་པ་ཡི་སེམས་ཅན་ལ། །ནད་འདོན་སྙིང་རྗེ་བསྒོམ་པར་བྱ། །བདག་གི་མདུན་དུ་གང་ཞིག་ཀྱང་། །མཉམ་པར་བཞག་སྟེ་མཉམ་པར་བསྒོམ། །དེ་ལ་རྣམ་པ་ཐམས་ཅད་ཀྱིས། །གཉིས་མེད་དོན་ནི་འགྲུབ་འགྱུར་རོ། །བསྒོམ་པའི་སྙན་བརྒྱུད་གདམས་ངག་ནི། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཀུན་གྱི་སེམས་ཉིད་ཧཱུྃ་ཡིག་དཀར། །བདག་དང་གཞན་གྱི་སྙིང་ཁར་བསྒོམ། །ཉི་མའི་གདན་སྟེང་ཐིག་ལེར་བསྒོམ། །དེ་ཉིད་ཀྱིས་ནི་འགྲོ་འདུལ་བ། །ཉོན་མོངས་ཐམས་ཅད་སྦྱངས་པར་བསམ། །དེ་ནི་གཉིས་མེད་དོན་ཡིན་ཏེ། །ལྷ་ཡི་དེ་ཉིད་རང་བཞིན་མེད། །དེ་ལྟར་སྙིང་རྗེ་བསྒོམས་བྱས་ནས། །བསམ་
༤༧༥
མི་ཁྱབ་པའི་བྱམས་པ་ནི། །ཕན་ཕྱིར་འདི་ལྟར་བསམ་པར་བྱ། །རྣལ་འབྱོར་བདག་ཉིད་སྙིང་ཁ་རུ། །པདྨ་འདབ་བརྒྱད་སྲན་མའི་ཚད། །དེ་ནས་འོད་གསལ་དཀར་དམར་དེ། །བར་དུ་མེ་ལྷའི་ༀ་ཡིག་ནི། །དངོས་པོའ་རྣལ་འབྱོར་གང་ཡང་མེད། །དེ་ལ་ཅི་ཡང་བསམ་མི་བྱ། །གང་ཞིག་སྒོམ་པའི་རྣལ་འབྱོར་དེ། །གཉིས་མེད་ཡེ་ཤེས་འགྲུབ་འགྱུར་རོ། །གསལ་རིག་མེད་པ་ཆོས་ཀྱི་སྐུ། །དེ་ལྟར་ཕྲ་བའི་རྣལ་འབྱོར་ལ། །མངོན་ཤེས་ཤར་ཏེ་གཉིས་མེད་རྟོགས། །དགའ་བའི་རང་བཞིན་འབྱུང་གྱུར་ལ། །བཏང་སྙོམས་འབྲས་བུ་ཐོབ་པའོ། །ཁ་གཅིག་ལྷ་བཞི་བསྒོམ་སྟེ་གནས། །ཁ་གཅིག་ངག་གི་འདོན་པར་བརྟེན། །གཉིས་མེད་བསྒོམ་པ་མི་ཤེས་སོ། །ཞལ་ནས་ཞལ་དུ་བརྒྱུད་པ་ཡི། །ཞལ་གདམས་གཞན་ལ་ཕན་ཕྱིར་ནི། །རཱ་ཧུ་ལས་ནི་བཤད་པར་བྱ། །ཞེས་གསུངས་སོ། །འཆི་མེད་གྲུབ་པ་རཱ་ཧུ་ལ་གུཔྟ་དེ་ཉིད་བླ་མ་གྲུབ་ཐོབ་རྣམས་ཀྱིས་ལུང་བསྟན་པ་ལྟར། འཕགས་ཡུལ་དུ་ཉི་མ་ཤར་བ་ལ་རྫུ་འཕྲུལ་གྱིས་ཕེབ་པསཕེབས་བོད་ཡུལ་དུ་ནམ་ལངས་མ་ཐག་པར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་འཕན་ཡུལ་འཇོག་པོར་ཐུགས་དམ་ལ་བཞུགས་པའི་སར་ཕེབ་ཅིངཕེབས་ཤིང་རྫུ་འཕྲུལ་གྱི་བཀོད་པ་བསྟན། །ཟླ་བ་བཅུ་གཅིག་བཞུགས་ནས་ཐུན་མོང་དང་ཐུན་མོང་མིན་པའི་གདམས་ངག་དུ་མ་གནང་སྟེ་རྒྱ་གར་དུ་སླར་ཕེབཕེབས་པའི་ཚེ། །བླ་མ་ཤངས་བ་ཉིད་མང་ཡུལ་བར་དུ་གཤེགས་སྐྱེལ་འབྱོན་པ་ན་ཞལ་གདམས་རྡོ་རྗེའི་ཚིགས་དྲུག་མ་འདི་སྩལབསྩལ་ཏོ། །སྡུགས་བསྔལ་རྩ་བར་གྱུར་པ། །བདག་ཏུ་འཛིན་པ་ཡིན་གྱིས། །ཕྱོགས་རིས་ཞེ་འདོད་སྤོངས་ལ། །མཉམ་ཉིད་དོན་ལ་ཞོག་ཅིག །ཚེ་འདི་མི་རྟག་འགྱུར་ཞིང་། །ཕྱི་མ་མི་འཆང་སྐྱེ་བས། །རྒྱུ་འབྲས་ཚུལ་བཞིན་སྲུངསབསྲུང་ལ། །དམ་ཚིག་བརྩོན་པར་གྱིས་ཤིག །གནས་ལུགས་ཟུང་འཇུག་ཡིན་པས། །འཇའ་ཚོན་ལྟ་བུའི་ལུས་འདི། །སྣང་ལ་རང་བཞིན་མེད་པར།
༤༧༦
རྟག་ཏུ་དྲན་པར་གྱིས་ཤིག །ཚེ་འདིར་དགོས་འདོད་འབྱུང་ཞིང་། །ཕྱི་མ་ལམ་སྣ་འདྲེན་པས། །བླ་མ་སངས་རྒྱས་ལྟ་བུ། །རྟག་ཏུ་དྲན་པར་གྱིས་ཤིག །བརྟན་པ་མ་ཐོབ་བར་དུ། །འདུ་འཛིའི་གཡེང་བ་རྒོད་པས། །རི་དྭགས་སྨསརྨས་མ་བཞིན་དུ་གཅིག་པུར་ཉམས་སུ་ལོངས་ཞིག །རྩོད་ལྡན་དུས་ཀྱི་སེམས་ཅན། །ང་རྒྱལ་ཕྲག་དོག་ཆེ་བས། །བུམ་ནང་མར་མེ་བཞིན་དུ། །ཡོན་ཏན་སེམས་ལ་སྦོས་ཤིག །ཅེས་གསུངས་ནས་ནམ་མཁའི་ལམ་ལ་གྱ་གྱུར་བཞུད་པའི་ཚུལ་གྱིས་སྐད་ཅིག་གིས་རྡོ་རྗེ་གདན་གྱི་ཚོགས་དཔོན་ལ་ཕེབས་སོ། ༈ །ན་མོ་གུ་རུ། །སངས་རྒྱས་ཀྱི་ཞིང་ཁམས་ཀུན་ཏུ་མཚན་གྱིས་སྙན་པས་ཡོངས་སུ་ཁྱབ་ཅིང་། །ཞབས་སེན་ནོར་བུའི་མེ་ལོང་ལ་ལྷ་དང་བཅས་པའི་འཇིག་རྟེན་གསུམ་གྱི་གཙུག་གི་ཕུད་བུས་བཏུད་པ། །གངས་ཅན་གྱི་ལྗོངས་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་ཚུལ་ཁྲིམས་མགོན་པོ་དེ་ཉིད་ཀྱི་རྣམ་པར་ཐར་པའི་སྙིང་པོ་མདོར་བསྡུས་པ་ཚིགས་སུ་བཅད་དེ་བཀའ་སྩལབསྩལ་པ་ནི། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ། །ཁྱུང་པོ་རྣལ་འབྱོར་བདག་གིས་གུས་བཏུད་ནས། །ཕྱི་རབས་བརྒྱུད་འཛིན་རྣམས་ལ་ཕན་པའི་ཕྱིར། །རྣམ་ཐར་ཟུར་ཙམ་བཤད་ཀྱི་གུས་པས་ཉོན། །བན་ཆུང་བདག་གི་སྐྱེ་ས་གངས་དཀར་མདའ། །གཉེ་མོ་ར་མང་རྗེ་རིགས་ཁྱུང་པོ་ཡིན། །ཕ་རུ་སྨོས་པ་ཁྱུང་རྒྱལ་སྟག་སྐྱེས་དང་། །མ་རུ་སྨོས་པ་མགོ་བཟའ་བཀྲ་ཤིས་སྐྱིད། །དེ་ཡི་རུམ་དུ་བདག་ཉིད་ཞུགས་པའི་ཚེ། །ཕ་མ་ཡུལ་མི་བདེ་སྐྱིད་ལྡན་པར་གྱུར། །སྟག་གི་ལོ་ལ་མ་ཡི་རུམ་ནས་བཙས། །དེ་ཚེ་རྒྱ་གར་གྲུབ་ཐོབ་ཨ་མོ་གྷས། །འདི་ནི་སྤྲུལ་པའི་སྐུ་སྟེ་རྒྱ་གར་བགྲོད། །པཎྜི་ཏ་དང་གྲུབ་ཐོབ་ཐམས་ཅད་ཀྱི། །ཐུགས་བཅུད་བསྡུས་ནས་འགྲོ་རྣམས་སྨིན་གྲོལ་བྱེད། །སྣ་ཚོགས་སྤྲུལ་པས་གདུལ་བྱ་འདུལ་བར་འགྱུར། །ཐེག་ཆེན་སྙིང་པོ་མཐའ་
༤༧༧
གྲལ་ཆོས་སྒྲ་སྒྲོགས། །མཐར་ཐུག་གསང་སྔགས་བདེ་སྟོང་དབྱེར་མེད་ཀྱི། །སེང་གེའི་ང་རོ་ཕྱོགས་བཅུར་སྒྲོགས་པར་འགྱུར། །དེ་ཡི་ལུས་ནི་བདེ་མཆོག་འཁོར་ལོ་སྟེ། །གསུང་ནི་མ་ཧཱ་མཱ་ཡཱའི་བདག་ཉིད་འགྱུར། །ཐུགས་ནི་དཔལ་ལྡན་དགྱེས་པ་རྡོ་རྗེ་སྟེ། །སྤྲུལ་པའི་གནས་མཆོག་གསང་བ་འདུས་པ་ལ། །གསང་གནས་བདེ་སྐྱོང་གཤིན་རྗེའི་གཤེད་དུ་འགྱུར། །དཀྱིལ་འཁོར་དེ་རྣམས་ལུས་ལ་བཀོད་ནས་ཀྱང་། །གདུལ་བྱ་རྣམས་ལ་དངོས་སུ་སྟོན་པར་བྱེད། །གཞན་ཡང་ཡི་དམ་སྣ་ཚོགས་གཟུགས་བསྒྱུར་ནས། །གདུལ་དཀའ་སྐྱེ་བོ་དཔག་མེད་འདུལ་བར་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུ་འཚོ་བར་འགྱུར། །དེ་ཡི་མཐར་ནི་མཛད་པ་བརྟུལ་བའི་ཚེ། །ལྟས་དང་རྫུལ་ཕྲུལ་སྣ་ཚོགས་སྟོན་པར་འགྱུར། །དེ་ནས་ཞིང་ཁམས་རྣམ་དག་བདེ་བ་ཅན། །རྒྱལ་བ་ཀུན་བསྔགས་ཞིང་དེར་སངས་རྒྱས་ནས། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཕྱི་རབས་དད་ལྡན་གདུལ་བྱ་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དེར་བགྲོད་པར་ཐེ་ཚོམ་མེད། །དེ་སྐད་གསུངས་ནས་བླ་མ་གྲུབ་ཐོབ་དེ། །མཁའ་ལ་བྱ་བཞིན་རྒྱ་གར་ཡུལ་དུ་གཤེགས། །ལོ་ལྔ་ལོན་ནས་ཕ་མས་ལུང་བསྟན་བཤད། །ལོ་བཅུ་ལོན་ནས་ཡིག་རྩིས་མཁས་པར་ཤེས། །བཅུ་གཉིས་ལོན་ཚེ་ཕ་མེས་བག་ཆགས་ཀྱིས། །སེམས་ཕྱོགས་པོན་བསླབ་རྫོགས་ཆེན་ཕྱག་ཆེན་བསླབ། །དེ་ནས་རིན་ཆེན་གསེར་ཕྱེ་ཕོངས་མེད་ཁྱེར། །གཅེས་པའི་སྲོག་ལ་མ་བལྟས་དགའ་སྤྱད་ནས། །རྒྱ་དང་བལ་པོའ་ཡུལ་དུ་ལན་བདུན་ཕྱིན། །རྒྱ་གར་མཁས་པ་བརྒྱ་དང་ལྔ་བཅུ་བསྟེན། །ཁྱད་པར་མཁས་ཤིང་གྲུབ་ཐོབ་ལྔ་བཅུ་དང་། །རྩ་བའི་བླ་མ་ཁྱད་འཕགས་རྣམ་བཞི་བསྟེན། །ལོངས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་ལ། །དངོས་སུ་ཆོས་གསན་ཡེ་ཤེས་མཁའ་འགྲོ་གཉིས། །མཉེས་པར་བྱས་ནས་མཐར་ཐུག་གདམས་ངག་ཞུས། །སྒྲོ་འདོགས་ཆོད་ནས།
༤༧༨
རྩེ་གཅིག་བསྒྲུབས་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་ཐོབ། །རྣམ་ཐར་མདོར་བསྟན་ཡིན་གྱི་གུས་པས་ཉོན། །དེ་ལྟར་ཇི་སྐད་བཀའ་སྩལབསྩལ་བའི་མཁས་གྲུབ་ཤངས་པ་གདུ་གུ་པ་དེ་ཉིད་ཐོག་མར་དོན་ལ་མཁས་ཤིང་དངོས་གྲུབ་བརྙེས་དེ་ནས་འབྱུང་གནས་སེང་གེ་ལས་རྫོགས་ཆེན་སྡེ་གསུམ། སྐོར་ནི་རུ་པ་ལས་ཕྱག་རྒྱ་ཆེན་པོའ་རྒྱུད་རྒྱ་གཞུང་སོགས་གཞུང་གདམས་མང་དུ་གསན་ཅིང་ཐམས་ཅད་ལ་མཁས་པའི་ཕུལ་དུ་གྱུར་ཀྱང་། སྔོན་གྱི་ལས་འཕྲོ་སད་དེ་དགུང་ལོ་ལྔ་བཅུ་པ་ལ་རྒྱ་གར་དུ་ཕེབ། མཁས་གྲུབ་བརྒྱ་དང་ལྔ་བཅུ། རྩ་བའི་བླ་མ་རྣམ་བཞི། ཡེ་ཤེས་མཁའ་འགྲོ་རྣམ་པ་གཉིས་སོགས་ལས་ཐེག་པ་ཆེ་ཆུང་ཐུན་མོང་ཐུན་མོང་མ་ཡིན་པའི་ཆོས་སྒོ་བསམ་གྱི་མི་ཁྱབ་པ་གསན་ཅིང་དེ་དག་ལ་མཁས་པར་སྦྱངས། མཆོག་ཐུན་མོང་གི་དངོས་གྲུབ་རྫོགས་པར་ཐོབ་པ་ལས། ཐོག་མར་ཁྱད་འཕགས་བླ་མ་རྣམ་བཞིའི་ཡ་གྱལ་རྡོ་རྗེ་གདན་པ་པུཎྱ་ཀ་ར་གུཔྟ་དང་མཇལ་བའི་ཚུལ་མགུར་དུ་བཞེངས་པ། ཁོ་བོ་ཁྱུང་པོ་རྣལ་འབྱོར་གྱིས། འཁོར་བའི་སྡུག་བསྔལ་མ་བཟོད་པར། །འཇིགས་སྐྲག་ཆེན་པོ་གཏིང་ནས་སྐྱེས། །འཁོར་བ་མཐའ་མེད་འདི་འདྲ་བ། །སྐྱེ་འཆིའི་སྡུག་བསྔལ་དཔག་ཏུ་མེད། །ངན་སོང་སྡུག་བསྔལ་བསམ་མི་ཁྱབ། །འཆི་བས་མི་འཇིགས་སྐྱེ་བས་འཇིགས། །སྐྱེ་བ་ལས་ཀྱི་རྗེས་སུ་འབྲངས། །རང་དབང་མེད་པར་འཁོར་བར་འཁྱམས། །བདག་དང་སེམས་ཅན་ཐམས་ཅད་ཀྱང་། །ཅེས་ཀྱང་མི་ཕན་འཆི་ངོ་ཤེས། །ནམ་ཡང་འཆི་བ་འདི་འདྲ་ལ། །ཆོས་ཕྱིར་སྲོག་ནི་བཏང་སྙམ་ནས། །ལུས་དང་སྲོག་ལ་མ་བལྟས་ཏེ། །བལ་ཡུལ་ཙམ་ལ་མ་ལྟོས་བར། །སངས་རྒྱས་སྟོང་གི་འབྱུང་གནས་ས། །སྟོན་པ་མངོན་པར་སངས་རྒྱས་པའི། །རྡོ་རྗེ་གདན་དུ་ཚངས་ཀྱིས་ཕྱིན། །རྒྱལ་བ་ཐུབ་པ་ཆེན་པོ་ཡིས། །སངས་རྒྱས་གཉིས་པར་ལུང་བསྟན་པའི། །དཔལ་ལྡན་
༤༧༩
རྡོ་རྗེ་གདན་པ་དང་། །དངོས་སུ་ཞལ་མཇལ་དཀོན་པ་ཡི། །གུ་ལང་གསེར་སྲར་ལྔ་བརྒྱ་ཕུལ། །སངས་རྒྱས་དངོས་དང་མཇལ་སྙམ་ནས། །བ་སྤུ་ལྡང་ཞིང་མཆི་མ་འཁྲུགས། །མོས་གུས་ཆེན་པོ་གཏིང་ནས་སྐྱེས། །གུས་པས་ཐལ་སྦྱར་འདི་སྐད་ཞུས། །བསྟན་པའི་རྩ་བ་དགེ་སློང་གི །མཁན་པོ་མཛད་ནས་འདུལ་བ་ཞུ། །བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས། །ཐེག་པ་ཆེན་པོའ་ཆོས་རྣམས་ཞུ། །སྨིན་བྱེད་གསང་སྔགས་དབང་བསྐུར་ནས། །གྲོལ་བར་བྱེད་པའི་བསྐྱེད་རྫོགས་ཞུ། །དེ་སྐད་བདག་གི་གསོལ་བཏབ་པས། །དཔལ་ལྡན་རྡོ་རྗེ་གདན་པ་ཡིས། །དགྱེས་པའི་འཛུམ་བསྟན་འདི་སྐད་གསུངས། །སྲིན་པོ་གདོང་དམར་མཐའ་འཁོབ་ཡུལ། །ལོག་ལྟས་རྒྱུད་དཀྲུགས་ཐེ་ཚོམ་ཅན། །སྣ་ཚོགས་ཆོས་ཚོལའཚོལ་སྒྲུབ་མི་ནུས། །རང་མ་སྨིན་པར་གཞན་དོན་བྱེད། །གཅིག་ལ་གཅིག་སྨྲ་ཕྲག་དོག་ཅན། །མི་ནག་ཆོས་ཀྱི་ལོ་རྒྱུས་མཁན། །དེ་ལྟ་བུ་ཡི་རྒྱལ་ཁམས་ན། །དད་ལྡན་སྐྱེ་འཆིས་འཇིགས་པ་ཡི། །སྙིང་སྟོབས་ལྡན་པའི་སྐྱེས་བུ་ཁྱོད། །མ་ནོར་དམ་ཆོས་ཚོལའཚོལ་བའི་ཕྱིར། །སྲོག་ལ་མི་ཕོངས་དཀའ་སྤྱད་ནས། །རྒྱ་གར་ཡུལ་རྣམས་བགྲོད་བྱེད་པའི། །སྐལ་ལྡན་ཁྱུང་པོ་རྣལ་འབྱོར་ཁྱོད། །སྔོན་ཚེ་བྱང་ཕྱོགས་གངས་ཅན་དུ། །ཉན་ཐོས་རྫུ་འཕྲུལ་དཔག་མེད་ལྡན། །རྫུ་འཕྲུལ་ཆེན་པོ་ཞེས་བྱར་གྱུར། །དེ་ཚེ་ལོག་ལྟ་མུ་སྟེགས་དང་། །ལྷ་ཀླུ་གནོད་སྦྱིན་འབྱུང་པོ་དང་། །སྐྱེ་བའི་ཚོགས་རྣམས་འདུལ་བར་བྱེད། །ཁྱོད་ནི་ཉན་ཐོས་ཚོགས་བསྐོར་ནས། །མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །རི་དང་ཆུ་ལ་ཐོགས་མེད་ཅིང་། །གཅིག་དང་དུ་མར་སྣང་བ་སོགས། །སྤྲུལ་པ་སྣ་ཚོགས་གཟུགས་འཆང་བའི། །དགྲ་བཅོམ་ཆེན་པོ་ཉིད་གྱུར་པས། །བདག་དང་རྒྱ་གར་མཁས་རྣམས་ཀྱིས། །ཁྱེད་ཀྱི་མཁན་པོ་བྱེད་མི་ནུས། །བྱང་ཕྱོགས་
༤༨༠
ཁ་བ་ཅན་ལྗོངས་སུ། །གླང་རི་འོད་ལྡན་གསེར་མདོག་ཅན། །སངས་རྒྱས་སྣང་བ་མཐའ་ཡས་ཀྱི། །སྤྲུལ་པ་བཞུགས་ཀྱི་དེར་སོང་ལ། །བསྙེན་པར་རྫོགས་པའི་མཁན་པོ་ཞུས། །ཡུལ་དབུས་མ་ག་རྡོ་རྗེ་གདན། །གནས་མཆོག་འདི་དང་གཞན་རྣམས་སུ། །ཁྱོད་ཀྱིས་ཇི་སྐད་ཞུས་པ་ཡི། །འདུལ་བ་ཕར་ཕྱིན་གསང་སྔགས་རྣམས། །ཇི་ལྟར་འདོད་བཞིན་བསྟན་པར་བྱའོ། །ཞེས་གསུངས་ནས་དགེ་ཚུལ་གྱི་མཁན་པོ་མཛད། མཚན་ཚུལ་ཁྲིམས་མགོན་དུ་གསོལ་བས་བླ་མ་རྡོ་རྗེ་གདན་པ་ཤངས་ཁྲག་ཤོར་ནས། ཁྱུང་པོ་རྣལ་འབྱོར་ལས་སྦོ་མ་ནུས་སོ། །དེའི་དུས་སུ་བླ་མའི་ཞལ་ནས། ཁྱུང་པོ་ཛོ་ཀི་མ་ཧཱ་ཕ་ལ་པ་ལ་གསུངས་ནས། ཐོག་མར་འདུལ་བ་ལུང་དང་། བསྟན་བཅོས་མདོ་རྩ་གསུངས། དེ་ནས་མདོ་སྔགས་ཀྱི་གཞུང་གདམས་ཐམས་ཅད་རིམ་པར་གནང་། ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་རིན་ཆེན་རྒྱ་མཚོའ་རྩ་བཤད་ཀྱི་རྒྱུད་རྣམས་ལ་བརྟེན་པའི་རྒྱུད་སྡེ་ལྔ་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་དབང་དང་གདམས་ངག་གསན་པའི་ཚུལ་ཡང་འདི་ལྟར་གསུངས་སོ། །དེ་ལ་རྒྱུད་སྡེ་ཆེན་པོ་ལྔའི། །དབང་དང་རྒྱུད་དང་སྒྲུབ་པའི་ཐབས། །གདམས་པའི་མཆོག་གི་ཁྱད་པར་ནི། །བདེ་བ་མཆོག་གི་གྲོལ་རྒྱུད་ལས། །རྒྱུ་ལམ་འབྲས་བུ་བསྟན་པ་ཡང་། །བདེ་བ་ཆེན་པོ་གྲུབ་པས་ན། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་ནི། །བདེ་བ་སྒྲུབ་པ་ཉིད་ཡིན་ཏེ། །དཔལ་ལྡན་གསང་བ་འདུས་པ་དང་། །སྙིང་པོ་མ་ཧཱ་མཱ་ཡ་དང་། །ཡང་སྙིང་དགྱེས་པ་རྡོ་རྗེ་དང་། །དགའ་ཆེན་ཟ་ནུས་སྒྱུ་འཕྲུལ་ཆེ། །དཔལ་ལྡན་འཁོར་ལོ་སྡོམ་པ་དང་། །དྲག་པོ་རྡོ་རྗེ་འཇིགས་བྱེད་རྣམས། །མཐར་ཐུག་སྟོན་པ་ལྔ་པོ་ལ། །ཐབས་དང་ཤེས་རབ་གཉིས་གྱི་རྒྱུད། །ཟུང་དུ་འཇུག་བ་ཉིད་ཡིན་པས། །དང་པོ་སྨིན་ལམ་དབང་ལ་ཡང་། །ཕྱི་ནང་གསང་བ་ཉིད་ཡིན་ནོ། །ལམ་ལ་རིམ་པ་གཉིས་ཡིན་ཏེ། །བསྐྱེད་རིམ་དང་ནི་རྫོགས་རིམ་མོ།། །།
༤༨༡
བསྐྱེད་པ་སྣང་དང་རྫོགས་པ་སྟོང་། །དབྱེར་མེད་ཟུང་འཇུག་ཆུ་ཟླ་བཞིན། །རྫོགས་པ་རང་ལུས་གཞན་ལུས་དང་། །ཟུང་འཇུག་བདེ་སྟོང་དབྱེར་མེད་དོ། །འབྲས་བུ་མཆོག་དང་ཐུན་མོང་ངོ་། །ཐུན་མོང་ལས་བརྒྱད་གྲུབ་ཆེན་བརྒྱད། །མཆོག་ལ་སྐུ་བཞི་མཛད་པར་བཅས། །ལྷུན་གྲུབ་གང་འདུལ་རང་ཤར་རོ། །གང་ཟག་སྦྱངས་པའི་ལས་ཅན་གྱིས། །རྩེ་གཅིག་མ་ཡེངས་འབད་གྱུར་ན། །དམ་ཚིག་ལྡན་པས་ངེས་པར་ཐོབ། །རང་ལུས་ཐབས་ལྡན་ལམ་དང་ནི། །གཞན་ལུས་ལས་ཀྱི་ཕྱག་རྒྱའོ། །འདོད་ཡོན་ལམ་ཁྱེར་གནད་མཆོག་འདི། །བརྒྱུད་པ་མཆོག་གི་རིམ་པ་ཡང་། །སངས་རྒྱས་ལུང་བསྟན་ཐོབ་པ་ཡི། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་། །འོད་གསལ་བསྟེན་པ་གྲུབ་པ་བརྙེས། །ཀཾ་པ་ལ་ཞེས་བྱ་བ་དང་། །ཕྱག་རྒྱ་ཁྱི་རུ་སྤྲུལ་བྱེད་པའི། །ཀུ་ཀུ་རི་པ་ཆེན་པོ་དང་། །ཉ་ལྟོ་གསོལ་ཞིང་གྲུབ་པ་ཐོབ། །ལོ་ཧི་པ་ཞེས་གྲགས་པ་དང་། །ལྷག་པའི་ལྷ་ཡིས་བྱིན་རླབས་པ། །དཔལ་འཛིན་ཧ་རི་ཀེ་ལ་དང་། །དེ་དག་རྣམས་ལས་རིམ་བརྒྱུད་པ། །ཌོམྦྷི་པ་དང་ཀུ་སུ་ལུ། །མ་ཧཱ་བཛྲས་ལེགས་བསྡུས་ཏེ། །དཔལ་ལྡན་ཡེ་ཤེས་སྡེ་ཞེས་པ། །བཻ་རོ་ཙ་ན་རཀྵ་ཏ། །སུ་མ་ཏི་ཞེས་རྣལ་འབྱོར་དང་། །ཏ་ཐཱ་ག་ཏ་རཀྵི་ཏ། །ཨ་མོ་གྷ་ནི་བཛྲ་དང་། །དཔལ་ལྡན་རྡོ་རྗེ་གདན་པ་རྣམས། །རིམ་གྱིས་བདག་ལ་བརྒྱུད་པའོ། །ཞེས་སོགས་གསུངས་སོ། །དེ་ནས་རྗེ་བཙུན་ཤྲཱི་ཛྙཱ་ན་དང་། བཻ་རོ་ཙ་ན་རཀྵི་ཏ། ཌཱ་ཀི་མ་ཀ་ན་ཀ་ཤྲཱི་སོགས་ལས་མདོ་དང་མཚན་ཉིད། །གསང་སྔགས་ཕྱི་ནང་གི་རྒྱུད་སྒྲུབ་ཐབས་གདམས་ངག་དཔག་ཏུ་མེད་པ་ཞུས་ཞིང་བོད་དུ་ཕེབཕེབས་ཁར་རི་མ་ལ་ཡའི་རྩེར་བླ་མ་རྡོ་རྗེ་གདན་པ་ལ་གསེར་སྲང་བཅུ་གསུམ་ཕུལ་ནས་ཚེས་བཅུའི་མཆོད་པ་མཛད་པའི་ཚེ་ལྟས་དང་ལུང་བསྟན་བྱུང་བའི་ཚུལ་གྱི་ཚིགས་བཅད་འདི་གསུངས་སོ། །མཁའ་ལས་མེ་ཏོག་ཆར་བཞིན་བབས། །དཔའ་བོ་
༤༨༢
མཁའ་འགྲོས་བར་སྣང་ཁེངས། །སྒྲ་དང་འོད་དང་འཇའ་ཚོན་འཁྲུགས། །ལྷ་རྣམས་མཆོད་པ་འབུལ་བའི་ཚེ། །རྡོ་རྗེ་གདན་པས་འདི་སྐད་གསུངས། །རིགས་ཀྱི་བུ་ཁྱོད་བོད་དུ་སོང་། །གདུལ་བྱ་ཁ་བ་ཅན་ལྗོངས་ཀྱི། །སེམས་ཅན་མང་པོ་གྲོལ་བྱེད་ཅིག །ཕྱི་མའི་ཚེ་ན་ཆོས་འདི་རྣམས། །ཁྱོད་ཀྱིས་རྒྱུད་འཛིན་རྣལ་འབྱོར་པ། །གཅིག་གིས་དར་བར་བྱེད་པར་འགྱུར། །ཆོས་འདི་རྣམས་ཀྱི་བཀའ་ཐོབ་ཅིང་། །ཕན་སེམས་ལྡན་པ་དེ་ཡིས་ནི། །གང་བྱུང་རྒྱལ་སྲས་མ་ནོར་སྟོན། །རབ་ཏུ་མི་གནས་ས་ལ་སྦྱོར། །རིམ་གྱིས་དོན་རྟོགས་མང་དུ་འབྱུང་། །གྲུབ་མཐའ་གཞུང་ཆེན་བཞི་ཉིད་ལས། །མཚན་ཉིད་ཐེག་དང་རྡོ་རྗེ་ཐེག །ཁྱད་པར་རྣམ་པར་འབྱེད་པ་ཡིན། །རྒྱུ་དང་འབྲས་བུའི་ལམ་བྱེད་པ། །མངོན་སུམ་རྗེས་དཔག་རིམ་པ་ཡིས། །གཏན་ཚིགས་ཆེན་པོ་བཞི་ལ་ནི། །མཚན་ཉིད་གསུམ་གྱིས་གཏན་ལ་འབེབས། །དེ་ནི་རྩོད་པའི་ལམ་རིམ་མོ། །ཕ་རོལ་ཕྱིན་དང་གསང་བ་སྔགས། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །ཐུན་མོང་ལམ་ལྔ་ཁྱད་པར་གཉིས། །ཞར་སྤྱད་དོན་བསྡུས་ལམ་བྱེད་པ། །སྒྲུབ་པའི་རིམ་པ་ཞེས་བྱའོ། །དེ་དག་ལམ་རིམ་གཉིས་པའོ། །དེ་ཉིད་མཐོང་ལམ་ཞེས་བྱ་དང་། །ལྟ་བ་ངན་པས་མ་གོས་པའི། །ཡེ་ཤེས་མངོན་དུ་བྱེད་པའི་ལམ། །མཐའ་དང་བྲལ་བའི་ལམ་ཉིད་ནི། །ཟུང་དུ་འཇུག་པར་སྟོན་པ་དང་། །དབུ་མ་ཆེན་པོ་ཉིད་དུ་འཇུག །ཞི་གནས་ལྷག་མཐོང་ཏིང་ངེ་འཛིན། །གོང་ནས་གོང་དུ་ལམ་སྦྱོང་བ། །སེམས་ཀྱི་ལམ་མཆོག་ཞེས་བྱར་བསྟན། །ང་དང་འདྲ་བར་ཁྱོར་ཀྱིས་རྟོགས། །རྒྱལ་བའི་ལུང་བསྟན་བདག་གིས་ཐོབ། །ཁྱོད་ཀྱང་འདི་ནས་སངས་རྒྱས་ཤིང་། །བདེ་བ་ཅན་དུ་འགྲོ་བར་འགྱུར། །རྩོད་ལྡན་གདུལ་དཀའི་སེམས་ཅན་ལ། །སྐྱོ་བ་མ་བྱེད་བྱང་སེམས་སྒོམས། །བདེ་མཆོག་རང་བྱོན་དཀྱིལ་འཁོར་གྱི། །ས་རུ་
༤༨༣
གདུལ་བྱ་ཁྲི་ཕྲག་འབྱུང་། །ཞེས་ལུང་བསྟན་ཏོ། །དེ་ནས་བོད་ཡུལ་དུ་བྱོན་ནས་འགྲོ་དོན་ཐོག་གཅིག་མཛད་གུ་ལང་གི་གསེར་ཁ་བརྡོལ་བ་ཐུག་ནས་གསེར་མང་པོ་ཕྱག་ཏུ་འབྱོར་བ་བསྣམས་ནས་སླར་ཡང་བལ་པོ་དང་རྒྱ་གར་དུ་གཤེགས་ཏེ་རྡོ་རྗེ་གདན་པ་དང་། །རྒྱལ་བ་མཻ་ཏྲི་པ་དང་། དྷ་བྱང་ཆུབ་སེམས་དཔའ། །རྗེ་བཙུན་རིན་ཆེན་ལྷ་མོ། སུ་མ་ཏི་ཀཱི་རྟི། བལ་པོ་ཕམ་མཐིང་བ་ཆེན་པོ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པ་དུ་མ་ལས་སྔར་མ་གསན་པའི་ཟབ་ཆོས་དང་མྱུར་མཛད་ཡེ་ཤེས་མགོན་པོའ་སྐོར་སོགས་གདམས་ངག་དཔག་ཏུ་མེད་པ་གསན། དེ་དག་གིས་ཐུགས་མ་ཚིམས་པར་གསེར་སྲང་ལྔ་བརྒྱ་ཁྱེར་ནས་རྒྱ་གར་ཤར་ནུབ་ལྷོ་བྱང་ཀུན་ཏུ་རྒྱུ་ཞིང་། །གྲུབ་ཐོབ་ཀྱི་བླ་མ་སངས་རྒྱས་དངོས་མཇལ་བ་སུ་ཡོད་དྲིས་པས། །པཎྜི་ཏ་དང་གྲུབ་ཐོབ་རྣམས་མཐུན་པར། །ན་རོ་པཎྜི་ཏ་ཡི་ལྕམ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ཞེས་བྱ་བ་དག་པའི་ས་གསུམ་ལ་གནས་པ་རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཆོས་ཞུ་ནུས་པ་གཅིག་ཡོད་ཟེར་བས། །དེ་གནས་གང་ན་བཞུགས་བྱས་པས། །སྣང་བ་དག་ན་གར་ཡང་ཞལ་མཐོང་། །སྣང་བ་མ་དག་ན་གར་ཡང་བཙལ་བས་མི་རྙེད་དེ་དག་པའི་ས་ལ་གནས་པ་དང་། །འཇའ་ལུས་སུ་གྱུར་བའི་ཕྱིར་རོ། །འོན་ཀྱང་དུར་ཁྲོད་ཆེན་པོ་སོ་ས་གླིང་གི་ནགས་གསེབ་ན། ཌཱ་ཀི་མའི་ཚོགས་འཁོར་གྱི་དཔོན་ལ་རེས་འགའ་འབྱོན་ཟེར་བས། ཌཱ་ཀི་མའི་མཚན་ཐོས་པ་ཙམ་གྱིས་མཆི་མ་འཁྲུག་ཅིང་བ་སྤུ་ལྡང་བའི་མོས་གུས་སྐྱེས་ནས། །དུས་དེར་དུར་ཁྲོད་སོ་ས་གླིང་གི་ནགས་གསེབ་ནས་ཡར་ལ། ན་མོ་བུདྡྷའི་གསོལ་བ་འདེབས་ཀྱིན་ཕྱིན་པ་དང་། ཤིང་ཏཱ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་མཁའ་འགྲོ་མ་སྐུ་མདོག་སྨུག་ནག་ཏུ་ཡོད་པ། །རུས་པས་བརྒྱན་པ་ཕྱག་ན་ཁ་ཊྲཱཾ་ག་དང་ཐོད་པ་བསྣམས་པ་གཅིག་དང་དུ་མ་ལ་སོགས་པའི་གཟུགས་སྣ་ཚོགས་སྟོན་ཅིང་། །གར་བསྒྱུར་བ་མཐོང་ནས་འདི་ཌཱ་ཀི་ནི་གུ་མ་
༤༨༤
ཡིན་པར་འདུག་སྙམས་ནས་ཕྱག་འཚལ། །བསྐོར་བ་དུ་མ་བྱས་ནས། །ཡང་དག་པའི་གདམས་པ་ཞུ་འཚལ་བྱས་པས། ང་ཤ་ཟའི་ཌཱ་ཀི་མ་ཡིན། ངའི་འཁོར་རྣམས་བྱུང་ན་ཟར་འོང་བས་མྱུར་བར་བྲོས་ཤིག་གསུངས་སོ། །དེ་ནས་ཡང་ཕྱག་དང་བསྐོར་བ་བྱས་ནས་གསང་སྔགས་ཀྱི་གདམས་པ་ཞུ་བྱས་པས། །ཐེག་པ་ཆེན་པོ་གསང་སྔགས་ཞུ་བ་ལ་གསེར་དགོས་པ་ཡིན། །གསེར་ཡོད་ན་བྱ་ཡི་གསུངས་ནས། །གསེར་སྲང་ལྔ་བརྒྱ་ཕུལ་བ་དང་། །ནགས་གསེབ་ཏུ་གཏོར་རོ། །དེར་འདིར་ངེས་པར་ཤ་ཟའི་མཁའ་འགྲོ་མ་ཡིན་ནམ་གསེར་ལ་ཡང་ཕོངས་པ་མི་འདུག་སྙམས་པ་དང་། །མཁའ་འགྲོ་མ་དེས་སྤྱན་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ་དང་། །འཁོར་ཌཱ་ཀི་མ་དཔག་ཏུ་མེད་པ་ནམ་མཁའ་ལས་བྱུང་སྟེ། །འགའ་ཞིག་གིས་གཞལ་ཡས་ཁང་སུམ་རིམ་སྐད་ཅིག་ལ་བཞེངས། །འགའ་ཞིག་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས། །འགའ་ཞིག་གིས་ཚོགས་ཀྱི་ཡོ་བྱད་བསགས་ནས། །ཚེས་བཅོ་ལྔའི་ནམ་སྲོད་ལ་སྒྱུ་ལུས་རྨི་ལམ་གྱི་དབང་བསྐུར་མཛད་ནས་དབང་ཐོན་པ་དང་བོད་ཀྱི་བན་ཆུང་ཡར་འདོངས་དང་གསུངས་ནས། །དཔག་ཚད་གསུམ་ཌཱ་ཀི་མའི་རྫུ་འཕྲུལ་ལ་བརྟེན་ནས་ཡུད་ཙམ་གྱིས་བགྲོད་པ་དང་། །གསེར་གྱི་རི་མི་ཆེ་བ་ཙམ་གཅིག་གི་སྟེང་གི་ནམ་མཁའ་ལ། ཌཱ་ཀི་མའི་ཚོགས་ཀྱིས་བསྐོར་ནས་གར་བསྒྱུར་ཞིང་འདུག་གོ །རི་དེའི་ཕྱོགས་བཞི་ནས་མར་གསེར་གྱི་ཆུ་རྒྱུན་བཞི་འབབ་ཅིང་འདུག་ནས། གསེར་གྱི་རི་འདི་ལྟ་བུ་རྒྱ་གར་ན་ཡོད་དམ། མཁའ་འགྲོ་མས་སྤྲུལ་པ་ཡིན་ཞུས་པས་འདི་གསུངས་སོ། འཁོར་བའི་རྒྱ་མཚོར་བསྒྱུར་བ་ཡི། །ཆགས་སྡང་རྟོག་པ་སྣ་ཚོགས་འདི། །རང་བཞིན་མེད་པར་རྟོགས་ཙམ་ན། །ཐམས་ཅད་གསེར་གླིང་ཡིན་ནོ་བུ། །སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་བསྒོམ་བྱས་ན། །སྒྱུ་མ་ལྟ་བུར་མངོན་སངས་རྒྱ། །མོས་གུས་སྟོབས་ལས་འབྱུང་བར་
༤༨༥
འགྱུར། །ཅེས་གསུངས་ནས་རྒྱུད་སྡེ་ལྔའི་དབང་དང་རྒྱུད་སྒྲུབ་ཐབས་གདམས་ངག་དཔག་ཏུ་མེད་པ་དང་། །ཁྱད་པར་ཆོས་དྲུག་གི་ཁྲིད་རྨི་ལམ་དུ་ལན་གཅིག །དངོས་སུ་ལན་གསུམ་གནང་ནས་བརྒྱུད་པ་བདུན་གྱི་བར་དུ་ཆིག་བརྒྱུད་ཀྱི་རྒྱས་བཏབ། །དེ་ནས་ཀྱང་རིམ་པར་བྱིན་གྱི་རློབ་ཅིང་ལུང་བསྟན་པར་ཞལ་གྱིས་བཞེས་སོ། །དེ་ནས་སླར་ཡང་གསེར་སྲང་ལྔ་བརྒྱ་ཁྱེར་ནས་རྒྱ་གར་ནུབ་ཕྱོགས་སུ་ཕྱིན་ཏེ། །སངས་རྒྱས་དངོས་དང་མཇལ་བའི་བླ་མ་སུ་ཡོད་དྲིས་པས། །པཎྜི་ཏ་རོལ་པའི་རྡོ་རྗེ་དང་། དེ་ཝ་དང་། ཌཱ་ཀི་མ་སུ་མ་ཏི་ལ་སོགས་པ་གྲུབ་ཐོབ་བཅུ་གསུམ་གྱི་ཞལ་ནས། །ངེད་རྣམས་ཀྱིས་དབང་བསྐུར་ལ་གདམས་ངག་བསྟན་ནས་དེའི་རྗེས་ལ་ལུང་སྟོན་བར་འགྱུར་རོ་གསུངས་བས། །གསེར་སྲང་ལྔ་བརྒྱ་ཕུལ་ནས་དབང་དང་གདམས་པ་མང་པོ་ཞུས་སོ། །ལོང་རྣམས་ཀྱི་ཞལ་ནས་རེང་བཅུ་པོ་འདི་ཡི་རྩ་བའི་བླ་མ་ཡིན། ཁྱད་པར་དུ་པཎྜི་ཏ་་དེ་བ་ལ་བདག་མེད་མའི་ནང་ཁྲིད་བསྟན་པས་ཟླ་བ་བདུན་ལ་ས་བརྒྱད་ཀྱི་རྟོགས་པ་ལ་འགོད་པའི་ཡེ་ཤེས་ཀྱི་ཌཱ་ཀི་མ་སུ་ཁ་སིདྡྷི་ཞེས་བྱ་བ། །རྡོ་རྗེ་འཆང་དང་བདག་མེད་མ་ལས་དངོས་སུ་ཆོས་གསན་པ་གཅིག་ཡོད་ཀྱི། །དེས་ཁྱོད་ལ་བྱིན་གྱིས་རློབས་ཅིངཤིང་གདམས་པ་སྟོན་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་གང་དུ་བཞུགས་ཞུས་པས། ཌཱ་ཀི་མ་དེ་སྣང་བ་དག་ན་གར་ཡང་ཞལ་མཐོང་ལ། །སྣང་བ་མ་དག་ན་བཙལ་པས་མི་རྙེད་དེ། །རེས་འགའ་ནི་བདེ་བ་སྦྱིན་པའི་གནས་ཙནྡན་སྨན་གྱི་ནགས་ཚལ་ཞེས་བྱ་བར་ཚེས་བཅུའི་དུས་སུ་ཌཱ་ཀི་མ་རྣམས་ཀྱི་ཚོགས་དཔོན་མཛད་ཅིང་ཆོས་སྟོན་པ་དང་། །ཡང་ན་གསུང་གི་སྒོ་ནས་ཆོས་སྟོན་པར་འགྱུར་རོ། །དེར་སོང་ལ་གསོལ་བ་ཐོབ་ཅིག །དབང་བཞི་རྫོགས་སུ་བསྐུར་ནས་གདམས་ངག་དང་རྗེས་སུ་བསྟན་པ་མཐའ་དག་སྟོན་པར་འགྱུར་རོ། །ཞེས་གསུངས་པས་གསེར་སྲང་ལྔ་བརྒྱ་པོ་དེ་ཁྱེར་ནས། བདེ་བ་
༤༨༦
སྦྱིན་པའི་ནགས་གསེབ་ནས་ཡར་ལ་ན་མོ་བུདྡྷ་ཡའི་གསོལ་བ་འདེབས་ཤིང་ཕྱིན་པ་ན། ཙནྡན་གྱི་ནགས་དེའི་སྟེང་གི་ནམ་མཁའ་ལ་ཌཱ་ཀི་མ་སྐུ་མདོག་དཀར་མོ་དབུ་སྐྲ་སིལ་བུས་སྐུ་རྒྱབ་ནོན་པ། །ཕྱག་གཉིས་སྐྱེ་མེད་མཚོན་པའི་ཕྱག་རྒྱ་མཛད་པ། ཌཱ་ཀི་མའི་ཚོགས་ཀྱིས་བསྐོར་ནས་འཇའ་འོད་འཁྱིལ་པའི་དབུས་ན་བཞུགས་པ་མཐོང་ངོ་། །དེ་མཐོང་བ་དང་ལུས་ལ་བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་ལ། ས་དང་པོ་ལྟ་བུའི་དགའ་བ་སྐྱེས་ནས་ཟག་མེད་ཀྱི་བདེ་བའི་ཉམས་དང་ལྡན་པར་གྱུར་ཏོ། །དེ་ནས་མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ཏ་ལ་སོགས་པ་མང་པོ་གཏོར་ནས་ཕྱག་དང་བསྐོར་བ་བརྒྱ་སྟོང་དུ་མ་བྱས་ཏེ་གདམས་ངག་ཞུ་འཚལ་བྱས་པས། ཌཱ་ཀི་མའི་ཞལ་ནས་འདི་གསུངས་སོ། །བིར་ཝ་པ་དང་བདག་མེད་མ། །རྡོ་རྗེ་འཆང་ལས་དངོས་སུ་ཐོས། །གསང་སྔགས་མངོན་སུམ་ལམ་པ་ཡི། །སྨིན་པར་བྱེད་པའི་དབང་བཞི་དང་། །གྲོལ་བའི་བསྐྱེད་རྫོགས་སྟོན་པ་ལ། །དཀོན་པའི་རིན་ཆེན་གསེར་ཕྱེ་ཕུལ། །གུས་པའི་ཐལ་སྦྱོར་རྐྱང་ཕྱག་འཚོལ། །དམའ་བའི་ཞབས་མཐིལ་གཙུག་གིས་ལོངས། །དུས་འདིར་བདག་གིས་གྲོལ་བར་བྱ། །དེ་རིང་རྙེད་པ་མཆོག་རྙེད་དོ། །རིགས་ཀྱི་བུ་ཁྱོད་ཨེ་མ་ཧོ། །རིགས་ཀྱི་བུ་ཁྱོད་ཨེ་མ་ཧོ། །རིགས་ཀྱི་བུ་ཁྱོད་ཨེ་མ་ཧོ། །ཁྱོད་ཀྱི་སློབ་མ་ཡང་སློབ་དང་། །ཕྱི་རབས་བརྒྱུད་འཛིན་ཐམས་ཅད་ལ། །ང་ཡིས་དངོས་སུ་བྱིན་གྱིས་རློབས། །དག་པ་མཁའ་སྤྱོད་གནས་སུ་འགྲོ། །ཞེས་གསུངས་ནས། དང་པོ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་སུ་བསྐུར་ནས་གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་གྱི་བསྐྱེད་རྫོགས་ཉམས་ལེན་གྱི་གནད་དང་བཅས་པ་ཐམས་ཅད་མ་ལུས་པར་གསུངས་སོ། །དེ་ལ་ཡེ་ཤེས་ཀྱི་ཌཱ་ཀི་མ་སུ་ཁ་སིདྡྷི་འདི་དང་པོ་དྲིན་ཆེ་སྟེ། སྤྲུལ་པའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་སུ་བསྐུར། བར་དུ་དྲིན་ཆེ་སྟེ་ལྷའི་བུ་མོ་དང་དབྱེར་མེད་
༤༨༧
དུ་གསང་ཡུམ་མཛད། ཐ་མར་དྲིན་ཆེ་སྟེ་གདམས་ངག་ཐམས་ཅད་རྫོགས་པར་གནང་ནས། བདག་ཉིད་བདེ་བ་ཅན་དུ་བཅུ་བཞིའི་ས་ཐོབ་པར་ལུང་བསྟན། སློབ་མ་ཡང་སློབ་བརྒྱུད་འཛིན་དང་བཅས་པ་ཐམས་ཅད་ཐུགས་རྗེས་བཟུང་ནས། དག་པ་བདེ་སྟོང་གི་མཁའ་སྤྱོད་དུ་འགྲོ་བར་ལུང་བསྟན་པར་མཛད་དོ། །དེས་ན་བདག་གི་བརྒྱུད་འཛིན་ཐམས་ཅད་ཀྱང་ཀུན་ལས་ཁྱད་པར་འཕགས་པས་ན། བསགས་པ་ཡང་རབ་འབའ་ཞིག་འབྱུང་བར་འགྱུར་རོ། །ཞེས་པའང་གསུངས་སོ། །དེ་ནས་ཀུན་ཏུ་བཟང་མོ་སོགས་མཁའ་འགྲོའི་དབང་ཕྱུག་རྣམས་དང་། །བདེ་བའི་རྡོ་རྗེ། །རོལ་པའི་རྡོ་རྗེ། །ཨ་ཏ་ཡ་བཛྲ་སོགས་མཁས་གྲུབ་རྣལ་འབྱོར་གྱི་དབང་ཕྱུག་མཐའ་ཡས་པ་རྣམས་ལས་རྒྱུད་དང་གདམས་ངག་གི་སྤྲོས་པ་བཅད་ཅིང་གསེར་གྱི་མེ་ཏོག་གིས་མཉེས་པར་མཛད། །རྡོ་རྗེ་གདན་དུ་དུས་མཆོད་ཆེན་པོ་མཛད་པའི་ཚེ་ངོ་མཚར་གྱི་ལྟས་རྒྱ་ཆེན་པོ་བྱུང་བས་འཕགས་ཡུལ་བ་མཆོག་དམན་མཐའ་དག་མགྲིན་གཅིག་ཏུ་བསྔགས་པ་བརྗོད། །བོད་ཡུལ་དུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་རྣམ་འཕྲུལ་དགེ་བའི་བཤེས་གཉེན་གླང་རི་ཐང་པ་ལས་བསྙེན་རྫོགས་མཛད་ནས་འཕན་ཡུལ་འཇོག་པོ་རིར་ཐུགས་དམ་ལ་བཞུགས་པའི་སྐབས། །འཆི་མེད་གྲུབ་པ་རཱ་ཧུ་ལ་གུཔྟ་རྫུ་འཕྲུལ་གྱིས་ཕེབ་སྟེཕེབས་ཏེ་གདམས་ངག་མཐའ་ཡས་པ་གནང་བ་ལས། །ཕྲན་ཚེགས་ཉེར་མཁོའ་མན་ངག་རྣམ་པ་བརྒྱད་དགོས་པའི་དབང་གིས་ཕྱིས་ཚོགས་གྲལ་ཞིག་ལ་མགུར་དུ་བཞེངས་པ་ནི། གཟུང་འཛིན་གྱི་རྣམ་རྟོག་འདི་ཐོ་ཅོ་ཆེ། །ཐིམ་པ་རྣམ་གསུམ་གྱི་གདམས་པ་བདོག །གཟུང་འཛིན་གྱི་གཡུལ་ངོ་དེ་ནས་བཟློག །ཁྱེད་གཟུང་འཛིན་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ལྷ་ཆེན་དཔེ་དཀར་འདི་ཐོ་ཅོ་ཆེ། །ཐི་གུ་རྣམ་གསུམ་གྱི་གདམས་བ་བདོག །ལྷ་ཆེན་གྱི་གཡུལ་ངོ་དེ་ནས་བཟློག །ཁྱེད་ལྷ་ཆེན་ཀུན་ཇི་ལྟར་དགྱེས་
༤༨༨
དགྱེས་མཛོད། །ཀླུ་བདུད་ནག་པོ་འདི་ཐོ་ཅོ་ཆེ། །ཐོད་པ་ཁ་སྦྱོར་གྱི་གདམས་པ་བདོག །ཀླུ་བདུད་གྱི་གཡུལ་ངོ་དེ་ནས་བཟློག །ཁྱེད་ཀླུ་བདུད་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །མཚན་མོའ་འབྱུང་པོ་འདི་ཐོ་ཅོ་ཆེ། །བདུད་རྩི་ཐིག་ལེའི་གདམས་པ་བདོག །འབྱུང་པོའ་གཡུལ་ངོ་དེ་ནས་བཟློག །ཁྱེད་འབྱུང་པོ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །བྱད་སྟེམས་ནག་པོ་འདི་ཐོ་ཅོ་ཆེ། །རྡོ་ལེབ་ནག་པོའ་གདམས་པ་བདོག །བྱད་སྟེམས་ཀྱི་གཡུལ་ངོ་དེ་ནས་བཟློག །ཁྱེད་བྱད་སྟེམས་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །འཆི་བདག་ནག་པོ་འདི་ཐོ་ཅོ་ཆེ། །ཀེང་རུས་ཏར་ཡི་གདམས་པ་བདོག །འཆི་བདག་གི་གཡུལ་ངོ་དེ་ནས་བཟློག །ཁྱེད་འཆི་བདག་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །གཟའ་བདུད་ནག་པོ་འདི་ཐོ་ཅོ་ཆེ། །རུས་སྦལ་འཁོར་ལོའ་གདམས་པ་བདོག །གཟའ་བདུད་ཀྱི་གཡུལ་ངོ་དེ་ནས་བཟློག །ཁྱེད་ཁྱབ་འཇུག་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །སྔར་ངག་ལ་བྱིན་གྱིས་མ་བརླབས་པས། །སྔགས་བཟླས་པ་རྣམས་ལ་ནུས་མ་བྱུང་། །དཔལ་ཨཱ་ལི་ཀཱ་ལིའི་གདམས་པ་བདོག །སྔགས་མི་འགྲུབ་སྙམས་པའི་དོགས་པ་མེད། །ཅེས་སོ། །དེ་ནས་དཔོན་སློབ་སུམ་སྟོང་གིས་ཤངས་སུ་བྱོན་ཏེ་ཞང་ཞོང་གིས་སྣ་དྲངས་པའི་དགོན་གནས་བརྒྱ་དང་རྩ་བརྒྱད་ལོ་གསུམ་གྱི་ནང་དུ་བཏབ། །ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་ལ་དབུས་བཙང་ཁམས་གསུམ་གྱི་གྲྭ་པ་ཁྲི་ཚོ་ལྔ་འདུས་པའི་དུས་སུ་ཕལ་ཆེར་གཡེདགཡེང་བ་ཤས་ཆེ་བས་ཉན་བཤད་དང་སྒོམ་སྒྲུབ་ལ་གཡེལ་བའི་དུས་སུ། །ཐམས་ཅད་ལྟད་མོ་ལ་ཁྲིད་ནས་སུམ་ཅུ་རྩ་གསུམ་ལྷ་དང་ལྷ་མོ་མང་པོའ་རྩེད་འཇོ་སྒྲུལ་ནས་བསྟན་པས་དགའ་ཞིང་ཆགས། །ཡང་གཤིན་རྗེའི་སྐྱེས་བུ་འཇིགས་སུ་རུང་བ་དུ་མས་གསོད་གཅོད་ཀྱི་ལས་བྱེད་པར་སྤྲུལ་པས་སྔངས་སྐྲག་བརྒྱལ་བར་གྱུར་པའི་ཚེ་ངོ་སྤྲོད་ཀྱི་མགུར་དུ་བཞེངས་པ་ནི། །ཆགས་སྡང་ཡུལ་རྣམས་ཐམས་
༤༨༩
ཅད་ཀྱང་། །རང་གི་སེམས་ལས་བྱུང་བ་སྟེ། །རྣལ་འབྱོར་པ་ཡི་སྣང་བ་ལ། །ཤ་ཟ་ལ་སོགས་གཤིན་རྗེའི་གཟུགས། །མཚོན་ཆ་སྣ་ཚོགས་ལག་ན་ཐོགས། །ཚེ་སྲོག་དུས་འདིར་སྡུད་བྱེད་ཀྱང་། །སྒྱུ་མར་ཤེས་པས་གྲོལ་བར་འགྱུར། །ལྷ་མོ་མཛེས་མ་རྒྱན་གྱིས་བརྒྱན། །གླུ་ལེན་སྙན་པའི་སྒྲ་སྒྲོག་ཅིང་། །ཡིད་འོང་མང་པོས་མཐའ་བསྐོར་ཡང་། །རང་སྣང་སྒྱུ་མར་ཐག་ཆོད་ན། །དེ་དག་གིས་ཀྱང་འཆིང་མི་ནུས། །ཅེས་པ་ལ་སོགས་པའི་ཆོས་དང་། བར་དོའ་ཆོས་བསྟན་པས་ཐམས་ཅད་ཉན་བཤད་དང་། སྒོམ་སྒྲུབ་ལ་བརྩོན་པར་གྱུར་ཏོ། །ལན་གཅིག་རོང་པོ་དགེ་བཤེས་དཀོན་མཆོག་རྒྱལ་ཀྱིས་འབུལ་བ་ཆེན་པོ་ཕུལ་ནས་ཁྱེད་རྒྱ་གར་དུ་ལན་གསུམ་བྱོན། རྩ་བའི་བླ་མ་རྣམ་བཞི་སོགས་མཁས་གྲུབ་བརྒྱ་དང་ལྔ་བཅུ་བརྟེནབསྟེན་ནས་གྲུབ་ཐོབ་ཏུ་གྱུར་ནས་སྣང་བ་རང་བཞིན་མེད་པར་རྟོགས་པ་ཡིན་ཟེར་བས། བྲག་འདི་ལ་ཕར་ཐལ་ཚུར་ཐལ་འགའ་རེ་གྱིས་ལ། ནམ་མཁའ་ལ་སྐྱིལ་ཀྲུང་གྱིས་ལ་འདུག་དང་ཟེར་པ་ལ། བྲག་རི་དེ་ལ་ཟང་ཐལ་དུ་ཕྱིན། ནམ་མཁའ་ལ་སྐྱིལ་ཀྲུང་བཅས་ནས་གཅིག་དང་དུ་མར་སྣང་བ་ལ་སོགས་པའི་རྫུ་འཕྲུལ་འགའ་རེ་བསྟན་པས། རོང་པོ་དང་གྲ་བགྲྭ་པ་ཐམས་ཅད་ཤིན་ཏུ་དད་དེ། །དེ་ལྟ་བུའི་ཡོན་ཏན་དེ་གདམས་ངག་གང་བསྒོམས་པ་ལས་བྱུང་བ་ཡིན་ཟེར་བ་ལ་འདི་གསུངས་སོ། །ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །སྒྱུ་མ་ལྟ་བུར་ཉམས་བླངས་པས། །སྒྱུ་མ་ལྟ་བུར་མངོན་སངས་རྒྱས། །སྣང་ཡང་བདེན་མེད་ཆོས་རྣམས་ལ། །བྱིས་པས་བདེན་པར་བཟུང་བས་འཁྲུལ། །མེད་བཞིན་སྣང་བ་ཨེ་མ་ཧོ། །ལ་སོགས་པའི་ཆོས་བཤད་པས་ངང་དེ་ཟླ་བ་བཅུ་གཅིག་ན་རོང་པོས་ཡི་དམ་ལྷའི་ཞལ་མཐོང་ནས་སྣང་བ་བདེན་མེད་དུ་རྟོགས་སོ། །ཡང་ཉེ་གནས་རིན་ཆེན་རྡོ་རྗེས་ཐ་མལ་རང་རྒྱུད་བཟུང་ནས་ལོག་ལྟ་ཅུང་ཟད་རེ་ཤོར་བ་མཁྱེན་ནས་ཡི་གེ་
༤༩༠
བརྒྱ་བ་དང་དག་བྱེད་ཨའི་སྟོང་ར་ཞག་བདུན་བསྒོམ་དུ་བཅུག་ནས་གཟིམ་ཆུང་དུ་བྱུང་བ་དང་། །སྐུ་ལུས་དགྱེས་རྡོར་མཚོན་ཆ་ཅན་ལྷ་བཅུ་གསུམ་དུ་སྤྲུལ་ནས་བསྟན་པས་དེར་མཐོང་། །ཡང་གནས་ལྔར་རྒྱུད་སྡེ་ལྔའི་དཀྱིལ་འཁོར་བཀོད་པས་ཀྱང་ཇི་ལྟ་བར་མཐོང་། ཕྱིར་སོང་པས་ཆོས་ཁྲི་བརྒྱ་རྩ་བརྒྱད་དུ་ཆོས་བསྟན་པ་མཐོང་ནས་ཆེད་དུ་བརྗོད་པ། །སྐུ་ལུས་སྤྲུལ་པའི་ལྷ་དགུ་ལ། །གནས་ལྔར་རྒྱུད་སྡེ་ལྔ་ཡི་ལྷ། །བརྒྱ་རྩ་བརྒྱད་ཀྱི་ཆོས་ཁྲི་ལ། །བལྟ་བས་མི་ངོམས་སྐུ་ལུས་རེ། །མཐའ་བྲལ་ཐེག་ཆེན་ཆོས་སྒྲ་སྒྲོག །སྣ་ཚོགས་སྤྲུལ་པ་ཕྱོགས་བཅུར་སྟོན། །རྒྱལ་བ་རྒྱ་མཚོའ་ཐུགས་སྤྲུལ་པའི། །བླ་མ་སངས་རྒྱས་ཁྱེད་ལ་བསྟོད། །མ་རིག་འཁྲུལ་པའིབའི་སེམས་ཅན་རྣམས། །ཡང་དག་ལམ་ལ་གཟུང་དུ་གསོལ། །ཞེས་ཁོས་བསྟོད་པ་བྱས་སོ། །དེ་ནས་ལོག་ལྟ་སྐད་ཅིག་མ་སྐྱེས་པར། ཅི་གསུངས་ཉན་པའི་ཉེ་གནས་སུ་གྱུར་ཏོ། །སྐབས་ཤིག་བྱམས་པའི་ཆོས་ལྔ་དང་། གསང་བ་སྤྱི་རྒྱུད་བཤད་པའི་འཚོ་བ་འདྲེན་པ་ལ། དབུས་གཙང་ཁམས་གསུམ་གྱི་གྲ་པ་རྣམས་མ་འཆམས་པར། དམ་སེལ་དུ་འགྲོ་བར་བྱུང་བ་དང་། རྒྱལ་ཆེན་རིགས་བཞིའི་ལྷ་ཚོགས་རྣམས་བྱུང་ནས་འདི་སྐད་ཞུས་སོ། །ཐར་མེད་གནས་སུ་སྐྱེ་བ་དང་། །ཐར་པའི་གནས་གཅོད་བྱེད་པ་ནི། །མི་མཐུན་དག་ལས་འབྱུང་བར་འགྱུར། །དེ་ཕྱིར་དམ་ཚིག་སྨོས་ཅི་དགོས། །མཐུན་པའི་དཀའ་ཐུབ་དག་ལ་ནི། །ཚེ་གཅིག་སངས་རྒྱས་རྙེད་མི་དཀའ། །དེ་ཕྱིར་འདིར་འཚོགས་ལྷ་རྣམས་ཀྱིས། །ཆོས་གསུང་ཚེ་ན་བསྙེན་བཀུར་བྱ། །ཏ་ལ་བདུན་སྲིད་གཅིག་ཀྱང་རུང་། །མཁའ་ལ་ཆོས་ཆར་དབབ་ཏུ་གསོལ། །ཆོས་ཀྱི་དུང་ཆེན་བསྒྲག་ཏུ་གསོལ། །ཆོས་ཀྱི་བ་དན་བསྒྲེརབསྒྲེང་དུ་གསོལ། །ཅེས་གསོལ་བ་བཏབ་པས། ཟླ་བ་བདུན་མི་ཟས་མི་ཟ་བར་དམ་བཅས་ནས་ནམ་མཁའ་ལ་ཤིང་ཏ་ལ་གཅིག་གི་ཚད་ཙམ་ལ་བཞུགས་ཏེ་ཟླ་བ་བདུན་གྱི་བར་དུ་བྱམས་པའི་ཆོས་ལྔ་དང་། གསང་
༤༩༡
བ་སྤྱི་རྒྱུད་ཚར་བར་བྱས་པས། དབུ་མའི་ལྟ་བ་ཁོང་དུ་ཆུད་པ་མང་དུ་བྱུང་བ་དང་། ལྷ་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་བརྗོད་པར་གྱུར་ཏོ། །བླ་མ་རྡོ་རྗེ་གདན་པའི་ཐུགས་དགོངས་རྫོགས་པར་གྱུར་ཏེ། ལྷ་རྣམས་ཚིམས་པར་གྱུར་ཏོ། །མི་རྣམས་གྲོལ་བར་གྱུར་ཏོ། །སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་ཆེན་པོ་བྱས་པར་གྱུར་ཏོ། །ཨ་ལ་ལ་ཞེས་ལན་གསུམ་བརྗོད་ཅིང་། མེ་ཏོག་གི་ཆར་ཆེན་པོ་ཕབ་སྟེ་མི་སྣང་བར་གྱུར་ཏོ། །ལན་གཅིག་སངས་རྒྱས་འོད་དཔག་མེད་ཀྱིས་བདེ་ཆེན་ཞིང་གི་བཀོད་པ་རྣམས་བསྟན་ནས་འདི་སྐད་གསུངས་སོ། །ཁྱོད་ཀྱི་སྐྱེ་བ་ཐ་མ་སྟེ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །སྡེ་དང་བཅས་པའི་བདུད་བཏུལ་ནས། །མངོན་པར་བྱང་ཆུབ་འཁོར་ལོ་བསྐོར། །གང་གིས་ཁྱོད་ཀྱི་རྗེས་སློབ་ཅིང་། །འོད་དཔག་མཚན་ཙམ་ཐོས་པས་ཀྱང་། །བདེ་བ་ཅན་གྱི་ཞིང་ཁམས་སུ། །རྫུ་འཕྲུལ་ཆེན་པོས་སྐྱེ་བར་འགྱུར། །ཁྱོད་ཀྱི་བརྒྱུད་འཛིན་རྣམ་པ་གསུམ། །མངོན་དགའ་དང་ནི་བདེ་བ་ཅན། །དག་པའི་ཞིང་ནས་ཞིང་དུ་འགྲོ། །དེར་ནི་མངོན་པར་བྱང་ཆུབ་འགྱུར། །ཞེས་པ་ལ་སོགས་པའི་ལུང་བསྟན་མང་དུ་མཛད་དོ། །ཡང་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་གྱི་འོད་ཟེར་ལས་ཆོས་ཀྱི་སྒྲ་གསན་པ་ནི། ཆོས་རྣམས་རང་བཞིན་སྐྱེ་མེད་ལས། འགགས་མེད་སྙིང་རྗེ་མ་ཤར་ན། །འགྲོ་དྲུག་སེམས་ཅན་མ་རྒན་རྣམས། །སྨིན་ཅིང་གྲོལ་བར་མི་ནུས་པས། །འགྲོ་འཆག་ཉལ་འདུག་ཐམས་ཅད་དུ། །མ་ཡི་དྲིན་དང་སྡུག་བསྔལ་རྣམས། །མ་ཡེངས་དྲན་པའི་ལྕགས་ཀྱུས་ཟུངས། །ཚད་མེད་སྙིང་རྗེ་ཆེན་པོ་བསྐྱེད། །བྱམས་པའི་གངས་རི་ཆེན་པོ་ལས། །སྙིང་རྗེའི་ཆུ་རྒྱུན་བསིལ་བ་ཡིས། །ཉོན་མོངས་མེ་དཔུང་ཞི་བར་མཛོད། །ང་ནི་སྙིང་རྗེ་ཆེན་པོའ་སྐུ། །ཞེས་སོགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་གསུངས་སོ། །ཡང་ཨོ་རྒྱན་ཏུ་
༤༩༢
ཕེབས་ནས་རྗེ་བཙུན་མ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་ཞུས་པ་དང་། ཌཱ་ཀི་མ་སེང་གེའི་གདོང་པ་ཅན་ལ་ཌཱ་ཀི་མ་སྡེ་བཞིས་བསྐོར་ནས་རྡོ་རྗེའི་གླུ་འདི་ལྟར་བླངས་སོ། །རྡོ་རྗེ་མཁའ་འགྲོས་བར་ཆད་སྲུང་། །རིན་ཆེན་མཁའ་འགྲོས་མི་ནོར་སྤེལ། །པདྨ་མཁའ་འགྲོས་བུད་མེད་སྡུད། །ཕྲིན་ལས་མཁའ་འགྲོས་ལས་ཀུན་སྒྲུབ། །འདོད་སྲེད་ཆགས་པའི་དབང་སོང་བས། །བདག་ཉིད་མཁའ་འགྲོའི་དབང་དུ་སོང་། །ཕྱི་རོལ་མི་འདོད་གང་ཡང་འབྱུང་། །ཌཱ་ཀི་རང་གི་སེམས་སུ་ཤེས། །སེམས་ཀྱི་དེ་ཉིད་ཤེས་པ་དང་། །སེམས་ཉིད་མི་རྟོག་རྡོ་རྗེ་སྟེ། །རྡོ་རྗེ་ཌཱ་ཀིས་བར་ཆད་སྲུང་། །ཆོག་ཤེས་དགོས་མེད་རིན་ཆེན་གཏེར། །རིན་ཆེན་མཁའ་འགྲོས་དགོས་འདོད་སྒྲུབ། །ཆགས་བྲལ་མི་རྟོག་པདྨ་སྟེ། །པདྨ་ཌཱ་ཀིས་མུ་ཏྲ་སྡུད། །སྐྱེ་འགགས་མེད་པ་ཀརྨ་སྟེ། །ལས་ཀྱི་ཌཱ་ཀིས་ཕྲིན་ལས་སྒྲུབ། །དེ་ལྟར་མ་ཤེས་རྣལ་འབྱོར་པས། །བསྐལ་བར་བསྒྲུབ་ཀྱང་འགྲུབ་མི་འགྱུར། །དེ་ཕྱིར་མཁའ་འགྲོ་རང་སེམས་སུ། །ཤེས་པ་གནད་ཀྱི་མཆོག་ཡིན་ནོ། །ཞེས་པ་ལ་སོགས་འཆར་པ་རྣམ་པ་གསུམ་དང་། འདུ་བ་རྣམ་གསུམ་གྱི་གདམས་ངག་རྣམས་གསུངས་སོ། །དེ་ནས་བླ་མ་ལྷ་དང་མཁའ་འགྲོ་རྣམས་ཀྱིས་ལུང་བསྟན་པ་ལྟར་ཚོགས་པའི་མཐར་ཐུག་ཁྲི་ཚོ་བརྒྱད་ལ་ལོ་དུ་མར་ཆོས་བསྟན། སློབ་མའི་མཐར་ཐུག་དྲུག་པོ་ལ་གདམས་ངག་མ་ལུས་པ་ཚར། སྐུ་ཚེའི་མཐར་ཐུག་བརྒྱ་དང་ལྔ་བཅུ་ལ་བབས་ནས། ཞིང་ཁམས་མཐར་ཐུག་བདེ་བ་ཅན་ཏུ་གཤེགས་པར་དགོངས་པའི་ཚེ་རྒྱལ་ཆེན་བཞི་དང་ཀླུ་རྒྱལ་མ་དྲོས་པ། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་སོགས་ལྷ་ཀླུ་མི་མིན་དཔག་ཏུ་མེད་པ་འདུས། མཆོད་སྤྲིན་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ་ལ་བཀའ་སྩལབསྩལ་པ་ནི། །བླ་མ་ཡི་དམ་ལུང་བསྟན་པའི། །མཐར་ཐུག་གསུམ་གྱི་དུས་ལ་བབས། །ད་ནི་ཞིང་ཁམས་མཐར་ཐུག་པའི།
༤༩༣
བདེ་བ་ཅན་གྱི་ཞིང་དུ་འགྲོ། །དག་པའི་ལོངས་སྤྱོད་དཔག་ཏུ་མེད། །འཇིག་རྟེན་གསེར་དངུལ་དགོས་པ་མེད། །ཁྱེད་རྣམས་ང་ལ་དད་གྱུར་ན། །བདེ་བ་ཅན་དུ་གསོལ་བ་ཐོབ། །ཞིང་དེར་སྐྱེ་བར་ཐེ་ཚོམ་མེད། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་། །བསམ་གྱིས་མི་ཁྱབ་རྫོགས་པར་སྣང་། །ཞིང་དག་སྟོན་པ་འཁོར་དང་ཆོས། །དཔག་ཏུ་མེད་པ་འོད་དཔག་ཞིང་། །རྣམ་པར་དག་པ་བདེ་བ་ཅན། །དེ་ཕྱིར་ཐེ་ཚོམ་མ་བྱེད་པར། །ཞིང་དེར་སྐྱེ་བའི་སྨོན་ལམ་ཐོབ། །ཞེས་པ་ལ་སོགས་པའི་ཆོས་བཤད་ནས་ཚིམ་པར་མཛད་དོ། །དེ་ནས་ཚེས་བཅུ་བཞི་ལ་ཚོགས་སུ་ཕེབཕེབས་སྟེ་ནམ་མཁའ་ལ་སྐུ་ལུས་ཀྱི་བཀོད་པ་མང་པོ་བསྟན་ཏེ་འདི་སྐད་གསུངས་སོ། །ཀྱེ་མ་འདུས་བྱས་མི་རྟག་སྟེ། །ནམ་མཁའི་སྤྲིན་བཞིན་འདུས་ཤིང་གྱེས། །བདེན་མེད་སྒྱུ་མའི་ཆོས་རྣམས་ལ། །བདེན་པར་བཟུང་བས་བསླུས་པ་ཡིན། །ང་ཡི་ལུས་ནི་རྒྱལ་བའི་སྐུ། །སྐྱེ་འཆི་ཅན་དུ་མ་ལྟ་ཞིག །ང་ཡི་ངག་ནི་རྒྱལ་བའི་གསུང་། །བརྗོད་བྲལ་སྐྱེ་མེད་རང་སྒྲ་སྒྲོག །ང་ཡི་སེམས་ནི་རྒྱལ་བའི་ཐུགས། །རྟོག་བྲལ་མཁྱེན་པའི་ཡེ་ཤེས་ལྡན། །ཅེས་གསུངས་པ་དང་། ནམ་མཁའ་ཐམས་ཅད་འཇའ་དང་རོལ་མོའ་སྒྲས་གང་ཞིང་མེ་ཏོག་གི་ཆར་ཆེན་པོ་བབ་པར་གྱུར་ཏོ། ༈ །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་གདམས་ངག་ཡོངས་སུ་རྫོགས་པའི་ཐུགས་སྲས་ཆེན་པོ་རྣམ་པ་དྲུག་གི་ཡ་གྱལ་གཅིག་བརྒྱུད་ཀྱི་བཀའ་བབས་འཛིན་པའི་ཕྱི་བུ་གཅིག་པུ་པ། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ཞེས་བྱ་བ་སྐུ་ཚེ་དེ་ཉིད་བརྗེས་མ་ཐག་པར་ཤར་ཕྱོགས་འོད་འཕྲོ་ཅན་གྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ཉིད། །ཐ་སྙད་བཤད་པའི་ཆོས་ལ་སྙིང་པོ་མེད་པར་གཟིགས་ནས། །ཁམས་པ་ཨ་སེང་དང་། །བུར་སྒོམ་ནག་པོ་སོགས་གྲུབ་ཐོབ་ཀྱི་བླ་མ་
༤༩༤
གདམས་ངག་ཆེ་ཚད་ལ་གཏུགས་ཤིང་ཉམས་ལེན་མཛད་ཀྱང་ཐུགས་དམ་མཐར་ཕྱིན་པ་མ་བྱུང་། །རེ་ཞིག་གི་ཚེ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་རྗེས་སུ་བཟུང་སྟེ་གདམས་ངག་རྫོགས་པར་གནང་། །དང་པོར་སྡིངས་མར་ལོ་གཉིས་བསྒོམས་པས་སྒྱུ་ལུས་རྨི་ལམ་འོད་གསལ་གྱི་རྟོགས་པ་མཐར་ཕྱིན་པ་འཁྲུངས། ཤངས་པ་སྐུ་གཤེགས་པས་བླ་མ་དྭགས་པོ་ལྷ་རྗེའི་སྤྱན་སྔར་དགེ་སྦྱོར་དོགས་གཅོད་ལ་བྱོན་པས་སྐྱེ་བ་དུ་མའི་དཔོན་སློབ་ཡིན་གསུངས་ནས་ཤིན་ཏུ་དགྱེས་པས་གདམས་ངག་མང་པོ་གནང་། དེར་ཕྱག་རྒྱ་ཆེན་པོའ་ལྟ་བ་ལ་སྒྲོ་འདོགས་ཆོད། །ཉམས་རྟོགས་གྱི་རྩལ་ཕྱོགས་མེད་དུ་རྒྱས། རྨི་ལམ་སྤྲུལ་བསྒྱུར་གྱི་སྐབས་སུ་རྡོ་རྗེའི་མགུར་འདི་གསུངས་སོ། །སྐྱེ་མེད་ཀློད་ནས་འགགས་མེད་འཕྱོ། །བསམ་པ་ཙམ་གྱིས་ཐོགས་པ་མེད། །གང་གིས་བསླུར་མེད་སྒྱུ་མའི་ལུས། །རྣལ་འབྱོར་རིག་པའི་ཀློང་ནས་ཤར། །ཚེ་འདིའི་རྣམ་རྟོག་ཡལ་ནས་ཐལ། །རྣམ་སྨིན་གྱི་ལུས་ལ་རྒྱལ་བའི་སྐུ། །ངོ་སྤྲོད་ཀྱི་རྗེ་བཙུན་རིན་པོ་ཆེ། །ཡིད་ཀྱི་ལུས་ལ་ཆོས་ཀྱི་སྐུ། །ངོ་སྤྲོད་ཀྱི་རྗེ་བཙུན་རིན་པོ་ཆེ། །བག་ཆགས་ཀྱི་ལུས་ལ་རྒྱལ་བའི་སྐུ། །ངོ་སྤྲོད་ཀྱི་རྗེ་བཙུན་རིན་པོ་ཆེ། །ཞེས་བྱ་བ་ལ་སོགས་གསུངས་ཤིང་དེ་ནས་བཟུང་ཚེ་འདིའི་རྣམ་རྟོག་སྐྱེ་མ་མྱོང་གསུངས་སོ། །དེ་ནས་བླ་མ་རྣམས་ཀྱི་གསུང་བཞིན་རི་དང་མ་བྲལ་བར་བྱས་ནས་ཡང་ན་ཤི་བ་དང་ཡང་ན་སངས་རྒྱ་བ་གཅིག་ལ་གཏད་དགོས་དགོངས་ནས་རྨོག་ལྕོག་གི་བྲག་ཏུ་གསོལ་ཟས་ཉུངས་མ་ཙམ་ལ་བརྟེན་ནས་ལོ་བཅུ་གཉིས་སུ་བཞུགས་པའི་ཚེ་སུ་ཁ་སིདྡྷི་བྱོན་ནས་འདི་གསུངས་སོ། །ཆོས་ཉིད་མངོན་ཏུ་མ་གྱུར་ཚེ། མི་ཟས་འཚོ་བས་ཉམས་མྱོང་འགྲིབ། །ལྟོ་གོས་འཁྲི་བ་བཅད་ནས་ཀྱང་། །རྣམ་རྟོག་ཏིང་འཛིན་ཟས་སུ་ཟོ། །ཅེས་ལན་གསུམ་གསུངས་པས་ལྟོ་གོས་འཁྲི་བ་ཆོད། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་འཁྲུངས། དེ་རྣམས་ཀྱི་ཚེ་རྡོ་རྗེའི་མགུར་
༤༩༥
མང་དུ་བཞེངས་པ་ལས་རྒྱལ་སྲིད་སྣ་བདུན་རང་ལ་ཚང་བའི་མགུར་ནི། ལས་སུ་དགྲ་བཏུལ་གཉེན་བསྐྱངས་ཀྱང་། །དགྲ་ལ་ཐུབ་པའི་དུས་ཀྱང་མེད། །གཉེན་ལ་མགུ་བའི་དུས་ཀྱང་མེད། །ད་དགྲ་མེད་གཉེན་མེད་བྱེད་ལས་ཆེ། །ལས་སུ་ལྷ་བརྟེན་འདྲེ་བསྐྲད་ཀྱང་། ལྷ་ལ་མགུ་བའི་དུས་ཀྱང་མེད། །འདྲེ་ལ་འགྲོ་བའི་དུས་ཀྱང་མེད། །ལྷ་མེད་འདྲེ་མེད་བྱེད་ལས་ཆེ། །སྟོང་པ་ཉིད་ཀྱི་རྗེས་འབྲང་ཡང་། །སྟོང་ཉིད་ཀྱི་ལྷ་ལ་ཐུག་མཐའ་མེད། །གཅིག་པུ་རྩ་བ་གཅོད་ལས་ཆེ། །མི་ཆོས་ཀྱི་ཕྱོགས་ཀྱི་ཐ་མ་ལ། །ལྷ་ཆོས་ཀྱི་ཕྱོགས་སུ་རབ་གཅིག་བྱུང་། །ཡང་དག་དོན་ལ་མི་ལྟ་བར། །ཚོང་དུ་སྒྱུ་མའི་ནོར་ཚོལའཚོལ་འཁྲུལ། །སེམས་ལ་གང་ཕན་མི་ལྟ་བར། །ཐ་སྙད་ཚིག་ཕྱིར་འབྲངས་ཏེ་འཁྲུལ། །དམན་པའི་ཆ་ལུགས་མི་འཛིན་པར། །ཆེ་བཙུན་གྱི་འགྱིང་ར་བྱས་ལས་ཆེ། །ཕྱོགས་མེད་ལྡོམ་བུ་མི་བྱེད་པར། །ལུང་སྟོང་གི་གྲོག་ཚང་བཤིགས་ཏེ་འཁྲུལ། །གཅིག་པུར་ཉམས་སུ་མི་ལེན་པར། །མང་པོའ་དཔོན་པོ་བྱས་ལས་ཆེ། །དལ་འབྱོར་མི་ལུས་ཁེབས་ལྡན་འདི། །དོན་མེད་ཕྱལ་པར་ཟད་དུ་འཕོང་། །རང་སེམས་ནོར་བུ་རིན་ཆེན་འདི། །འཁོར་བའི་འདམ་དུ་བྱིང་དུ་འཕོང་། །བླ་མའི་གདམས་ངག་བདུད་རྩི་འདི། །གཡེང་བའི་དབང་དུ་བཏང་སྟེ་འཕོང་། །ཟུང་འཇུག་གསལ་བའི་སྒྲོན་མེ་འདི། །རྣམ་རྟོག་རླུང་གིས་བསྐྱོད་དུ་འཕོང་། །སྤྱོད་པ་རོ་སྙོམས་བདེ་ཆེན་འདི། །ཆོས་བརྒྱད་བདུད་ཀྱིས་ནོན་དུ་འཕོང་། །རང་ལུས་རྒྱལ་བའི་ཞིང་ཁམས་འདི། །ཐ་མལ་ལས་ལ་བསྐོལ་དུ་འཕོང་། །རྣལ་འབྱོར་པ་ཡི་བདེ་སྐྱིད་འདི། །ཚོགས་དྲུག་གི་སྣང་བ་གྲོགས་སུ་ཤར། །འཁོར་འདས་ལ་ཉམ་ང་མ་མཆིས་པས། །རང་སེམས་རྒྱལ་པོ་ཡིན་ནོ་སེམས། །རང་སེམས་རྟོགས་པའི་རྒྱལ་པོ་ལ། །རིན་ཆེན་བདུན་གྱི་རྒྱན་ཡང་ཐོགས།
༤༩༦
བདག་ཐ་སྙད་ཀྱི་ཚིག་ཕྱིར་མི་འབྲངས་པར། །ཟབ་མོའ་དོན་ལ་མོས་པར་བྱས། །ངེས་ཤེས་བློ་ཡི་གཏིང་ནས་སྐྱེས། །དེ་བློན་པོ་གྲོས་ཀྱི་ཕུལ་དུ་བྱུང་། །བླ་མ་དམ་པའི་ཞལ་སྔ་ནས། །གདམས་ངག་ཟབ་མོ་དེ་རང་སྟོན། །རྗེ་ནཱ་རོ་པ་ཡི་བུ་བརྒྱུད་ལ། །རྒྱུད་ལུང་སྒྲོ་འདོགས་ཆོད་ཅིག་གསུངས། །མན་ངག་ཆེ་དགུ་བཏུས་བཏུས་ནས། །འཁོར་འདས་ཀྱི་རྩ་བ་བཅད་ལགས་པས། །མ་རིག་པ་སྐྱེ་མེད་དུ་ཡལ་ནས་ཐལ། །རྟ་མཆོག་གིས་དུག་ལྔ་དབྱིངས་སུ་བསྐྱལ། །ལར་མང་པོ་འཚོགས་པའི་འདུ་འཛི་འདི། །གཡེང་བར་འདུག་པས་རི་ཁྲོད་འགྲིམས། །བསྐྱེད་རྫོགས་གཉིས་ལ་གཞི་བྱས་ནས། །རང་གི་སེམས་ཀྱི་རྩལ་ཡང་སྦྱངས། །ཁྱུང་ཕྲུག་མཁའ་ལ་གཤེགས་དང་འདྲ། །དེ་གར་འགྱུར་འཁོར་ལོ་རིན་པོ་ཆེ། །ཚོགས་དྲུག་གི་སྣང་བ་ཧད་པོར་ཐལ། །དེ་ལྟའི་དོན་ལ་ཆོག་ཤེས་པས། །ལོངས་སྤྱོད་ཆེ་ལ་དགའ་རྒྱུ་མེད། །བསྟོད་སྨད་ཚིག་གིས་སྙན་སྡུག་མེད། །འཆི་བདག་བདུད་ཀྱི་ཆོ་འཕྲུལ་ཡང་། །རང་སྣང་ཡིན་པས་འཇིགས་རྒྱུ་མེད། །སེམས་ཉིད་རྟག་ཆད་གཉིས་དང་བྲལ། །སྐྱེ་ཤི་གཉིས་ལ་སྐྲག་རྒྱུ་མེད། །དེ་དམག་དཔོན་གྱིས་ལོག་རྟོག་ཆོམས་སམ་སེམས། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །སེམས་ཉིད་གདོད་ནས་དག་པ་ལ། །སྣང་བ་སློབ་དཔོན་དུ་འཆར་ཀྱིན་གདའ། །དེ་གླང་པོས་དམག་དཔུང་བསྐྱོད་དང་འདྲ། །ཞེ་འདོད་དྲེན་མེད་ངང་ཡལ་ཐལ། །མཁའ་ལ་བྱ་འཕུར་རྟེན་མ་མཆིས། །ཚོགས་དྲུག་སྐྱེས་ན་བློ་བུར་བ། །འཛིན་པ་མེད་པར་གྲོགས་སུ་ཤར། །བཀག་པ་མེད་པར་གཟིགས་མོར་ཆེ། །དེ་བཙུན་མོ་མཛེས་མའི་བརྒྱན་ཡང་བཏགས། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །ཁྱབ་པ་ནམ་མཁའ་ལྟ་བུ་ལ། །སེམས་ཀྱི་ཁྱིམ་པ་ཡངས་དོག་མེད། །ངོས་གཟུང་མེད་འདྲའི་བར་སྣང་ལ། །འོད་གསལ་སྒོ་ལ་ཡངས་དོག་མེད། །དབྱིངས་དང་ཡེ་ཤེས་དབྱེར་མེད་པས། །
༤༩༧
སྐུ་གསུམ་གྱི་རྒྱུན་ལ་ཡངས་དོག་མེད། །འབད་མེད་ཉི་མ་ལྟ་བུ་ལ། །ཉི་ཟེར་འཆར་བ་ཕྱོགས་རིས་མེད། །དེ་ནོར་བུས་དགོས་འདོད་རེ་བ་སྐོང་། །རིན་ཆེན་བདུན་གྱི་ནོར་མཆོག་འདི། །རྣལ་འབྱོར་པ་ཡི་རྒྱན་དུ་ཆེ། །ལུས་དང་བྲལ་ཡང་འདི་མི་འབྲལ། །ནོར་གྱི་དམ་པ་ཡིན་ནམ་སེམས། །རྒྱལ་པོའ་ལོངས་སྤྱོད་ལ་སྨོན་རྒྱུ་མེད། །མཁས་པའི་ཐ་སྙད་ལ་དགའ་རྒྱུ་མེད། །དེ་ཤོབ་བེ་ཡིན་ན་འགུམ་པ་ལགས། །ཞེས་གསུངས་སོ། །ཡང་ཉམས་མྱོང་བློ་བློ་དྲུག་གི་མགུར་ནི། དང་པོར་སྒྲོ་འདོགས་ཆོད་ནས་ཀྱང་། །ད་རུང་སྐབས་སུ་ཐེ་ཚོམ་བྱུང་། །བལྟ་བས་ཀྱང་རྣལ་འབྱོར་བསླུ་བསླུ་འདྲ། །ད་སྤྲོས་བྲལ་གྱི་སེམས་དང་མི་འབྲལ་འཚལ། །དང་པོ་སྐྱེ་མེད་རྟོགས་ནས་ཀྱང་། །ད་རུང་སྐབས་སུ་སྙེམ་བྱེད་བྱུང་། །བསྒོམ་པས་ཀྱང་རྣལ་འབྱོར་བསླུ་བསླུ་འདྲ། །ད་མ་ཡེངས་སེམས་དང་མི་འབྲལ་འཚལ། །དང་པོ་འཛིན་མེད་དུ་བྱས་ནས་ཀྱང་། །ད་རུང་སྐབས་སུ་ཆགས་ཞེན་བྱུང་། །སྤྱོད་པས་ཀྱང་རྣལ་འབྱོར་བསླུ་བསླུ་འདྲ། །ད་འཛིན་མེད་ཀྱི་སེམས་དང་མི་འབྲལ་འཚལ། །དང་པོར་རྩེ་གཅིག་ཏུ་གནས་ནས་ཀྱང་། །ད་རུང་སྐབས་སུ་རེ་དོགས་བྱུང་། །འབྲས་བུས་ཀྱང་རྣལ་འབྱོར་བསླུ་བསླུ་འདྲ། །ད་ལྷུན་གྲུབ་ཀྱི་སེམས་དང་མི་འབྲལ་འཚལ། །དང་པོར་ཐོད་རྒལ་བྱུང་ནས་ཀྱང་། །ད་རུང་སྐབས་སུ་ཉམ་ང་བྱུང་། །ཆོས་བརྒྱད་ཀྱིས་རྣལ་འབྱོར་བསླུ་བསླུ་འདྲ། །ད་སྨྱོན་པའི་སེམས་དང་མི་འབྲལ་འཚལ། །དང་པོར་གཉེན་འདུན་སྤངས་ནས་ཀྱང་། །ད་རུང་སྐབས་སུ་ངོ་སྲུང་བྱུང་། །ད་ཡང་ངོ་སྲུང་མི་བགྱིད་འཚལ། །དང་པོར་དད་པ་སྐྱེས་ནས་ཀྱང་། །ད་རུང་སྐབས་སུ་བཏང་སྙོམས་བྱུང་། །ལེ་ལོས་ཀྱང་རྣལ་འབྱོར་བསླུ་བསླུ་འདྲ། །ད་བརྩོན་འགྲུས་དང་རྣལ་འབྱོར་མི་འབྲལ་འཚལ། །ལྷ་གཅིག་དཀོན་མཆོག་གསུམ་པོ་ལ། །དད་གུས་ཀྱི་སྐྱོང་ལ་མི་བགྱིད་འཚལ། །
༤༩༨
ཕ་གཅིག་བླ་མ་དམ་པ་ལ། །མོས་གུས་རྒྱུན་ཆད་མེད་པར་འཚལ། །གདམས་ངག་ཐུགས་ཀྱི་ཉིང་ཁུ་ལ། །ཚིག་ཚོགས་ཀྱི་ལྷད་ཀྱིས་མ་བསླད་འཚལ། །ལར་མཁས་པ་བས་ཀྱང་བསྒྲུབ་པ་གཅེས། །གཅིག་པུར་སྡོད་ལ་ཉམས་སུ་ལོངས། །འཁོར་བའི་སྐྱོན་གྱིས་སུན་ཕྱུང་ལ། །ཆོས་མྱ་ངན་འདས་ལ་མོས་པ་དཀའ། །རྒྱུ་འབྲས་ཆོས་ལ་ཡིད་ཆེས་ནས། །སྐྱོ་ངལ་མེད་པའི་དད་པ་དཀའ། །ན་བ་ཚ་བ་ཀུན་སྤངས་ནས། །བཀོལ་དུ་གཏུབ་པའི་མི་ལུས་དཀའ། །ལུང་རིག་མན་ངག་དང་ལྡན་པའི། །ཐུགས་རྗེ་ཅན་གྱི་བླ་མ་དཀའ། །འདུ་འཛི་གཡེང་བ་ཀུན་སྤངས་ནས། །ཉམས་སུ་ལེན་པའི་སློབ་མ་དཀའ། །ཆགས་སྡང་ཞེ་སྡང་ཀུན་སྤངས་ནས། །གཞན་དོན་བྱེད་པའི་སྙིང་རྗེ་དཀའ། །གཟུང་འཛིན་རྣམ་རྟོག་དང་བྲལ་བའི། །རྩེ་གཅིག་གནས་པའི་བསམ་གཏན་དཀའ། །དཀའ་བ་རྣམ་བརྒྱད་གདམས་ངག་འདི། །ཆོས་བྱེད་རྣམས་ལ་འདི་ཚོ་གཅེས། །འདི་ཚོ་འཛོམ་པ་བརྒྱ་ལ་འགའ། །དེ་ཕྱིར་བྱང་ཆུབ་ཐོབ་པ་དཀའ། །ད་སྒྲོ་འདོགས་སེམས་ལ་ཆོད་པ་ལ། །མཐའ་བྲལ་གྱི་ལྟ་བ་མི་ཟེར་རམ། །དེ་ལུང་རིག་དང་འབྲེལ་བ་རྒྱན་དུ་ཆེ། །རྣམ་རྟོག་ཆོས་སྐུར་ཤར་བ་ལ། །རང་བྱུང་བསྒོམ་པ་མི་ཟེར་རམ། །དེ་ཉམས་མྱོང་དང་འབྲེལ་བ་གནད་དུ་ཆེ། །ཚོགས་དྲུག་རང་སར་གྲོལ་བ་ལ། །ཆགས་མེད་ཀྱི་སྤྱོད་པ་མི་ཟེར་རམ། །དུས་ཚོད་དང་འབྲེལ་པ་རྒྱན་དུ་ཆེ། །སྟོང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་བ་ལ། །སྙན་བརྒྱུད་ཀྱི་གདམས་ངག་མི་ཟེར་རམ། །དེ་དབང་དང་འབྲེལ་བ་རྒྱན་དུ་ཆེ། །སྟོང་ཉིད་ཀྱི་གསལ་སྣང་སྐྱེ་བ་ལ། །ས་ལམ་གྱི་རིམ་པ་མི་ཟེར་རམ། །དེ་ལ་མ་རྟགས་དང་འབྲེལ་བ་རྒྱན་དུ་ཆེ། །རང་སེམས་ཟད་སར་སྐྱལསྐྱེས་བ་ལ། །ཚེ་གཅིག་སངས་རྒྱས་མི་ཟེར་རམ། །དེ་སྐུ་བཞི་དང་འབྲེལ་བ་རྒྱན་དུ་ཆེ། །མཚན་ཉིད་གསུམ་ལྡན་གྱི་གང་ཟག་ལ། །བརྒྱུད་ལྡན་གྱི་བླ་མ་མི་ཟེར་རམ། །དེ་གདམས་ངག་དང་འབྲེལ་
༤༩༩
པ་རྒྱན་ཏུ་ཆེ། །དད་ལྡན་ཤེས་རབ་ཆེ་བ་ལ། །སྣོད་ལྡན་གྱི་སློབ་མ་མི་ཟེར་རམ། །དེ་མོས་གུས་དང་འབྲེལ་པ་རྒྱན་དུ་ཆེ། །བླ་མ་རིན་ཆེན་གྱི་རི་བོ་ལ། །གདམས་ངག་དམ་པའི་ཆུ་མིག་བདོག །དད་པ་སྐྱོ་ངལ་མེད་པས་འཐུང་ནུས་ན། །ཉེས་སྐྱོན་ཀུན་ལས་ཐར་བར་ངེས། །འདུས་བྱས་ལུས་ཀྱི་བུམ་ནང་ན། །ལྷན་ཅིག་སྐྱེས་པའི་སྒྲོན་མེ་བདོག །ཏིང་ངེ་འཛིན་ཐོབ་པས་ཆོག་ཤེས་ན། །ཕྱི་ནང་ཆོས་སྐུར་གསལ་བར་ངེས། །རང་ལུས་སྒྱུ་མའི་རི་བོ་ལ། །རྣམ་པར་ཤེས་པའི་སེང་ཕྲུག་རྩེ། །ཚོགས་དྲུག་ཞེན་མེད་དུ་སྦྱོང་ཤེས་ན། །འཁོར་འདས་ཟིལ་གྱིས་ནོན་པར་ངེས། །མ་རིག་པ་ཡི་ཚང་ནང་ན། །རྣམ་པར་ཤེས་པའི་ཁྱུང་ཕྲུག་བདོག །ཐབས་ཤེས་ཀྱི་གཤོག་པ་སྦྱོར་ནུས་ན། །འགྲོ་དྲུག་མཁའ་ལ་འཕུར་བར་ངེས། །བློ་བློ་ཕྱི་ཡི་ཡུལ་ལ་ལྟོས། །ཕྱི་ཡི་ཡུལ་ལ་བལྟས་ཙམ་ན། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པར་གདའོ། །བློ་བློ་ནང་གི་སེམས་ལ་ལྟོས། །ནང་གི་སེམས་ལ་བལྟས་ཙམ་ན། །མར་མེ་རླུང་གིས་མ་བསྐྱོད་བཞིན། །གསལ་ལ་རྟོག་པ་མེད་པར་གདའ། །བློ་བློ་ཕྱི་ནང་མཚམས་སུ་ལྟོས། །ཕྱི་ནང་མཚམས་སུ་བལྟས་ཙམ་ན། །མཁའ་ལ་ཉི་ཤར་ཇི་བཞིན་དུ། །མཚན་མ་རང་སར་གྲོལ་ནས་གདའོ། །བློ་བློ་ཐབས་ལམ་ཟབ་མོ་བསྒོམས། །ཐབས་ལམ་ཟབ་མོ་བསྒོམས་ཙམ་ན། །དེད་དཔོན་བཟང་པོས་བྱེད་པ་བཞིན། །སེམས་འདོད་པའི་གནས་སུ་སྐྱོལ་གིན་གདའོ། །བློ་བློ་ཕྱག་རྒྱ་ཆེན་པོ་བསྒོམས། །ཕྱག་རྒྱ་ཆེན་པོ་བསྒོམས་ཙམ་ན། །ནགས་ལ་མེ་ལྕེ་མཆེད་པ་བཞིན། །ཅིར་སྣང་གྲོགས་སུ་འཆར་གིན་གདའོ། །བློ་བློ་ཕྱོགས་མེད་ལྡོམ་བུ་གྱིས། །ཕྱོགས་མེད་ལྡོམ་བུ་བྱས་ཙམ་ན། །མཚོ་ལ་ཁ་བ་བབ་པ་བཞིན། །རྣམ་རྟོག་ཐད་ཀར་ཆོས་གིནཀྱིན་གདའོ། །ཞེས་གསུངས་སོ། །རྗེ་ཉིད་ལ་
༥༠༠
དྭགས་པོའ་སློབ་མ་བཅུ་གསུམ་གྱིས་རྣམ་རྟོག་གིས་མི་གནོད་པའི་ཕྱག་རྒྱ་ཆེན་པོ་ཞུ་ཟེར་བ་ལ་འདི་གསུངས་སོ། །སྐྱེ་འགགས་མེད་པའི་ཆོས་ཉིད་ལ། །རྣམ་རྟོག་བྱ་བ་ཅི་ལ་ཟེར། །མི་རྟོག་པ་དང་རྟོག་པ་གཉིས། །ཆུ་དང་ཆུ་བུར་ལྟ་བུར་ལྟོས། །ཞེས་སོགས་གསུངས་པས། ཁོང་རྣམས་ཀྱི་རྣམ་རྟོག་གཞི་མེད་རྩ་བྲལ་དུ་རྟོགས། གློ་བོའ་དགེ་བཤེས་ཞིག་གིས་ཡི་དམ་གང་བསྒྲུབ་ཀྱང་ཞལ་མཐོང་བའི་ཐབས་ཤིག་ཞུ་ཟེར་བ་ལ་འདི་གསུངས་སོ། །འཇིག་རྟེན་བྱ་བ་བློས་ཐོངས་ལ། །ཡིད་གཉིས་ཐེ་ཚོམ་མེད་པ་ཡིས། །ལྷ་སྐུ་གསལ་ལ་རྟོག་མེད་བསྒོམ། །འཛད་མེད་ཀྱི་ལོང་གཏམ་མ་བྱེད་པར། །གྲགས་སྟོང་སྔགས་ཀྱི་བཟླས་བརྗོད་ཀྱིས། །དེ་ལྟར་བྱས་ན་ལྷ་ཡི་སྐུ། །མྱུར་དུཏུ་མཐོང་བར་ཐེ་ཚོམ་མེད། །ཅེས་གསུངས་པས་ཁོང་ཤིན་ཏུ་ངེས་ཤེས་སྐྱེས། །ཟླ་བ་གསུམ་དུ་བསྒྲུབས་པས་སྒྲོལ་མའི་ཞལ་མཐོང་ངོ་། །ཡང་རྣམ་ཐར་ཞལ་གསུངས་མ་ལས། །དབྱར་གཅིག་མུ་གེ་ཆེན་པོ་བྱུང་བ་དང་། །ཡུལ་མི་ལྟོག་པོ་རྣམས་གྲོས་བྱས་ཏེ། །བླ་མ་ལ་བཀའ་ཕབ་ཞུ་དགོས་ཟེར་ནས། །ང་ཡི་འབུལ་སྐྱེལ་དང་གྲྭ་པ་བཅོམ་པས། །མགོན་གཡག་གིས་གྲོང་ལ་བལྟས། །གྲྭ་པ་རྣམས་ནི་སེར་དམག་བྱེད་པར་འདུག་ནས། ཉིན་གཅིག་མང་བཀོལ་གྱིས་བྱས་པས་ཐམས་ཅད་འདུས་པ་དང་། །དང་པོའ་བེར་དུག་དེ་གྱོན། ཆོས་ཁུག་དེ་རྒྱབ་ཏུ་ཁུར་ནས་འདི་སྐད་ཅེས་སྨྲས་སོ། །ལམ་མཁན་བླ་མ་རྗེ་ལ་ཞུས་པས། །ལམ་རྒྱུས་མཁས་པའི་ཚད་གཅིག་བྱུང་། །བློ་ཕུག་དམ་པའི་ཆོས་ལ་གཏད་པས། །གྲོས་མགོ་ཐོན་པའི་ཚད་གཅིག་བྱུང་། །སྒྲོ་འདོགས་རང་གི་སེམས་ལ་བཅད་པས། །ངེས་ཤེས་སྐྱེས་པའི་ཚད་གཅིག་བྱུང་། །ཅི་བྱེད་དམ་པའི་ཆོས་དང་བསྟུན་པས། །དགེ་སྦྱོར་འཕེལ་བའི་ཚད་གཅིག་བྱུང་། །རྒྱལ་ཁ་འགོ་བ་གཞན་ལ་བྱིན་པས། །བློ་སྣ་འབྱོངས་པའི་ཚད་གཅིག་བྱུང་། །གཞན་སེམས་མ་བཟུང་རང་སེམས་བཟུང་བས། །ངོ་སྲུང་
༥༠༡
ཆུང་བའི་ཚད་གཅིག་བྱུང་། །གང་དུ་བསྡད་ཀྱང་མགྲོན་པོ་བགྱིས་པས། །ཆགས་ཞེན་ཆུང་བའི་ཚད་གཅིག་བྱུང་། །ཕམ་ཁ་ལྟོ་རྒྱབ་གཉིས་ལ་བསྐུར་བས། །ལུས་སེམས་དལ་བའི་ཚད་གཅིག་བྱུང་། །མགུར་དེ་བླངས་ནས་རི་ཁྲོད་ལ་བྲོས་པས། །གྲྭ་པ་རྣམས་ཀྱིས་སེར་དམག་བཤོལ། །མགོན་གཡག་ཀྱང་ཡར་བྱུང་བ་དང་། །ཐུགས་རྗེ་ཆེན་པོའ་ཞལ་ནས། །ཞེ་སྡང་མེ་དཔུང་ཆེན་པོ་དེ། །བྱམས་པའི་ཆུ་ཡིས་བསིལ་བར་བྱས། །ཤིན་ཏུ་ལེགས་སོ་རྣལ་འབྱོར་པ། །འཁོར་འདས་ཆགས་སྡང་རྩ་བ་ཡིན། །ཆགས་ཞེན་སྐྱུངས་ཤིག་རྣལ་འབྱོར་པ། །གསུངས་སོ། །དེ་ནས་རྟའི་ཟླ་བ་ལ་མཚམས་བྱས་ནས་མི་ཟས་མ་ཟོས། །དབང་བསྐུར་མ་བྱས་པས་འོད་གསལ་གྱི་སྣང་བ་མཆེད་ནས། །གྲྭ་པ་ཐམས་ཅད་ཀྱི་བྱེད་སྤྱོད་དང་། ཚེ་སྟོད་སྨད་ཀྱི་ལེགས་ཉེས་ཐམས་ཅད་ཤེས་པར་བྱུང་སྟེ། །སྙིང་རྗེ་དང་ཤ་ཚས་གང་ལ་གང་ལེགས་ཀྱི་གྲོས་གདབ་པས་ཕལ་ཆེར་ངེས་ཤེས་སྐྱེས་ནས་དགེ་སྦྱོར་མཐར་ཕྱིན་པ་བྱུང་བ་ལ། །ངོམ་ཤོད་བླ་མཆོད་ལ་སོགས་པ་མི་ཉན་པ་མང་པོ་བྱུང་སྟེ་ཁོ་ཡུལ་དུ་ཕྱིན་པས་ཁྱིམ་ཐབ་ཏུ་སོང་ནས་ང་འཆི་ཀ་ལ་མི་འཕྲད་པར་འདུག་པས་ཡུལ་དུ་མ་འགྲོ་བྱས་པས་མ་ཉན་པ་ལ་ཡི་མུག་ནས་ཁོའ་ལག་པ་ནས་བཟུང་ནས་མགུར་འདི་བླངས་སོ། །སངས་རྒྱས་སེམས་ཅན་གྱི་མེས་པོ་ཡིན། །དམ་ཆོས་སེམས་ཅན་གྱི་སྤྱི་ནོར་ཡིན་། །མི་དད་ལྡན་བགོ་བཤའ་བྱེད་ཙ་ན། །ནོར་སྐལ་ཆད་པའི་སྙིང་མེད་པོ། །དུས་གསུམ་སངས་རྒྱས་ཀྱི་རྩ་བ་དེ། །བརྒྱུད་ལྡན་གྱི་བླ་མ་ཡིན་པར་ངེས། །འདི་ཕྱིའི་དགོས་འདོད་སྒྲུབ་མཁན་ལ། །མོས་གུས་མེད་པའི་སྙིང་མེད་པོ། །ཚེས་ཡོངས་སུ་གཏུགས་པའི་ལྷག་མ་ལ། །ཡེངས་མེད་བརྩོན་འགྲུས་མི་རྩོམ་པར། །མགུ་བ་མེད་པའི་ཕན་སེམས་ཀྱིས། །ཚེ་དོན་མེད་དུ་སྐྱེལ་བའི་སྙིང་མེད་པོ། །རིག་པ་ཤིང་ཁའི་བྱི་ཆུང་ལ། །འཆི་བདག་བདུད་ཀྱི་བསྐུལ་མ་འོང་། །སྔར་བསགས་
༥༠༢
ལས་ཀྱི་སྟེང་དུ་འགྲོ། །སྡིག་པ་བྱེད་པའི་སྙིང་མེད་པོ། །ཕུང་པོ་ཟག་བཅས་སྡུག་བསྔལ་སྣོད། །སྐྱེ་རྒས་ན་འཆི་ཀུན་གྱི་གནས། །ལུས་རྫ་གོག་བཞིན་དུ་འདོར་བ་ལ། །རྟག་ཏུ་རེ་བའི་སྙིང་མེད་པོ། །ཟས་ནོར་སྒྱུ་མའི་རང་བཞིན་ལ། །རང་གཞན་དོན་དུ་མི་སྤྱོད་པར། །སྔར་འདྲིས་སེར་སྣའི་གར་སྦྱིན་གྱིས། །འབུལ་མི་ཕོད་པའི་སྙིང་མེད་པོ། །རྣམ་རྟོག་གདོན་གྱི་སུན་མ་ལ། །ཆོས་ཉིད་བསྐུལ་མ་མི་ལྟ་བར། །ལུས་སེམས་བྲལ་གྱིས་དོགས་པ་ཡིས། །སེམས་འཕྲིག་གཙུམ་བྱེད་པའི་སྙིང་མེད་པོ། །ལས་རྣམས་འགྲུབ་པའི་གསང་སྔགས་ལ། །མ་ཡེངས་ཐུན་བཞིར་མི་བསྒོམ་པར། །འཛད་པ་མེད་པའི་ལོང་གཏམ་ལ། །དུས་འདའ་རུ་འཇུག་པའི་སྙིང་མེད་པོ། །སེམས་ཉིད་ཡིད་བཞིན་ནོར་བུ་ལ། །སྐུ་གསུམ་འབྲལ་མེད་མི་བསྒོམ་པར། །རི་དྭགས་སྨིག་རྒྱུ་སྙེགསསྙག་པ་བཞིན། །ཚིག་ཕྱིར་འབྲེངའབྲང་བའི་སྙིང་མེད་པོ། །ཆོས་ཉིད་གཏན་ཡུལ་མི་འཛིན་པར། །བདག་འཛིན་མེལ་ཚེ་བྱེད་བྱེད་པོ། །རིགས་དྲུག་གི་གྲོང་ཁྱེར་སྒྱུ་མར་བཟུང་། །ཚེ་ཐུག་མེད་དུ་འཁྱམས་པའི་སྙིང་མེད་པོ། །ཞེས་གསུངས་སོ། །ལྟ་སྒོམ་སྤྱོད་འབྲས་ཀྱི་རྡོ་རྗེའི་མགུར། །སྐྱེ་འགགས་མེད་པའི་དོན་རྟོགས་ན། །ལྟ་བ་ཀུན་མཐོ་རུང་མ་མཐོ་རུང་། །གཟའ་གཏད་མེད་པའི་ངང་དུ་ཞོག །གཉིས་འཛིན་མེད་ན་ལྟ་བ་ཡིན། །སྐུ་གསུམ་འབྲལ་མེད་དོན་རྟོགས་ན། །གནས་བ་ཀུན་བརྟན་རུང་མ་བརྟན་རུང་། །འབད་པ་མེད་པའི་ངང་དུ་ཞོག །གསལ་ལ་མ་ཡེངས་སྒོམ་པ་ཡིན། །འགྲོ་འཆག་ཉལ་འདུག་མ་ཡེངས་ན། །སྤྱོད་པ་ཀུན་རྩིང་རུང་མ་རྩིང་རུང་། །ཉམ་ང་མེད་པའི་ངང་དུ་ཞོག །ཆགས་ཞེན་མེད་ན་སྤྱོད་པ་ཡིན། །གསལ་ལ་དངོས་མེད་དོན་རྟོགས་ན། །ཉམས་མྱོང་འབར་རུང་མ་འབར་རུང་། །བརྗོད་དུ་མེད་པའི་ངང་དུ་ཞོག །ངེས་ཤེས་ཡོད་ན་ཉམས་མྱོང་ཡིན། །རེ་དོགས་མེད་པའི་དོན་རྟོགས་ན།
༥༠༣
ཆོས་སྐུ་ཐོབ་རུང་མ་ཐོབ་རུང་། །ཞེ་འདོད་མེད་པའི་ངང་དུ་ཞོག །གདོད་ནས་གྲུབ་པ་འབྲས་བུ་ཡིན། །ཞེས་གསུངས་སོ། །སེམས་འཆི་མེད་རྡོ་རྗེའི་མགུར། །མདོ་རྒྱུད་མན་ངག་ཉམས་མྱོང་གིས། །མ་བསྒོམས་སངས་རྒྱས་འཆི་མེད་གནད། །འདི་ལྟར་རྣམ་སྨིན་ལུས་འདི་ལ། །ཡེ་ཤེས་ལུས་ནི་རང་དགར་འབྱུང་། །རྣམ་སྨིན་ལུས་ལ་ལྷ་ཡི་སྐུ། །གསལ་ལ་དེར་འཛིན་མེད་པར་བསྒོམ། །དེ་ཉིད་སེམས་དང་དབྱེར་མེད་དེ། །སེམས་ལ་ངོ་བོ་མ་གྲུབ་པས། །དེ་ལ་འཆི་རྒྱུ་ག་ལ་ཡོད། །འཆི་བ་ཞེས་བྱ་རྣམ་རྟོག་ཡིན། །རྟོག་ཚོགས་འཁོར་འདས་ཆོས་མ་གྲུབ། །འཕོ་བྱ་འཕོ་བྱེད་རང་སར་གྲོལ། །རྣམ་ཤེས་གང་ལ་དོན་པ་དོན། །འཆི་མེད་མཐའ་བྲལ་འབྲས་བུའི་མཆོག །དྲན་པས་མངོན་སངས་རྒྱ་བ་ནི། །ཌཱ་ཀིའི་སྲོག་སྙིང་སྲོག་ལྟར་འཆང་། །རང་སེམས་འཆི་མེད་རང་གྲོལ་རྗེ་བཙུན་རཏྣ་བཱི་པས་མཛད་པ་རྫོགས་སོ། །བླ་མ་ཤངས་པ་ལ་གསེར་སྲང་ལྔ་བཅུ་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་སོ། ། །མྱ་ངན་ལས་འདའ་ཀར་འབྲོང་བུ་བཙན་རྒོད་ལ་ཞལ་ཆེམས་སུ་གདམས་པ། །བུ་ཐ་སྙད་ཀྱི་སྒྲོ་འདོགས་གཅོད་པ་ན། །ཐ་སྙད་ཀྱི་ཆོས་ལ་དགོས་པ་མེད། །བསླབ་པ་དཀའ་ལ་བརྗེད་པ་སྐྱེན། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་། །སེམས་ཉིད་ཀྱི་སྟེང་དུ་གཞོལ་ཞིང་འབབ། །ཆོས་ཇི་ལྟར་བསམ་ཀྱང་གནས་ལུགས་དང་། །མ་བཅོས་གཉུག་མའི་ངང་ལ་ཞོག །སྣང་བ་སེམས་སུ་ཤེས་པར་གྱིས། །སེམས་ཀྱི་རང་བཞིན་སྐྱེ་བ་མེད། །སྐྱེ་མེད་རྟོགས་ན་འོད་གསལ་དང་། །བློ་སྣ་དེ་ལ་འགྲོ་ཚད་ཐོང་ཐོངས། །རྒྱུ་རྐྱེན་རྟེན་འབྲེལ་མི་བསླུ་བས། །བུ་ཡི་དོན་གཅིག་འགྲུབ་དེ་མཆི། །ཞེས་གསུངས་སོ། ༈ །སྐྱེས་རབས་ཀུན་ཏུ་འཕགས་མཆོག་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་ཞིང་སྐུ་ཚེ་འདིར་ཡང་བརྩོན་འགྲུས་
༥༠༤
དྲག་པོས་བསྒྲུབས་པས་མཚམས་སྦྱར་ཏེ་འཕགས་པ་ཉིད་དང་དབྱེར་མེད་པའི་མཆོག་གྲུབ་པ། །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་རྩོལ་མེད་ཆུ་བོའ་རྒྱུན་ལྟ་བུ་མངའ་བ། །རྗེ་བཙུན་རྨོག་ལྕོག་པ་ལས་མཁའ་འགྲོའི་ཆིག་བརྒྱུད་ཐོབ་ཅིང་ཤར་ཕྱོགས་བཻ་ཌཱུ་སྣང་བའི་ཞིང་ཁམས་སུ་དེ་བཞིན་གཤེགས་པ་དྲི་མེད་ནམ་མཁའི་དཔལ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་བའི་སྐྱེས་མཐའི་བྱང་སེམས་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ་ལ་རྒྱལ་བ་སྲས་བཅས་ཀྱི་ཆོས་སྒོ་མཐའ་ཡས་བསྩལ་བ་ལས་མཚོན་པ་ཙམ་ནི། རྗེ་བཙུན་སྒྲོལ་མའི་ཞལ་ནས། སྒྱུ་ལུས་བདེན་མེད་གནད་ཡིན་ཨ་འཐས་ཤིག །རྨི་ལམ་འདུན་པའི་གནད་ཡིན་ལམ་དུ་ཁྱེར། །འོད་གསལ་མོས་གུས་གནད་ཡིན་གསོལ་བ་ཐོབ། །གཞན་དོན་སྙིང་རྗེའི་གནད་ཡིན་ཕྱོགས་འཛིན་སྤོངས། །ཞེས་དང་། གཉིས་འཛིན་སྤངས་ན་འདོད་ཆགས་ངང་གིས་ཞི། །ཕ་མར་ཤེས་བས་ཞེ་སྡང་རང་སར་གྲོལ། །གསལ་ལ་རྟོག་མེད་གཏི་མུག་དབྱིངས་སུ་ཐིམ། །འགགས་མེད་དུག་གསུམ་རང་སར་འཆིང་བྱེད་འདི། །དེར་འཛིན་མེད་པར་རང་སར་གྲོལ་བར་ངེས། །ཉོན་མོངས་རང་ཤར་རང་གྲོལ་ཉིད་དུ་ལྟོས། །ཞེས་གསུངས། །ཐུགས་རྗེ་ཆེན་པོའ་ཞལ་ནས། །འདུ་འཛི་གཡེང་བ་བདུད་ཀྱི་བར་ཆད་ཡིན། །ཆགས་སྡང་སྣ་ཚོགས་གྲོགས་སུ་མི་འཆར་བས། །རྐྱེན་ངན་དབེན་པའི་དགོན་པ་རྟག་ཏུ་བསྟེན། །ཚེ་ལ་ལོང་མེད་འཆི་བ་བསམ་པར་རིགས། །ཞེས་གསུངས། །རྒྱུད་སྡེ་ལྔའི་ལྷ་ཚོགས་ཀྱི་ཞལ་ནས། །དབང་བཞི་མ་རྫོགས་སྨིན་པར་ག་ལ་ནུས། །དབྱེར་མེད་བསྐྱེད་རིམ་མ་བསྒོམ་གྲོལ་མི་སྲིད། །ཐོབ་འདོད་རེ་བས་འབྲས་བུ་མི་འབྱིན་པས། །རང་གྲོལ་རང་ཤར་སྐུ་གསུམ་དབྱེར་མེད་ལྟོས། །ཞེས་གསུངས། །བླ་མ་རྨོག་ལྕོག་པ་ཞི་བར་གཤེགས་པའི་ཚེ། རྗེ་བཙུན་མའི་ཞལ་ནས། ནམ་མཁའ་འདི་ལ་སྐྱེ་འཆི་མེད་པ་ལྟར། །བླ་མ་ལ་ཡང་སྐྱེ་འཆི་ག་ལ་ཡོད། །མོས་གུས་
༥༠༥
སྟོབས་ཀྱིས་འབྲལ་མེད་གནས་པ་ཡིན། །མྱ་ངན་མ་བྱེད་རྒྱུན་དུ་གསོལ་བ་ཐོབ། །ཅེས་གསུངས་སོ། །རང་སེམས་བླ་མར་ངོ་སྤྲོད་པའི་རྡོ་རྗེའི་མགུར་བཞེངས་པ་ནི། གུ་རུ་བོ་དྷི་ཙིཏྟ་ན་མཱ་མི། །བླ་མ་མཉམ་མེད་སེམས་ཉིད་ངོ་སྤྲོད་པའི། །རང་དོན་མཐར་ཕྱིན་གཞན་དོན་ནང་དུ་ལོན། །ཕྱོགས་མེད་མཁྱེན་པའི་ཐུགས་རྗེ་ཀུན་ལ་སྙོམས། །བླ་མ་དྲིན་ཅན་རྣམས་ལ་ཕྱག་འཚལ་ལོ། །ཡིན་ལུགས་མཚོན་པའི་བླ་མ་ཁྱེད་རྣམས་ལགས། །གནས་ལུགས་ཤར་བའི་བླ་མ་ནང་ན་བཞུགས། །རང་སེམས་བླ་མའི་མཚན་ཉིད་འདི་ལྟར་ལགས། །རྒྱུ་ལས་མ་བྱུང་རང་བཞིན་ལྷུན་གྱིས་གྲུབ། །རྐྱེན་གྱིས་མི་འཇིག་གཉེན་པོ་ཀུན་དང་བྲལ། །འགྲོ་འོང་མི་བདོག་དུས་གསུམ་འཕོ་འགྱུར་མེད། །དངོས་དང་དངོས་མེད་བརྗོད་པའི་མཐའ་ལས་འདས། །དབང་པོ་ལྔ་ལ་མཐོང་བའི་དངོས་པོ་མེད། །མེད་བཞིན་སྣ་ཚོགས་འཆར་བའི་བྱུངའབྱུང་ཁུངས་ཡིན། །བལྟས་ཤིང་བཅོས་ཀྱང་འདི་ཞེས་ངོས་བཟུང་མེད། །མ་བཙལ་བཞག་ཀྱང་རང་བཞིན་ཅིང་ཡང་འཆར། །དགེ་སྡིག་ལས་ཀྱི་དབང་དུ་དེ་མི་འགྱུར། །ཀུན་ལས་འཕགས་ཤིང་གང་ལའང་ཞེན་པ་མེད། །ཀུན་དང་བྲལ་བས་ཀུན་གྱི་དངོས་གཞི་ཡིན། །བློ་དང་བྲལ་བས་དོན་མེད་བློ་ལ་གསལ། །ཕྱོགས་མེད་དེ་ལ་ཕྱོགས་མེད་སྣ་ཚོགས་འབྱུང་། །བྱུང་ཡང་གང་གི་ཕྱོགས་སུ་ངེས་པ་མེད། །དེ་ལྟར་འདི་ཞེས་ཁོ་ནར་མ་གྱུར་པའི། །ཇི་བཞིན་དེ་ཉིད་རང་གི་བླ་མ་ཡིན། །བླ་མའི་རྣམ་ཐར་བཤད་ན་འདི་ལྟར་བདོག །བླ་མ་དེ་ལ་ཉེ་རིང་མི་བདོག་པས། །དེས་མ་ཁྱབ་པའི་སེམས་ཅན་གཅིག་ཀྱང་མེད། །བླ་མ་དེ་ཉིད་སྨོན་ལམ་དག་པའི་ཕྱིར། །ཀུན་ཀྱང་དེ་ཡི་རིགས་སུ་མ་གྱུར་མེད། །བླ་མ་དེ་ཉིད་ཐུགས་རྗེ་ཆེ་བའི་ཕྱིར། །ཡེ་སངས་རྒྱས་ལ་མ་བཀོད་གཅིག་ཀྱང་མེད། །བླ་མ་དེ་ཉིད་མཛད་པ་སྟོབས་ཆེ་བས། །འཁོར་འདས་ཀུན་ལ་འཇུག་ཅིང་རང་དབང་སྒྱུར།
༥༠༦
བླ་མ་དེ་ལ་འཕོ་འགྱུར་མི་བདོག་པས། །ལོག་པར་བལྟས་ཀྱང་དོན་དེ་གནས་པར་ཡིན། །བླ་མ་དེ་དང་སྐད་ཅིག་འབྲལ་མ་མྱོང་། །འགྲོགས་ཡུན་རིང་སྟེ་སུས་ཀྱང་ཞལ་མཐོང་དཀའ། །བླ་མ་དེ་ལ་འདས་གྲོངས་མི་མངའ་བས། །གཏན་གྱི་བྱ་ར་ཟིན་པ་ངོ་མཚར་ཆེ། །དེ་ལྟ་བུ་ཡི་རང་སེམས་བླ་མ་ལ། །རང་ངོ་རང་གིས་ཤེས་པའི་ཞལ་རས་བལྟ། །ཐེ་ཚོམ་སོམ་ཉི་བྲལ་བའི་གསོལ་བ་གདབ། །མ་བཅོས་རང་སར་འཇོག་པའི་མོས་གུས་བྱ། །རྒྱུན་དུ་ངང་ལ་གནས་པའི་ཞབས་ཏོག་བྱ། །གསལ་སྟོང་ཆེད་འཛིན་མེད་པའི་ཞལ་ཟས་དྲངས། །དྲན་ཡེངས་དབྱེར་མེད་རྟོགས་པའི་ཞལ་སྐྱེམས་དྲངས། །སྣང་གྲགས་སྒྱུ་མར་ཤེས་པའི་ན་བཟའ་གསོལ། །ཟག་མེད་བདེ་བའི་འབོལ་སྟན་འོག་ཏུ་བཏིང་། །མ་བཙལ་ཡེ་ནས་ཡིན་པའི་དབུ་ཞྭ་གསོལ། །ཅི་ཤར་ཆེད་འཛིན་མེད་པའི་ཟང་ཟིང་ཕུལ། །ཀུན་མཁྱེན་བདག་འཛིན་མེད་པའི་གཟིམ་ཁང་དུ། །འཁོར་འདས་དབྱེ་བསྲི་མེད་པའི་འཁོར་གྱིས་བསྐོར། །དུས་གསུམ་རྒྱུན་ཆད་མེད་པར་བཞུགས་ནས་ཀྱང་། །རང་སྣང་ལྷུག་པའི་གདམས་ངག་རྒྱུན་དུ་གསོལ། །ངོ་མཚར་ཆེའོ་རང་སེམས་བླ་མ་ཉིད། །སླར་ཡང་ཐུགས་རྗེས་བཟུང་བ་བཀའ་དྲིན་ཆེ། །ཚེ་སྔོན་སྦྱངས་པའི་རྣལ་འབྱོར་ལས་འཕྲོ་ཆེ། །དེ་ཡང་ཐུགས་རྗེས་མི་གཏོང་ངོ་མཚར་ཆེ། །བླ་མ་དེ་ལ་བསྟེན་ལུགས་དེ་བྱས་པས། །བླ་མའི་བྱིན་རླབས་འདི་ལྟར་འབྱུང་གིན་གདའ། །འཁོར་བའི་འདམ་ནས་མ་བྲོས་པ་རུ་ཐར། །སངས་རྒྱས་ས་རུ་མ་ཕྱིན་པ་རུ་སླེབ། །འཁོར་འདས་གཉིས་ལ་བཟང་ངན་མེད་པར་གོ། །སངས་རྒྱས་སེམས་ཅན་རྟོགས་མ་རྟོགས་ཀྱི་ཁྱད། །སེམས་ཀྱི་མཚན་ཉིད་མ་ནོར་རྟོགས་གྱུར་ཅིང་། །ཐག་ཆོད་མངོན་དུ་གྱུར་ན་སངས་རྒྱས་ཟེར། །དེ་ཡི་ཡོན་ཏན་བརྗོད་བའི་མཐའ་ལས་འདས། །གཞན་དུ་བླ་མ་བསྟན་ཡང་འདི་ལྟར་འབྱུང་། །སེམས་ཉིད་ཇི་བཞིན་པ་རུ་མ་རྟོགས་པས། །དེ་མ་ཡིན་ལ་དེར་འཛིན་ཤེས་
༥༠༧
པ་ཞུགས། །རྗེས་ཕྱིར་འབྲངས་པས་སྡུག་བསྔལ་ལས་ལ་སྤྱོད། །དེ་ལ་སེམས་ཅན་ཞེས་སུ་བཏགས་པ་ཡིན། །ད་ནི་རང་གི་བྱ་ར་རང་གིས་བྱེད། །འཁོར་བའི་རྗེས་ཕྱིར་མ་འབྲངས་སྔ་མ་སུན། །མྱ་ངན་འདས་པ་མི་བསྒྲུབ་རྩོལ་བ་ཆེ། །སེམས་ཉིད་རང་ས་བཟུང་ནས་རང་གར་སྡོད། །འདི་ཞེས་ངོས་བཟུང་མེད་པའི་སེམས་ཉིད་འདི། །མ་ལ་མ་གོ་འདི་ཡིས་སྦྱངས་ནས་བྱུང་། །ད་ཡང་མཚན་ཉིད་གོ་བ་འདི་ཡིས་འཚེངས། །འཚེངས་ལུགས་དེ་བཞིན་བསྟེན་ན་འདི་ལྟར་ལགས། །སྟོང་ཉིད་རང་ཆས་ཆོས་སྐུ་བཙལ་མི་དགོས། །ཅིར་སྣང་རང་ཤར་གཟུགས་སྐུ་དགག་མ་དགོས། །སེམས་ཉིད་རང་འགྲོས་སྐུ་གསུམ་བཅོས་མི་དགོས། །འཁོར་བའི་གཞི་རྩ་ཆོད་པས་དོར་མི་དགོས། །རང་སེམས་སངས་རྒྱས་ཡིན་པས་རེ་མི་དགོས། །ཡེ་ནས་ཡིན་པས་བློ་ཡིས་བསྒོམ་མི་དགོས། །ཁྱེད་ཀྱང་འདི་ལྟར་མཛད་ན་མི་ལེགས་སམ། །མ་ཡེངས་སེམས་ལ་ལྟ་བའི་རྟོགས་ལྡན་རྣམས། །ལྟ་བའི་བློ་དང་བྲལ་ན་ཅིས་མི་རུང་། །མ་བྲལ་རྒྱུན་དུ་སྒོམ་པའི་སྒོམ་ཆེན་པ། །སྒོམ་མཁན་རང་ཐོག་གྲོལ་ན་ཅིས་མི་རུང་། །རྟག་ཏུ་བྱང་ཆུབ་སྒྲུབ་པའི་སྒྲུབ་པ་པོ། །མ་བསྒོམ་ལྷུན་གྲུབ་གོ་ན་ཅིས་མི་རུང་། །བཅོས་མེད་བྱ་ར་བྱེད་པའི་རྣལ་འབྱོར་པ། །རང་སེམས་གཏན་ལ་ཕབ་ན་ཅིས་མི་རུང་། །མཚན་ལྡན་བླ་མ་མང་དུ་བསྟན་ལགས་ཀྱང་། །བླ་མ་རེ་ལ་གསུང་སྒྲོས་རེ་རེ་འབྱུང་། །དེ་རྣམས་རྩ་བ་སེམས་ལ་ཐུག་ནས་འདུག །དེ་ནས་རང་སེམས་བླ་མ་དེ་ཉིད་ལ། །ཞལ་ལྟ་གསུང་ཉན་གདམས་ངག་མང་དུ་ཞུས། །དྲིན་ཆེའི་བླ་མ་བདུན་ལ་གསོལ་བ་བཏབ། །བསྟོད་པ་ཕུལ་ཞིང་བྱིན་རླབས་ཞུས་པ་ཡིས། །རང་སེམས་བླ་མ་ཡིན་པའི་རྟོགས་པ་ཞིག །ནང་ནས་ཤར་བའི་གོ་ལུགས་ཡི་གེར་བཀོད། །འགལ་དང་འཁྲུལ་པར་མཐོང་ལགས་ན། །ཚིག་ལ་མ་བལྟ་དོན་ལ་ལྟོས། །སྨྱོན་པས་མུ་ཅོར་
༥༠༨
སྨྲས་པ་ཡིན། །གང་ལའང་བཟོད་པར་མི་གསོལ་ལོ། །བཟོད་གསོལ་འབུལ་བའི་ཡོན་མ་མཆིས། །ཞེས་གསུངས་སོ། །རང་སེམས་བླ་མ་ཞེས་བྱ་བ་རིན་པོ་ཆེ་སྐྱེར་སྒང་བས་མཛད་པ་། །སེམས་འཆི་མེད་དུ་ངོ་སྤྲོད་པའི་རྡོ་རྗེའི་མགུར། ན་མོ་གུ་རུ། ཉིན་པར་སྣང་སྟོང་ལྷ་ཡི་སྐུ། །ན་དང་འཆི་བ་མེད་པར་རྟོགས། །འཆི་ཁར་སྤྱན་ཙམ་གསལ་བས་ཀྱང་། །གནད་གཅོད་རང་དག་ལོངས་སྐུ་ཐོབ། །བརྒྱ་ལ་གསལ་བར་མ་གྱུར་ཀྱང་། །གསལ་དྭངས་རྫིང་བུར་རྡོ་བརྒྱབ་བཞིན། །སྔར་གྱི་གནད་ཀྱིས་བར་མ་དོར། །བདེ་ཆེན་ལོངས་སྐུ་རང་ཤར་འབྱུང་། །འཁོར་བ་སྟོང་པར་མ་གྱུར་ཚེ། །གཞན་དོན་དཔག་མེད་ལྷུན་གྲུབ་འབྱུང་། །རང་སེམས་འཆི་མེད་རང་གྲོལ་རྗེ་བཙུན་དྷརྨ་སིང་ཧས་མཛད་པའོ། །མཉམ་མེད་རིན་ཆེན་ལ་གསེར་སྲང་བརྒྱ་དང་། །འབྲི་སུམ་ཅུ། །བེར་ཐུལ་གཅིག་རྣམས་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་སོ། ༈ དཔོན་སྟོན་སྐྱེར་སྒང་པ་ཆེན་པོས་ཆིག་བརྒྱུད་གསང་བའི་མཛོད་གཏད་ཅིང་མཁས་པ་དང་གྲུབ་པའི་མངོན་རྟོགས་མཐར་ཕྱིན་པ། །ས་ལམ་གྱི་ཡོན་ཏན་རྫོགས་པས་སྐུ་ཚེ་གཅིག་གིས་ཟུང་འཇུག་ཆེན་པོའ་རྒྱལ་སར་རང་དབང་དུ་སྒྱུར་བ་སྐུ་ཚེ་དེ་ཉིད་ཀྱི་ཕྱི་མར་ཤར་ཕྱོགས་སངས་རྒྱས་ཀྱི་ཞིང་ཁམས་མེ་ཏོག་བཀྲམ་པར་རྒྱལ་བ་པདྨའི་དཔལ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་བའི་སྲིད་མཐའི་བྱང་སེམས་རི་གོང་པ་ཆེན་པོ་སངས་རྒྱས་སྟོན་པ་ཆོས་ཀྱི་ཤེས་རབ་ལ་བུ་སློབ་རྣམས་ཀྱི་གསོལ་བ་བཏབ་པས་མཚམས་སྦྱར་ཏེ་ཚེས་བཅུའི་ཚོགས་འཁོར་གྱི་སྐབས་སུ་རྡོ་རྗེའི་མགུར་བཞེངས་པ་ནི། །ཆོས་དབྱིངས་མཁའ་ལ་སངས་རྒྱས་སྲས། །སྐྱེད་མཛད་བདེ་སྟེར་ནི་གུ་དང་། །དབང་བཞིས་སྨིན་བྱས་བསླབ་གསུམ་ལྡན། །བླ་མ་མཆོག་བསྟེན་དེ་ཉིད་མཁྱེན། །རྗེ་བཙུན་རཏྣ་བཱི་དང་། །སྣང་གྲགས་སྒྱུ་མར་མཁྱེན་མཛད་པའི། །ཞེན་མེད་ལྷ་སྐུས་འགྲོ་དོན་མཛད། །
༥༠༩
སྐུ་གསུམ་ངོ་བོ་ཆོས་ཀྱི་རྗེ། །མཉམ་མེད་སྐྱེར་པ་སྒང་པ་ལ། །སྐྱོ་ངལ་མེད་པའི་དད་པ་ཡིས། །འདུ་འབྲལ་མེད་པར་གསོལ་བ་འདེབས། །འདིར་ཚོགས་དད་ལྡན་སྐྱེས་བུ་ཀུན། །དབྱངས་འདི་ལ་དར་ཅིག་གསན་པར་ཞུ། །བརྒྱུད་ལྡན་བླ་མ་དམ་པ་དེ། །དུས་གསུམ་སངས་རྒྱས་ཡིན་པར་ངེས། །བླ་མ་ཆོས་སྐུར་རྟོགས་པ་དེས། །མདོ་རྒྱུད་དོན་ལ་མ་རྨོངས་ཤིང་། །ལུས་གསུམ་གནས་ལུགས་འདི་ལྟར་རྟོགས། །ད་ལྟ་རྣམ་པར་སྨིན་པའི་ལུས། །བསྐྱེད་པ་ཡིད་ཀྱིས་བསྐྱེད་པ་ཡིན། །འདི་ལ་བརྟེན་ནས་བག་ཆགས་སོགས། །འཁོར་བ་བདེ་སྡུག་ཙམ་དུ་སྣང་། །སྔ་མ་ལ་ལྟོས་འབྲས་བུ་ལ། །ཕྱི་མ་ལ་ལྟོས་རྒྱུ་རུ་གསུངས། །ཉིན་མོའ་བག་ཆགས་རླན་གྱིས་ནི། །སྐྱོན་ཡོན་སྣ་ཚོགས་རྨི་པ་དེ། །བག་ཆགས་ལུས་སུ་བཏགས་པ་ཡིན། །བར་དོ་ཡིད་ཀྱི་ལུས་པོ་དེ། །ཐོགས་མེད་དབང་པོ་ཀུན་ཚང་ནས། །སྔ་མ་འདྲ་བའི་ལུས་སུ་སྣང་། །ལས་ཀྱི་རྗེས་སུ་འབྲང་བར་བྱེད། །རང་བཞིན་རྟོགས་ན་བདེ་ཆེན་སྐུ། །མ་རྟོགས་སྲིད་པའི་རྗེས་སུ་འཇུག །འཁོར་བ་ཁྲག་གི་རྒྱ་མཚོ་འདིར། །དེ་སྔ་ཆགས་སྡང་རླབས་ཀྱིས་བསྐྱོད། །ཨ་འཐས་ཞེན་པའི་སྐྱེས་བུ་དེ། །སྡུག་བསྔལ་ཉམ་ཐག་དོན་རེ་ཆུང་། །འབྱུང་བཞིས་བསྡུས་པའི་རྣམ་སྨིན་ལུས། །རྣམ་སྨིན་ལུས་ལ་ལེན་ལུགས་མང་། །མ་རྟོགས་རིགས་དྲུག་འཁོར་མར་ལེན། །ང་དག་པའི་སྒྱུ་ལུས་འདི་ལྟར་ལེན། །རྣམ་སྨིན་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་ཀྱི་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མས་དེ་སྐད་གསུངས། །ཡིད་ཀྱི་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་ཀྱི་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མས་དེ་སྐད་གསུངས། །བག་ཆགས་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་
༥༡༠
རྣམས་འགྲུབ། །དམིགས་མེད་ཀྱི་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མས་དེ་སྐད་གསུངས། །དེ་ལྟར་ཉམས་སུ་བླངས་པ་ལས། །འབྲས་བུ་སྐུ་གསུམ་འདི་ལྟར་འཆར། །ཆོས་སྐུ་སྤྲོས་བྲལ་གཉུག་མའི་དོན། །ངོ་བོ་ངོས་བཟུང་ཀུན་དང་བྲལ། །མཚན་ཉིད་བློ་ཡི་ཡུལ་ལས་འདས། །ཆོས་སྐུའི་ངོ་བོ་དེ་ལྟར་ལགས། །མཁའ་ལྟར་དག་པའི་ཆོས་སྐུ་ལས། །གཟུགས་སྐུ་རྣམ་པ་གཉིས་པོ་དེ། །དཔག་བསམ་ཤིང་དང་ནོར་བུ་ལྟར། །ཇི་སྲིད་འཁོར་བ་མ་སྟོངས་བར། །དེ་སྲིད་གཞན་དོན་རྒྱུན་མི་འཆད། །ས་བཅུའི་བྱང་ཆུབ་སེམས་དཔའ་ལ། །མཚན་དཔེས་བརྒྱན་པའི་ལོངས་སྐུར་སྣང་། །སོ་སོ་སྐྱེ་བོ་ལ་སོགས་དང་། །གདུལ་བྱ་མ་དག་ཉན་ཐོས་ལ། །གང་འདུལ་སྤྲུལ་སྐུའི་སྣང་བ་འཆར། །དེ་གསུམ་དབྱེར་མེད་ཟུང་འཇུག་ལ། །བདེ་ཆེན་སྐུ་ཞེས་གསུངས་པ་ཡིན། །ཡེ་ཤེས་མཁའ་འགྲོ་ནི་གུ་མའི། །སྨིན་གྲོལ་སྒྱུ་ལུས་གདམས་ངག་ཡོད། །གྲངས་མེད་གསུམ་བྲལ་བློ་རེ་བདེ། །དགྱེས་རྡོར་བདེ་མཆོག་ལ་སོགས་པའི། །ཡི་དམ་ལྷ་ཡི་ལུས་བསྟན་ཡོད། །གདམས་འདིའི་གནད་རྣམས་མ་ལུས་ཡོད། །ཐེ་ཚོམ་མེད་པས་བློ་རེ་བདེ། །གསང་སྒྲུབ་ལྟེ་བའི་སྤྲུལ་འཁོར་དང་། །སྦྱིན་པ་རྣམ་བཞིས་འགྲོ་དོན་བྱེད། །ལོག་འཚོ་མི་དགོས་བློ་རེ་བདེ། །འཁོར་ལོ་བཅིང་གྲོལ་ཤིང་རྟ་ཅན། །བུམ་པ་ཅན་གྱི་གདམས་པ་ཡོད། །སྐད་ཅིག་མ་རེ་བསྒོམ་པས་ཀྱང་། །བདེ་དྲོད་རྒྱུན་ཆད་མེད་པར་འབར། །བདེ་སྟོང་ལྡན་པས་བློ་རེ་བདེ། །ཡེ་ཤེས་སྐར་ཁུང་འཕོ་བ་ཡོད། །སྡིག་ཅན་གྱིས་འཆི་ཁར་དྲན་ཙམ་ན། །མཁའ་སྤྱོད་འགྲོ་བས་བློ་རེ་བདེ། །ཆོས་སྐྱོང་ཡེ་ཤེས་མགོན་པོ་དང་། །ལས་མགོན་ཀྵེ་ཏྲ་པཱ་ལ་ཡོད། །སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །བྲན་བཞིན་ཉན་པས་བློ་རེ་བདེ། །དུས་ཁྱད་པར་ཅན་ཚེས་བཅུ་ཡར་གྱི་ངོ་། །མཁའ་འགྲོ་འདུ་བའི་ཚོགས་གྲལ་དུ། །
༥༡༡
སྙིང་དང་འདྲ་བའི་བུ་སློབ་ཀྱིས། །གསོལ་བ་བཏབ་ནས་ཞུས་པའི་ངོར། །བདེ་ཐོབ་ཡངས་པའི་དབྱངས་འདི་བླངས། །འདི་ལ་མཁའ་འགྲོའི་བྱིན་རླབས་ཆགས། །དབྱངས་འདི་ཐོས་པར་གྱུར་པ་རྣམས། །བླ་མ་ཆོས་སྐུར་རྟོགས་པ་དང་། །ལྷ་སྐུ་ཕྱག་རྒྱ་ཆེན་པོ་རྣམས། །འབད་རྩོལ་མེད་པར་རྟོགས་པར་ཤོག །དུས་གསུམ་བསགས་པའི་དགེ་བ་རྣམས། །ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ། །ཞེས་གསུངས་སོ། །ཡོན་སྒོམ་ཚོང་འདུས་ལ་སྐྱེལ་ཐུང་མཛད་པའི་དུས་འགྲོ་ཆོས་ཞིག་གནང་བ་ཞུ་ཞུས་པས་འདི་གསུངས་སོ། །རྒྱལ་བའི་དགོངས་པ་རིན་ཆེན་མཛོད། །མ་རིག་མུན་སེལ་སྒྲོན་མའི་འོད། །རྣམ་དག་དོན་གཉིས་ལྷུན་གྲུབ་པའི། །ཆོས་རྗེའི་ཐུགས་ཀྱིས་བཀྲ་ཤིས་ཤོག །རྣམ་སྨིན་ལུས་ལ་འོད་གསལ་དང་། །ལྷ་སྐུ་འདྲེས་པའི་སེམས་དེ་ལ། །ན་རྒྱུ་འཆི་རྒྱུ་མེད་པར་ཤེས། །དེ་ཡི་དབུགས་ཆད་འཆི་བའི་ཚེ། །གནད་གཅོད་སྡུག་བསྔལ་རང་དག་ནས། །འོད་གསལ་ལྷ་སྐུ་འདྲེས་གྱུར་ཏེ། །བསྒོམ་བྱ་སྒོམ་བྱེད་རང་སར་གྲོལ། །སྐྱེ་མེད་འོད་གསལ་ནམ་མཁའ་ལ། །རང་ཤར་གཟུགས་སྐུ་རྣམ་གཉིས་ཀྱིས། །འཁོར་བའི་རྒྱ་མཚོ་མ་སྟོངས་པར། །གཞན་དོན་ལྷུན་གྲུབ་རྒྱུན་ཆད་མེད། །འཆི་བྲོད་གདམས་པ་དེ་ལྟར་ལགས། །ཡེ་ཤེས་མགོན་པོ་ཕྱག་དྲུག་པ། །བྲན་བཞིན་ཉན་པའི་བཀའ་བསྒོ་བྱས། །བུ་གཙང་དུ་བཞུད་པའི་རྫོང་བ་མཛོད། །ཚད་མེད་བཞི་དང་སེམས་བསྐྱེད་ལ། །ནན་ཏན་མཛད་ཅིང་ཅི་བདེར་བཞུད། །བདག་ཕ་ཡང་མྱུར་དུཏུ་མཇལ་བར་ཞུ། །བཀྲ་ཤིས་པའི་མཆོད་དབྱངས་དེ་ལ་མཛོད། །ཅེས་སོ། །དགེ་སློང་གཞོན་ནུ་སེང་གེས་གསོལ་བ་བཏབ་པའི་དོར་རྣམ་པར་ཐར་པ་གསལ་བར་གསུངས་པའི་མཇུག་སྡོམ་དུ་རྡོ་རྗེའི་ཞལ་ཆེམས་སྩལསྩོལ་བ་ནི། བདག་གི་སློབ་མ་ཡང་སློབ་དང་། །འབྲེལ་པར་གྱུར་པ་ཐམས་ཅད་ཀུན།
༥༡༢
ལོག་པའི་བསམ་པ་སྤངས་བྱས་ནས། །འབྲལ་བ་མེད་པའི་མོས་གུས་གྱིས། །ང་ཡི་ལུས་དང་རྒྱལ་བའི་སྐུ། །ཐ་དད་མ་ཡིན་རྣལ་འབྱོར་པ། །བདག་གི་ངག་དང་རྒྱལ་བའི་གསུང་། །དབྱེ་བ་མེད་དོ་རྣལ་འབྱོར་པ། །ཁོ་བོའ་སེམས་དང་རྒྱལ་བའི་ཐུགས། །གཉིས་མེད་གཅིག་ཏུ་རྟོགས་པར་གྱིས། །འབྲས་བུ་རང་ཤར་ལྷ་སྐུ་དང་། །སྐུ་གསུམ་དབྱེར་མེད་བདེ་ཆེན་ཡིན། །ལར་ཚད་མེད་མོས་གུས་མ་སྐྱེས་ན། །བླ་མའི་ཡོན་ཏན་མཐོང་མི་འགྱུར། །མོས་གུས་མཐར་ཐུག་སྐྱེས་གྱུར་ན། །བླ་མ་དུས་གསུམ་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་ཉིད་མི་ཟད་པ། །རྒྱན་གྱི་འཁོར་ལོས་སེམས་ཅན་རྣམས། །སྨིན་ཅིང་གྲོལ་བར་བྱེད་པ་ཡིན། །ཕྲིན་ལས་ཕུན་སུམ་ཚོགས་པར་རྟོགས། །བླ་མ་དམ་པ་དེ་ཉིད་ཀྱི། །རྣམ་པར་ཐར་པ་གང་ལ་ཡང་། །དག་པའི་སྣང་བ་མ་གཏོགས་པ། །ལོག་རྟོག་སྐད་ཅིག་སྐྱེ་མི་འགྱུར། །བླ་མ་ཆོས་སྐུར་མ་རྟོགས་ཚེ། །སྒྲུབ་པ་མཆོག་ལ་འབད་པར་གྱིས། །དེ་ཡི་ཡོན་ཏན་རྫོགས་པར་འཆར། །རྣམ་ཐར་མཐར་ཐུག་མོས་གུས་ཡིན། །དག་སྣང་སྐྱེད་ཅིག་བུ་སློབ་ཀུན། །ཅེས་གསུངས་སོ། །སེམས་འཆི་མེད་དུ་སྟོན་པའི་རྡོ་རྗེའི་གསུང་ནི། །རང་གྲོལ་བདེ་ཆེན་འདུས་མ་བྱས། །སི་ཧཾའི་ཞབས་ལ་འདུད། །རྣམ་སྨིན་ལུས་ལ་འོད་གསལ་དང་། །ལྷ་སྐུ་འདྲེས་པའི་སེམས་དེ་ལ། །ན་རྒྱུ་འཆི་རྒྱུ་མེད་པར་རྟོགས། །འཁོར་འདས་སྤང་བླང་རང་གྲོལ་ལོ། །དེ་ལྟར་སྐད་ཅིག་ཙམ་ཤེས་ཤིང་། །དབུགས་ཆད་དུས་སུ་གནད་གཅོད་སོགས། །སྡུག་བསྔལ་ཐམས་ཅད་རང་དག་ནས། །འོད་གསལ་ལྷ་སྐུ་དང་འདྲེས་ཏེ། །སྐྱེ་ཤི་མེད་ཅིང་དགག་སྒྲུབ་མེད། །རྟོགས་བྱ་རྟོགས་བྱེད་ཐམས་ཅད་བྲལ། །བསྒོམ་བྱ་སྒོམ་བྱེད་རང་གྲོལ་ཏེ། །གཟུགས་སྐུ་གཉིས་ཀྱིས་ཇི་སྲིད་དུ། །འཁོར་བའི་རྒྱ་མཚོ་མ་སྟོངས་པར། །དེ་སྲིད་གཞན་དོན་ལྷུན་གྲུབ་ནི།
༥༡༣
རྒྱུན་ཆད་མེད་པར་འབྱུང་བར་འགྱུར། །ལོ་ཟླ་ཙམ་གྱིས་འཚང་རྒྱ་བའི། །གདམས་པ་བླ་མ་སྐྱེར་སྒང་པའི། །དྲིན་གྱིས་ཇི་ལྟ་བ་བཞིན་རྟོགས། །ཚེ་འདི་བློས་བཏང་རྣལ་འབྱོར་གྱིས། །ཞག་བདུན་བསྒོམས་པས་གྲོལ་བར་འགྱུར། །རང་སེམས་འཆི་མེད་རང་གྲོལ་རྗེ་བཙུན་དྷརྨ་པྲ་ཛྙཱས་མཛད་པ་རྫོགས་སོ། །དཔལ་ལྡན་སྐྱེར་སྒང་པ་ལ་གསེར་ཞོ་བཅུ། བེར་ཐུལ་གཅིག་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་སོ། །བླ་མ་གསུམ་གྱིས་མཛད་པའི་རང་སེམས་འཆི་མེད་རང་གྲོལ་གྱི་མན་ངག་ཟབ་མོ་ཡང་དག་པ་། ༈ རྡོ་རྗེ་འཆང་ནས་རིམ་པར་བྱོན་པའི་བརྒྱུད་པ་རིན་ཆེན་བདུན་པ་ཆིག་བརྒྱུད་རྡོ་རྗེའི་རྒྱ་བཀྲོལ་པ་པོར་ཡེ་ཤེས་མཁའ་འགྲོས་ལུང་བསྟན་པ་བརྙེས་ཤིང་། ལྷ་དང་བཅས་པའི་འཇིག་རྟེན་ཀུན་ན་ཡོངས་སུ་ཁྱབ་པའི་ཕྲིན་ལས་ཅན་འགྲོ་མགོན་སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེས་རང་གིས་རང་ལ་བརྩོན་འགྲུས་བསྐུལ་བའི་ལྕག་བཏབ་པ་ནི། བྱིན་རླབས་ཐུགས་རྗེའི་བདག་ཉིད་ཅན། །བླ་མ་སངས་རྒྱས་ཞབས་ལ་འདུད། །བརྩོན་འགྲུས་ཆུང་ལ་ཐེ་ཚོམ་ཆེ། །ལུས་སེམས་གཉིས་ལ་གྲོས་ཤིག་འདེབས། །ཚེ་ཐུང་གི་བྱ་བཞག་ཟིན་མེད་ལ། །ཡེངས་པ་མེད་པ་མཐོང་ཙམ་ན། །གཏན་གྱི་སོ་ནམ་སྒོམ་སྒྲུབ་ལ། །ཡེངས་ནས་འདུག་གོ་སྒོམ་ཆེན་པ། །བླ་མའི་བྱིན་རླབས་སྤྲིན་ཕུང་ལ། །མོས་གུས་ཀྱིས་ཐུགས་རྗེ་མ་བསྐུལ་ན། །ཉམས་རྟོགས་ཀྱི་ཆར་རྒྱུན་མི་འབབ་པས། །གསོལ་བ་ཐོབ་ཅིག་རྣལ་འབྱོར་པ། །ཡི་དམ་དངོས་གྲུབ་སྤྲིན་ཕུང་ལ། །བསྙེན་སྒྲུབ་ཀྱིས་ཐུགས་རྗེ་མ་བསྐུལ་ན། །མཆོག་ཐུན་མོང་གི་དངོས་གྲུབ་མི་འབབ་པས། །བསྒོམ་བཟླས་ལ་འབུངས་ཤིག་རྣལ་འབྱོར་པ། །ཆོས་སྐྱོང་ཕྲིན་ལས་ཀྱིས་སྤྲིན་ཕུང་ལ། །གཏོར་ཚོགས་ཀྱི་ཐུགས་རྗེ་མ་བསྐུལ་ན། །ཕྲིན་ལས་ཀྱི་ཆར་རྒྱུན་མི་འབབ་པས། །གཏོར་ཚོགས་འབུངས་ཤིག་རྣལ་འབྱོར་པ།
༥༡༤
གསོལ་འདེབས་བསྐྱེད་རྫོགས་ཉམས་ལེན་ཚེ། །རྣམ་རྟོག་དབང་དུ་མ་ཤོར་བར། །ཐོབ་འདོད་རེ་བ་སྤངས་བྱས་ནས། །ཡེངས་མེད་སྒོམས་ཤིག་རྣལ་འབྱོར་པ། །གཞན་དོན་རྩ་བ་སྙིང་རྗེ་ཡིན། །རང་བདེ་མ་བསམ་གཞན་བདེ་སོམས། །སེམས་ཅན་བློས་སྤང་མ་བྱེད་པར། །ཕན་སེམས་སྐྱེད་ཅིག་རྣལ་འབྱོར་པ། །ཞེས་གསུངས་སོ། །བུ་སློབ་དད་ལྡན་རྣམས་ལ་གདམས་པ་དགོས་པ་བཅུ་གཉིས་ཀྱི་རྡོ་རྗེའི་མགུར་ནི། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དགོས་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །དེ་ལ་གོང་མའི་བསྟོད་པ་མཛོད། །འདི་ལ་དར་ཅིག་གསན་པར་ཞུ། །སྐྱེ་འཆིས་འཇིགས་པའི་དད་པ་ལ། །བརྒྱུད་པར་ལྡན་པའི་བླ་མ་དགོས། །ཐེ་ཚོམ་མེད་པའི་གདམས་ངག་ལ། །ཡེངས་པ་མེད་པའི་བརྩོན་འགྲུས་དགོས། །ཚེ་ཐུང་བསྡད་ལོང་མེད་པ་ལ། །བློ་སྣ་རྩབ་རྩུབ་མེད་པ་དགོས། །དབེན་པའི་རི་ཁྲོད་འགྲིམ་པ་ལ། །རྒྱུན་དུ་བསྲིང་བའི་སྡུག་བསྲན་དགོས། །ཅིར་སྣང་བསྒོམ་དུ་འཆར་བ་ལ། །གསེར་འགྱུར་རྩི་ཡི་གདམས་ངག་དགོས། །སྤྱོད་པ་མ་བཅོས་རང་བྱུང་ལ། །ཆོས་བརྒྱད་རང་སར་གྲོལ་བ་དགོས། །འབྲས་བུ་རང་ཤར་ལྷུན་གྲུབ་ལ། །རེ་དོགས་རང་སར་གྲོལ་བ་དགོས། །ཚེ་གཅིག་སངས་རྒྱས་བསྒྲུབ་པ་ལ། །མོས་གུས་རྒྱུན་ཆད་མེད་པ་དགོས། །བླ་མ་ཆོས་སྐུར་མཐོང་བ་ལ། །ལོག་ལྟ་རང་སར་གྲོལ་བ་དགོས། །གཞན་སྣང་ཐུལ་བའི་འགྲོ་དོན་ལ། །ཚད་མེད་སྙིང་རྗེ་ཆེན་པོ་དགོས། །དགོས་པ་བཅུ་གཉིས་དབྱངས་ཆུང་འདི། །སྒྲུབ་པ་བྱེད་པའི་མཐུན་རྐྱེན་ཡིན། །ཅེས་གསུངས་སོ། །འགྲོ་མགོན་སངས་རྒྱས་སྟོན་པ་ཤར་ཕྱོགས་སངས་རྒྱས་ཀྱིས་ཞིང་མེ་ཏོག་བཀྲམ་པར་གཤེགས་པའི་ཚུལ་སྟོན་པར་བཞེད་པའི་ཚེ་སློབ་མ་རྣམས་ལ་ཞལ་གདམས་སྙིང་པོར་དྲིལ་ནས་གསུངས་པ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས། །ཚད་མེད་ཐུགས་རྗེས་བུ་བཞིན་སྐྱོང་བར་མཛོད།
༥༡༥
དད་གུས་ལྡན་པ་དབུས་གཙང་ཁམས་གསུམ་གྱི། །གྲྭ་པ་རྣམས་ཀྱིས་ཉམས་ལེན་འདི་བཞིན་མཛོད། །ཟིན་མེད་འཇིག་རྟེན་བྱ་བ་བློ་ཡིས་ཐོངས། །མགུ་བ་མེད་པའི་སེམས་འཛིན་གདུང་སེམས་སྐྱུངས། །དགེ་སྦྱོར་དུས་འདའ་ལོང་གཏམ་འཛད་མེད་ཤོལ། །སྔ་ཕྱིའི་རྗེས་བསྙག་རེ་དོགས་རྟོག་པ་སྤོངས། །ཚེ་ལ་ལོང་མེད་ཐ་སྙད་ཐུག་པ་མེད། །རི་དྭགས་སྨིག་སྒྱུས་མི་ངོམས་བདུད་རྩི་འཐུང་། །རང་དོན་མ་གྲུབ་གཞན་དོན་མི་འབྱུང་བས། །ཐོག་མར་རང་དོན་སྒྲུབ་པ་རྩེ་གཅིག་གྱིས། །སྐྱེ་བ་འདི་ཕྱིའི་གཞན་དོན་ལྷུན་གྲུབ་ཀྱིས། །འགྲོ་བ་ཀུན་ལ་ཚད་མེད་སྙིང་རྗེ་བསྐྱེད། །རང་འདོད་འཁྲི་སེམས་སྐད་ཅིག་མེད་པ་ཡིས། །ཅི་བྱེད་སེམས་ཅན་དོན་དུ་སེམས་བསྐྱེད་བྱ། །འཆི་བ་མི་རྟག་རྒྱུན་ཆད་མེད་པར་སོམས། །ཅིས་ཀྱང་དགོས་མེད་ཚེ་འདི་བློས་ཐོངས་འགྱུར། །དོན་གཉིས་ལོ་ཟླས་འགྲུབ་ཀྱིས་རང་ལུས་འདི། །སྣང་སྟོང་ཞེན་བྲལ་ལྷ་སྐུ་འབྲལ་མེད་སྒོམས། །ཉམས་རྟོགས་རྩོལ་མེད་འཆར་གྱིས་བླ་མ་ལ། །གདུང་ཤུགས་ལྡན་པས་འབྲལ་མེད་གསོལ་བ་ཐོབ། །འདི་དང་འཆི་ཀ་བར་དོ་ཕྱི་མའི་ཚེ། །བར་ཆད་བསྲུང་ཕྱིར་མཁའ་འགྲོ་ཆོས་སྐྱོང་བསྟེན། །རང་སེམས་ཕྱིར་གྱུར་སངས་རྒྱས་སེམས་ཅན་མེད། །ཅི་ཕྱིར་ཅི་སྣང་སེམས་སུ་ཤེས་པར་གྱིས། །སེམས་འདི་སྣང་སྟོང་ལྷ་སྐུ་སྒྱུ་མ་སྟེ། །སྒྱུ་འཛིན་བྲལ་བ་འོད་གསལ་ཕྱག་རྒྱ་ཆེ། །དགག་སྒྲུབ་སྐྱེ་འཆི་ཡོད་མེད་བློ་ལས་འདས། །སྒོམ་མེད་ཡིད་ལ་བྱར་མེད་འཁོར་འདས་བྲལ། །ལས་དང་ལས་རྣམས་སྨིན་ཅིང་རང་སར་གྲོལ། །གཉིས་འཛིན་བྲལ་བ་ཟུང་འཇུག་ཆེན་པོར་ལྟོས། །ཨེ་མ་མ་བཅོས་ཐ་མལ་ཤེས་པ་འདི། །ཀུན་ལ་ཡོད་ཀྱང་མ་ཤེས་དྲིན་གྱི་རྟོགས། །ད་ནི་འདྲི་བར་མི་བྱ་ཐག་ཆོད་ངེས་ཤེས་སྐྱེས། །ལྷུན་གྲུབ་རྣམ་གསུམ་དབྱེར་མེད་མངོན་གྱུར་ཏོ། །ཞེས་གསུངས་སོ། །སེམས་
༥༡༦
འཆི་མེད་ཀྱི་ཞལ་གདམས་གནང་བ་ནི། རྒྱལ་བ་དུས་གསུམ་སངས་རྒྱས་ཀྱི། །འཆི་མེད་ཡེ་ཤེས་ཁྱོད་ལ་འདུད། །སེམས་བསྐྱེད་བླ་མའི་རྣལ་འབྱོར་དང་། །ལྡན་པས་གསོལ་བ་བཏབ་བྱས་ནས། །རང་ལུས་སྣང་སྟོང་ལྷ་སྐུ་སེམས། །སེམས་དང་ལྷ་སྐུ་དབྱེར་མེད་པའི། །ངོ་བོ་སྟོང་ཉིད་སངས་རྒྱས་ཀྱིས། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །དེ་ལ་ན་རྒྱུ་འཆི་རྒྱུ་དང་། །འཁོར་བ་མྱང་འདས་དགག་སྒྲུབ་བྲལ། །དེ་དོན་སྐད་ཅིག་རྟོགས་པའམ། །དྲན་ཐོས་རིག་པར་གྱུར་པ་དེ། །མཚམས་སྦྱོར་ངན་ཞིང་དྲན་ཉམས་ཀྱང་། །གནད་གཅོད་སྡུག་བསྔལ་རང་དག་ནས། །བར་དོ་དང་པོ་འོད་གསལ་དང་། །ལོངས་སྐུ་དབྱེར་མེད་སྤྲུལ་སྐུ་ཡི། །གཞན་དོན་ལྷུན་གྲུབ་རྒྱུན་ཆད་མེད། །རྒྱལ་བའི་དགོངས་པ་འཆི་མེད་འདི། །སློབ་མ་མཆོག་གི་དོན་དུ་བཀོད། །དགེ་དེས་མཁའ་མཉམ་སེམས་ཅན་རྣམས། །འཆི་མེད་ཡེ་ཤེས་དོན་རྟོགས་ཤོག །རང་སེམས་འཆི་མེད་རང་གྲོལ་རྗེ་བཙུན་བཱི་སིང་ཧས། །བུ་དམ་པ་སློབ་མ་ཡང་རབ་ཀྱི་དོན་དུ་ཡི་གེར་བཀོད་པ་འདི་རྫོགས་སོ། །ནས་ཁལ་ལྔ་བརྒྱ། གསེར་ཞོ་བདུན། མཛོ་གཅིག །མོན་རས་ཀྱི་ན་བཟའ་ཕྲུགས་གཅིག་ཕུལ་ནས་ཞུས་ཏེ་ཉམས་སུ་བླངས་བར་བྱས་སོ། ༈ མཁས་གྲུབ་གཙང་མ་ཤངས་སྟོན་ཅེསཞེས་འཇིག་རྟེན་གསུམ་ན་སྙན་པར་གྲགས་ཤིང་མཐོང་ཐོས་དྲན་རེག་ཐམས་ཅད་རྣམ་པར་གྲོལ་བའི་དཔལ་ལ་སྦྱོར་བར་མཛད་པ་དེ་ཉིད་ཀྱིས། མཁས་བཙུན་འཇག་ཆེན་རྒྱལ་མཚན་འབུམ་ལ་ཞལ་གདམས་སུ་སྩལསྩོལ་བ་ནི། ཉེས་སྐྱོན་མ་གོས་ཡེ་ཤེས་ལྡན། །མཐོང་ཐོས་དྲན་པས་སྡུག་བསྔལ་སེལ། །རང་སེམས་ཆོས་སྐུར་ངོ་སྤྲོད་པའི། །བླ་མ་རྗེ་ལ་ཕྱག་འཚལ་ལོ། །སེམས་ཅན་དོན་ཀུན་བསྒྲུབ་པའི་ཕྱིར། །སངས་རྒྱས་ཐོབ་པར་འདོད་པ་ཡིས། །དགེ་བའི་ཚོགས་རྣམས་བསགས་
༥༡༧
བྱས་ཏེ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །རྟག་འཛིན་འདུ་ཤེས་ལྡོག་པ་དང་། །དགེ་ལ་བརྩོན་པས་འཇུག་པ་དང་། །ཆགས་སྡང་བློ་དང་བྲལ་བའི་ཕྱིར། །འཆི་བ་མི་རྟག་ཡང་ཡང་བསྒོམ། །བཟོད་མེད་འཁོར་བའི་སྡུག་བསྔལ་བསམ། །བདེ་དང་སྡུག་བསྔལ་འབྱུང་བའི་རྒྱུ། །དགེ་སྡིག་གཉིས་ལ་བླང་དོར་བྱ། །འབྲས་བུ་མི་བསླུ་འབྱུང་བར་འགྱུར། །ཐ་མལ་ལུས་ཞེན་ཟློག་པའི་ཐབས། །སྣང་ལ་རང་བཞིན་མེད་པ་ཡི། །ལྷ་སྐུ་གསལ་ལ་རྟོག་མེད་བསྒོམ། །རྒྱལ་བ་ལོངས་སྐུ་རང་ཤར་འབྱུང་། །དངོས་གྲུབ་མ་ལུས་སྟེར་བའི་དཔལ། །འཇིགས་པ་ཀུན་ལས་སྐྱོབསསྐྱོབ་པའི་མགོན། །དཔལ་མགོན་བླ་མ་དམ་པ་ལ། །འབྲལ་བ་མེད་པར་མོས་གུས་བྱ། །རྒྱུན་ཆད་མེད་པར་གསོལ་བ་གདབ། །ཅིར་སྣང་རྨི་ལམ་སྒྱུ་མར་བསྒོམ། །དད་འདུན་གཉིས་ཀྱིས་ལམ་ཁྱེར་བྱ། །ཆགས་སྡང་རང་སར་གྲོལ་ནས་མཆི། །ཞེན་མེད་སྒྱུ་མ་རང་ཤར་འབྱུང་། །སྒྱུ་འཛིན་བློ་དང་བྲལ་བའི་ཕྱིར། །མ་བཅོས་གཉུག་མའི་ངང་ལ་བཞག །གཟུང་འཛིན་རྟོག་པ་རང་སར་གྲོལ། །གསལ་སྟོང་འཛིན་མེད་རང་ཤར་འབྱུང་། །ཤེས་བྱ་གཤིས་ཀྱི་གནས་ལུགས་ལ། །སྐྱོན་དང་ཡོན་ཏན་མེད་པའི་ཕྱིར། །དེ་ཉིད་རྟོགས་པའི་རྣལ་འབྱོར་པས། །བླང་དོར་མེད་པའི་དོན་ལ་སྤྱོད། །སྣང་བ་རྟེན་ཅིང་འབྲེལ་འབྱུང་འདི། །སྐྱེ་མེད་ཡུམ་གྱི་ངང་དུ་རྫོགས། །གསལ་སྟོང་འཛིན་མེད་བདེ་བར་ཤར། །འབྲས་བུ་སྐུ་བཞི་ལྷུན་གྱིས་གྲུབ། །དེ་ལས་བྱུང་བའི་དགེ་བ་དེས། །འགྲོ་བ་ཀུན་དང་ཐུན་མོང་དུ། །དམིགས་མེད་བྱང་ཆུབ་ཆེན་པོར་བསྔོ། །ཐེག་ཆེན་ཆོས་ཀྱི་ཁྱད་ཆོས་ཡིན། །བླ་མ་ཤངས་སྟོན་རིན་པོ་ཆེས། །སློབ་དཔོན་རྒྱལ་མཚན་འབུམ་ལ་གསུངས་པ་རྫོགས་སོ། ༈ །ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་མངོན་སུམ་དུ་རྗེས་སུ་བཟུང་
༥༡༨
བའི་འགྲན་ཟླ་དང་བྲལ་བའི་གྲུབ་ཐོབ་ཆེན་པོ་ཤངས་ཆོས་ཉེ་བརྒྱུད་ཀྱི་བཀའ་བབས་ཐང་སྟོང་རྒྱལ་པོ་གཙང་རྒྱས་སྡེ་ཐང་ན་གསང་སྤྱོད་ལ་བཞུགས་པའི་སྐབས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྡེ་ལྔས་ཕྲིན་ལས་ཅི་བཞེད་སྒྲུབ་པར་ཞལ་གྱིས་འཆས་ཤིང་དོན་དང་མཐུན་པའི་མཚན་གསོལ་བ་ནི། །རྒྱས་སྡེ་ཐང་ན་བཞུགས་པ་ཡི། །ཡ་མཚན་ཆེ་བའི་མི་འདི་ལ། །འདིར་འཚོགས་བུ་མོ་རྣམ་ལྔ་ཡིས། །དོན་དང་མཐུན་པའི་མིང་རེ་འདོགས། །ཁྱབ་གདལ་ཆེན་པོའ་ཐང་ཆེན་ན། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། །འཇིགས་མེད་རྒྱལ་པོ་ལྟ་བུར་བཞུགས། །དེ་ཕྱིར་ཐང་སྟོང་རྒྱལ་པོར་ཐོགས། །མཉམ་ཉིད་སྤྲོས་བྲལ་ལུང་པ་ན། །སྣང་སྟོང་དབྱེར་མེད་ལྟ་བ་ཅན། །སྤང་བླང་བྲལ་བའི་སྨྱོན་པ་ལ། །ལུང་སྟོང་སྨྱོན་པ་ཞེས་སུ་ཐོགས། །རོ་བརྒྱ་ལྡན་པའི་ཟས་སྐོམ་དང་། །མི་གཙང་ངན་སྐྱུགས་གང་བྱུང་ལ། །ཕན་གནོད་བྲལ་བའི་བཅུད་ལེན་མཁན། །ཟས་རྣམས་བཅུད་ལེན་མཁན་དུ་ཐོགས། །སྣ་ཚོགས་རྐྱེན་རྣམས་གང་བྱུང་ཡང་། །རྨི་ལམ་བྲག་ཆ་ལྟར་རྟོགས་ནས། །ཆོས་བརྒྱད་ཟིལ་གནོན་རོ་སྙོམས་པ། །རྐྱེན་རྣམས་རོ་སྙོམས་མཁན་དུ་ཐོགས། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །སྣང་ཡང་ཆུ་ནང་ཟླ་བ་ལྟར། །རྐྱགསའཇགས་གཏད་མེད་པར་རབ་མཁྱེན་པའི། །ཆོས་རྣམས་རྒྱགསའཇགས་གཏད་མེད་པར་ཐོགས། །འགྲན་ཟླ་བྲལ་བའི་རྣལ་འབྱོར་པ། །ཚད་མེད་ཕྲིན་ལས་རྒྱས་བྱའི་ཕྱིར། །བདེ་བའི་ཐང་ལ་འགྲོ་བ་རྣམས། །ད་ལྟ་འདྲེན་པའི་དུས་ལ་བབས། །ཞེས་ཆེད་དུ་བརྗོད་དོ། །རྗེ་དེ་ཉིད་ཀྱིས་མཁས་བཙུན་པད་ལེགས་པ་ལ་རང་གྲོལ་ཕྱག་རྒྱ་ཆེན་པོའ་ཞལ་གདམས་རྡོ་རྗེའི་དབྱངས་སུ་བསྙད་པ་ནི། བུ་ཉོན་དང་མཁས་བཙུན་བདེ་ལེགས་དཔལ། །སྔར་ཡང་གཏི་མུག་མུན་པས་འགྲིབས། །ཆོས་བྱ་སྙམ་ངང་ལ་ཆོས་བརྒྱད་འདྲེས། །ཕྱི་མའི་འདུན་
༥༡༩
མ་སྒྲུབ་པ་ལ། །ལག་ལེན་བསམ་པ་འདི་ཚོ་འཚལ། །ཚེ་འདིའི་འདུན་མ་ལིངས་ཀྱིས་བསྐྱུར། །ཆོས་བརྒྱད་ཞེན་པ་ཆམ་གྱིས་ཐོངས། །སེམས་འཛིན་ངོ་བསྲུང་ཆམ་གྱིས་གྲོལ། །ཉེ་རིང་འབྲེལ་ཐག་རྦད་ཀྱིས་ཆོད། །བདག་འཛིན་སྲིད་པའི་ཕུར་པ་ཐོན། །རེ་དོགས་བསམ་པ་ལྷོད་ཀྱིས་གློད། །ལྟོ་གོས་གཉིས་ཀྱི་འཁྲི་བ་ཆོད། །ཆེ་འདོད་མ་བྱེད་དམན་ས་ཟུང་། །ངེས་འབྱུང་སྡུག་བསྔལ་དང་དུ་ལོངས། །ཆགས་སྡང་འགྲན་སེམས་རྒྱངསརྒྱང་ལ་དོར། །གཡོ་སྒྱུ་བསམ་ངན་ཡུལ་ནས་ཐོན། །ཟ་འདོད་ཚུལ་འཆོས་རང་སར་ཞོག །སྡོམ་གསུམ་དམ་ཚིག་དྲང་པོར་སྲུངས། །ང་རྒྱལ་རློམ་སེམས་ཁོང་ཁྲོ་ཐོན། །ཀུན་གྱིས་བརྙས་ཀྱང་བཟོད་པ་སྒོམས། །ཐ་མལ་དགྲ་རྒོད་ཡན་པར་ཐོན། །ཞེ་སྡང་རང་རྒྱུད་ནང་དུ་ཐུལ། །གསོག་འཇོག་སེར་སྣའི་བསམ་པ་སྤོངས། །བྱམས་སེམས་སྙིང་རྗེ་རྒྱུད་ལ་རྟེན། །ལྷ་ཆོས་མི་ཆོས་ཐམས་ཅད་ལ། །རང་གི་སེམས་འདི་དཔང་དུ་ཚུགས། །ད་ལེན་འདུན་མ་མ་བསྒྲུབ་ན། །ཕྱིས་ནས་རེ་ཡང་རེ་ཐག་ཆད། །གཉུག་མའི་ངང་དུ་ལྷོད་ཀྱིས་གློད། །འཁྲུལ་པའིབའི་གཞི་རྩ་རྩད་ནས་ཆོད། །ཡེངས་མེད་རང་གི་སེམས་ལ་ལྟོས། །བརྗོད་མེད་དྲན་པ་ཙིརབཙིར་གྱིས་ཟུངས། །རང་ངོ་རང་གིས་མ་ཤེས་ན། །སྡུག་བཅིརབཙིར་བྱས་ཀྱང་ཉོན་རེ་མོངས། །གཉིད་དུས་འོད་གསལ་མ་ཟིན་ན། །སེམས་ངོ་འཕྲོད་ཀྱང་དོན་རེ་ཆུང་། །བར་དོར་འོད་གསལ་མ་ཟིན་ན། །གནད་གཅོད་སྡུག་བསྔལ་ཤ་རེ་གཡའ། །རང་སེམས་རང་དབང་མ་ཐོབ་ན། །བསྐལ་པར་བསྒོམ་ཀྱང་ཐང་རེ་ཆད། །རྣམ་རྟོག་སྔ་མ་འགགས་པའི་རྗེས། །ཕྱི་མ་མ་སྐྱེས་ཧད་དེ་བ། །གསལ་ལ་རྟོག་པ་མེད་པའི་ངང་། །རྟེན་མེད་གཞི་རྩ་བྲལ་བ་ཡི། །ད་ལྟའི་ཤེས་པ་སོ་མ་འདི། །རང་སེམས་ཆོས་སྐུ་སྤྲོས་བྲལ་ཡིན།
༥༢༠
ཅིར་སྣང་ཐམས་ཅད་རང་གི་སེམས། །རང་སེམས་སྤྲོས་བྲལ་ཆོས་ཀྱི་སྐུ། །དེས་ན་རྣམ་རྟོག་ཆོས་སྐུའི་རྩལ། །སྣང་བ་མི་འགེགས་སྟོང་པར་གྲུབ། །གང་སྐྱེས་གང་ཤར་དྲན་པས་ཟུང་ཟུངས། །ལྷོད་ཀྱིས་གློད་པ་ཆེམ་གྱིས་ཐོངས། །རང་ངོ་ཤེས་ན་ཡང་ཡང་མཐུད། །མ་བཅོས་མ་ཡེངས་རང་སར་ཞོག །འགྲོ་འོང་སྐྱེ་འགག་གནས་གསུམ་བྲལ། །འདི་ནི་ཕྱག་རྒྱ་ཆེན་པོ་ཡིན། །ཡེངས་མེད་ལམ་དུ་ཁྱེར་བ་གཅེས། །རྩོལ་མེད་ལྷུག་པར་སྐྱོང་བ་གཅེས། །དེ་ལྟར་ཉམས་སུ་ལོངས་པ་གྱིས། །ང་ཕྱོགས་མེད་རྒྱལ་ཁམས་བསྐོར་བ་ཡིན། །ཞེན་པ་བྲལ་བའི་རྣལ་འབྱོར་དང་། །གླིང་བཞི་བསྐོར་བའི་ཉི་མ་གཉིས། །སོས་དལ་སྡོད་ལོང་མེད་དོ་ཨང་། །ཞེས་གསུངས་སོ། །སེམས་འཆི་མེད་རང་གྲོལ་གྱི་རྡོ་རྗེའི་མགུར། །རྗེ་བཙུན་བླ་མ་སངས་རྒྱས་ལ། །སྒོ་གསུམ་གུས་པས་གསོལ་བ་འདེབས། །འཆི་བ་ལྟར་སྣང་རྣམ་རྟོག་འདི། །རང་བཞིན་མ་གྲུབ་གཉུག་མའི་འགྲོས། །འཆི་བར་བཏགས་པའི་ལུས་དང་སེམས། །འཆི་མེད་རང་གྲོལ་ཕྱག་རྒྱ་ཆེ། །རྣམ་སྨིན་བེམ་པོ་འཆི་བ་མེད། །བག་ཆགས་རྨི་ལམ་ཇི་ལྟར་འཆི། །སེམས་ཉིད་རང་གདངས་ལྷ་ཡི་སྐུ། །གསལ་སྟོང་འཛིན་མེད་ཆུ་ཟླ་འདྲ། །གཤིས་ལུགས་སྟོང་པ་སྤྲོས་བྲལ་ལ། །ན་བ་མེད་ཅིང་འཆི་བ་མེད། །མྱང་འདས་མེད་ཅིང་འཁོར་བ་མེད། །ཐམས་ཅད་རང་སེམས་འཁྲུལ་པའི་རྩལ། །རྩལ་སྣང་གསལ་ལ་འགགས་པ་མེད། །འགགས་མེད་སྐྱེ་མེད་དབྱིངས་སུ་ཐིམ། །སྐྱེ་འགག་གནས་གསུམ་བྲལ་བ་ཡི། །འཆི་མེད་ཡེ་ཤེས་ངོ་མཚར་ཆེ། །མྱོང་བ་འཛིན་མེད་ངང་དུ་བཞག །སྤྱོད་ལམ་ཀུན་དང་བསྲེས་ལ་བསྒོམ། །དེ་ལྟར་ཡུན་རིང་སུས་གོམས་པ། །འཆི་བ་ཆོས་སྐུའི་དབྱིངས་སུ་ཐིམ། །བར་དོ་རྒྱལ་བ་ལོངས་སྐུ་འགྲུབ། །སྤྲུལ་པས་འགྲོ་བ་འདྲེན་པར་
༥༢༡
བྱེད། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། །རྗེ་གྲུབ་ཐོབ་ཆེན་པོའ་འཆི་མེད་རང་གྲོལ་རྡོ་རྗེའི་གསུང་། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་རྗེས་སུ་བཟུང་བས་ཤིན་ཏུ་ཉེ་བརྒྱུད་ཀྱི་བཀའ་བབས་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའ་སྡེའི་ཞལ་སྔ་ནས་སྩལསྩོལ་བའི་ནི་གུའི་རྒྱབ་ཆོས་གླུའི་ཕྲེང་བ་ལས། །ཆོས་ཀྱི་ཁུངས་དང་འབྲེལ་པར་བརྗོད་པའི་རྡོ་རྗེའི་མགུར། །ཤྲཱི་བཛྲ་དྷ་ར་སཱ་དྷུ་པཱ་ད་པྲ་ཎ་མྱཾ། རྗེ་བཀའ་བརྒྱུད་ཀྱི་དགུང་གནམ་མཐོན་པོ་ལ། །ཕ་གྲུབ་ཐོབ་ཀྱི་བླ་མ་རྒྱུ་སྐར་ཙམ། །དབྱིངས་འགགས་མེད་ཀྱི་ཉི་ཟླ་འོད་པོ་ཆེ། །དེ་ནཱ་རོ་དང་ནི་གུ་མ་ལགས་སམ། །ཁོང་ལྕམ་སྲིང་གི་སྒྲུབ་བརྒྱུད་ཆུ་བོའ་རྒྱུན། །དུས་ད་ལྟའི་སྐལ་ལྡན་ཡོངས་ཀྱི་སྐོམ། །ཡིད་ཚིམ་པ་སྟེར་བའི་སྨན་ཆབ་དེ། །ཆོས་ནཱ་རོ་དང་ནི་གུ་མ་ལགས་སམ། །ལུགས་རྣམ་གཉིས་ཀྱི་བཀའ་སྲོལ་སྐྱོང་བའི་རྗེ། །དཔལ་མགྲན་ཟླ་བྲལ་བ་སྤྲུལ་པའི་སྐུ། །ངེད་རྟོགས་ལྡན་མང་པོའ་གཙུག་རྒྱན་གཅིག །མགོན་དྭགས་ཤངས་ཀྱི་བཀའ་བརྒྱུད་རྣམ་གཉིས་ལགས། །སྔོན་ཏེ་ལླི་དང་ནཱ་རོས་སྣ་དྲངས་ནས། །མར་པ་དང་མི་ལས་རྗེས་བསྐྱངས་ཏེ། །གནད་ཟབ་མོ་ནཱ་རོ་ཆོས་དྲུག་ལ། །རྟགས་མངོན་གྱུར་གྲུབ་ཐོབ་གྲངས་ལས་འདས། །དུས་དེང་སང་ཚོང་དུས་འོ་མའི་དཔེ། །ཚིག་མ་ངེས་སྨྱོན་པའི་བླ་བཅོལ་བཞིན། །དོན་མི་འདྲ་རང་བློའི་ལམ་འདྲེན་པས། །མི་ཁོ་བོའ་སེམས་རྩ་ཅུང་མ་ཚིམ། །ལྕམ་མཁའ་འགྲོའི་གསང་ཚིག་སྙིང་པོའ་བཅུད། །ཚིག་མ་བཅོས་ཐེམས་ཡིག་རྡོ་རྗེའི་མདུད། །དོན་སྙིང་ལ་འབབ་པ་དངོས་པོའ་གཤིས། །སྤྲང་ཡིད་བདེའི་ཐར་ལམ་གསོས་སུ་ཤར། །མིང་རྗེས་འབྲང་བའི་བློ་ཡོད་ན། །སྡུག་བཙིར་ལ་སྒོམ་དུ་མི་འཛིན་ཞིང་། །ཁོང་ཡུས་ལ་སྒྲུབ་པར་མི་འཇོག་པའི། །གུ་ཡངས་ཀྱི་སྙིང་གཏམ་
༥༢༢
གླུ་རུ་ལེན། །དངོས་གྲུབ་ཀྱི་རྩ་བ་བླ་མ་སྐད། །བླ་མ་དེ་སངས་རྒྱས་དངོས་བྱོན་སྐད། །ཅི་མཛད་ལེགས་པར་བལྟ་དགོས་སྐད། །མཛེས་མཛེས་སུ་སྨྲས་ཀྱང་སྒྲ་སྐད་ལགས། །དངོས་གྲུབ་ལ་ཐོབ་རུང་མ་ཐོབ་རུང་། །སངས་རྒྱས་དང་སེམས་ཅན་ཅི་ཡིན་རུང་། །མཛད་པ་ལ་ལེགས་ཉེས་ཅི་སྟོན་རུང་། །མི་ང་ལ་སྙེམས་འཕྲིགས་རྡུལ་ཙམ་མེད། །ཡ་ཀི་ཤེད་འོག་མིན་ཕོ་བྲང་ན། །ཆོས་སྐུ་ལ་རྡོ་རྗེ་འཆང་ཆེན་ཅེས། །མཐིང་ཀ་ལ་འོད་ཟེར་ལྷམ་མེ་བ། །སེམས་བློ་ཆུང་གི་འདྲེན་པ་ཡ་རེ་ཆ། །མ་གི་ཤེད་ཤངས་ཕུའི་རྨོག་ལྕོག་གི །ཕོ་བྲང་དེ་སྤང་པོའ་སྤྱིལ་བུ་ན། །མི་གཟུགས་ལ་ཞུ་བདེའི་འོད་འབར་བ། །རྒྱ་སྒོམ་རྡོ་རྗེ་འཆང་ཆེན་དེ་ན་བཞུགས། །ཁྱོད་གདོད་མའི་གཞི་ལ་དབྱེར་མེད་ཀྱང་། །འཕྲལ་སྦས་པའི་བརྟུལ་ཞུགས་སྒྲིབ་གཡོགས་མཁན། །མི་སྐལ་ལྡན་གྱིས་ཅེར་མཐོང་མ་ལགས་སམ། །བུམ་ནང་གི་མར་མེ་ཇི་བཞིན་སྣང་། །བདག་སྔ་མའི་ལས་འཕྲོ་མི་དམན་པས། །ཆུང་ཆུང་ནས་སྒྱུ་མའི་རང་རྩལ་རྫོགས། །མ་མཁའ་འགྲོའི་ཞལ་བཟང་མཐོང་ན་ཡང་། །སེམས་མ་ཚིམས་སྒྱུ་མའི་རང་སྣང་ཙམ། །ཕ་ལེགས་རྒྱལ་ཞལ་བུམ་རྙེད་ཙ་ན། །བློ་ཁུ་འཕྲིགས་ཐམས་ཅད་རང་སར་གྲོལ། །ཡིད་ཐེ་ཚོམ་སྤངས་པའི་ངེས་ཤེས་གཅིག །དུས་དེ་ཚེ་འཕོ་འགྱུར་མེད་པར་སྐྱེས། །མཉམ་བཞག་ལ་རྗེས་ཐོབ་ཀྱི་འཛིན་པ་ཡལ། །ཐུན་མཚམས་དང་ཐུན་ཚོད་ཀྱི་སྣང་བ་བརྗེད། །འདི་ཡིན་དང་འདི་མིན་གྱི་དགག་སྒྲུབ་ཞིག །རང་གཞན་དང་ཕྱོགས་ཆའི་ཉེ་རིང་སྟོར། །ཀུན་ཁྱབ་ཀྱི་གསལ་སྟོང་འོད་པོ་ཆེ། །རང་རིག་མེ་ལོང་ལ་ཤར་ཙམ་ན། །ཚིག་ཐ་སྙད་ཚིག་གི་འབྱེད་འགྲེལ་དེ། །ནམ་དགོས་དུས་སླེབ་པའི་སྤོབས་པ་ཐོབ། །རྗེ་མཁྱེན་པ་ཅན་གཅིག་མ་ལགས་པ། །མི་བླུན་པོ་མཁས་པར་ཅི་ལ་གཏོང་། །ཁྱོད་བྱིན་རླབས་ཅན་གཅིག་མ་ལགས་པ། །སྐྱེས་གྲོལ་གྱི་རང་མཚན་ཅི་ལ་སྟོན། །
༥༢༣
ད་དུས་གསུམ་གྱི་སངས་རྒྱས་བྱོན་ལགས་ཀྱང་། །ཞུ་དག་གི་སྤྲོས་པ་མི་བདོག་པས། །བློ་དྲན་པ་རང་ཤར་ནམ་མཁའ་ལ། །བྱ་ལམ་རྗེས་མེད་ཀྱི་ངང་ལ་བཞུད། །སྒོམ་བྱས་ཀྱང་ཕ་ཡི་རང་སྣང་ཙམ། །རེས་འཇོག་མེད་པའི་རྣལ་འབྱོར་ལ། །སལགསལ་ལེ་དང་སིང་ངེར་འཇོག་ལགས་པས། །མཐོར་གཏོང་དང་དམར་གཏོང་ཁྱོད་རང་ཤེས། །གསོལ་འདེབས་ཀྱི་དབྱངས་རྟ་སྙན་ན་ཡང་། །ཡིད་གཉིས་ཀྱི་འཕྱང་མོར་སྤྱོད་པས་ན། །བློ་ཕར་བལྟས་ན་ཆུང་འཕྱོན་མའི་གླུས། །མི་ཤེས་ལྡན་སྙིང་ཁོང་འདྲེན་ལགས་སམ། །ཚིག་མུ་ཅོར་སྨྲ་བའི་ངུ་ལབ་ལ། །གཟུགས་མེད་ཀྱི་ལྷ་འདྲེ་སྙིང་རྩ་འདར། །ཕ་དྲན་པའི་ཡུས་ཆེན་རྒྱང་འབོད་ལ། །ཁྱེད་དབྱིངས་ནས་ཐུགས་རྗེ་ཅིས་མི་གཡོ། །ཕ་བདག་དང་བདག་གིར་བྱས་པའི་བུ། །ཡིད་གཅིག་ཏུ་འདྲེས་པའི་སྤུན་གྲོགས་ལ། །རེ་ས་དང་ལྟོས་ས་མ་མཆིས་པས། །རྗེ་ཁྱེད་རང་གི་རྣམ་ཐར་འཁྱོངས་པར་ཤོག །མོས་གུས་ཉག་གཅིག་དྲན་པ་ལམ་རྫོགས་ཀྱི་བླ་མའི་རྣལ་འབྱོར་དང་རྗེས་སུ་བཟུང་བའི་རྒྱབ་ཆོས་གླུར་བླངས་པ་། སྐྱབས་ཟུར་འཚོལ་མེད་པའི་རྒྱ་སྒོམ་ལ། །བློ་རྩེ་གཉིས་མེད་པར་སྐྱབས་སུ་མཆི། །ཕ་ནོར་བ་མེད་པའི་བླ་མ་རྗེ། །བདག་བུ་གཅིག་པའི་བློ་སྣ་ཆོས་ལ་སྒྱུར། །ལས་འཇིག་རྟེན་པའི་བསམ་སྦྱོར་ལྷུར་བླངས་ནས། །ལུས་བཙུན་བཙུན་བྱས་ཀྱང་སེམས་ཀྱིས་ཁྲེལ། །མིང་ཆོས་པར་བཏགས་པ་བསྙོན་དོར་མཁན། །འདི་ཐུགས་རྗེས་གཟིགས་དང་བླ་མའི་གཙོ། །གནས་འཁོར་བའི་རང་མཚང་གོ་བཞིན་ཡང་། །སེམས་གཡེང་གཡེང་དགོས་མེད་གྱི་ནར་སྤྱོད། །ཡིད་ནེམ་ནུར་རི་ཁྲོད་ཕྱི་ཤོལ་ལུས། །འདི་བློ་བཏང་ལགས་སམ་མཁྱེན་པས་གཟིགས། །གཤིས་ཐག་ཆོད་གྱོང་པོའ་འདུག་ཚུགས་ལ། །འཕྲལ་ཅོལ་ཆུང་ཀུན་གྱི་ངོ་མ་ཡོགས། །རང་རང་གིས་བསླུས་པའི་
༥༢༤
མགོ་འཁོར་ལ། །ཡབ་བརྩེ་བའི་སྤྱན་ཆབ་མི་བསྐྲུན་ནམ། །ཆོས་གོ་རིག་ཤེས་པའི་རྫུན་སོབ་ལ། །ཡིད་བདེ་མོར་སེམས་པའི་ཅོལ་ཆུང་པོ། །སྒོམ་ཁ་ལྟར་སོང་བའི་མདོ་མེད་ལ། །ཕ་ཐུགས་ཀྱིས་བརྣག་པ་མི་གནང་ངམ། །ལས་འཆར་སྒོའི་བློ་ལ་ཟད་པ་མེད། །གཤིས་འཁོར་བའི་འདམ་ལ་ཆོད་པ་མེད། །དུས་ད་ལྟའི་ཡིད་ཤེས་ངོས་བཟུང་མེད། །འདི་མེད་ལྟའི་གླུ་དབྱངས་རིང་མོར་གདའ། །ཧེ་བན་གཟུགས་ཐོ་ཡོར་མིག་འཕྲུལ་ལ། །སྤྱང་གླེན་གྱི་རྟོག་དཔྱོད་གཏོང་བ་འཁྲུལ། །བཙུན་ཚུགས་མཛེས་ཆོས་འཇའ་སྣང་ལ། །ཞེན་རྟོག་གི་ལེགས་ཉེས་དཔྱོད་པ་དམན། །འཁོར་བ་ངན་སྐྱུགས་ཀྱི་ཁྲོན་པ་ལ། །དྲི་ཞིམ་གྱི་འཛིན་བློས་རེག་པས་ཕུང་། །སེམས་ངེས་མེད་ཀྱི་འཆར་སྒོ་རྒྱ་འབྱམས་ལ། །ཡིན་མིན་གྱི་སོ་འཕྲང་འཛུགས་པ་སྨྱོ། །དྲན་པ་ཉག་གཅིག་གི་ཡིད་ཤེས་ལ། །ཆོས་མིན་གྱི་བྱ་ར་བྱེད་པ་རྩིང་། །གང་བྱས་སྒྱུ་མའི་མེ་ལོང་ལ། །བདེན་རྫུན་གྱི་ཞལ་ལྕེས་གཡེང་བ་བརྫུན། །ཅི་བྱས་ཐར་པའི་སོ་ནམ་ལ། །རྟོག་དཔྱོད་ཀྱི་ཐན་པས་བསྲེགས་པ་ཕམ། །ངས་ཤེས་པ་ཙམ་ལ་མ་བཞག་སྟེ། །སྒོམ་མིང་སྟོང་དུ་སྐད་ཅིག་བཞག་པ་མེད། །ད་ཤི་ཡང་ལེགས་ལ་གསོན་ཡང་རུང་། །འདུན་མ་དགེ་མཐར་ཕྱིན་པ་གོ །ཞེས་དྲན་བསྐུལ་གྱི་ལྕག་འདེབས་ཐོལ་སྐྱེས་ལས་བརྩམས་པའི་རྒྱང་གླུར་སྨྲས་པ་། དབྱིངས་ཆོས་སྐུ་རྟག་བརྟན་གཡུང་དྲུང་ལ། །མདངས་འགགས་མེད་ཀུན་སྣང་ཡི་གེའི་དངོས། །དབྱིངས་གཞོམ་མེད་ནཱ་དའི་རང་སྒྲ་གཅིག །ཡིད་འགྱུ་སྟོང་ཨ་ཡི་ངོ་བོར་ཤར། །ཨེ་ཆོས་ཀྱི་འབྱུང་གནས་སེང་གེའི་ཁྲིར། །དོན་སྟོང་ཆེན་ཡིག་ལྔའི་ཕོ་བྲང་ན། །ཝཾ་བདེ་ཆེན་འོད་གསལ་འདུས་མ་བྱས། །ནང་ཐིག་ལེ་ཡིག་དྲུག་འདུས་པའི་ལྷ། །མིང་བདེ་གཤེགས་སྙིང་པོར་གྲགས་པ་གཅིག །ཡོངས་སེམས་
༥༢༥
ཅན་ཀུན་ལ་ཁྱབ་པའི་བདག །རང་རྣལ་འབྱོར་ཡིད་བདེ་དམ་པའི་དཔལ། །དུས་འགྱུར་བ་མེད་པའི་དཀྱིལ་འཁོར་ལས། །ཆབ་དག་པ་བདུད་རྩིའི་ཆར་རྒྱུན་གྱིས། །བློ་ཀུན་རྟོག་གི་རི་མོ་བག་ལ་ཉལ། །ལས་ཉོན་མོངས་ཀུན་འབྱུང་བཀྲུས་ནས་ཀྱང་། །སེམས་རང་རིག་རང་གསལ་འོད་པོ་ཆེ། །ཡིད་ཕར་བལྟས་ཆོས་སྐུ་ཉག་གཅིག་ལ། །བློ་ཚུར་གཞལ་དྲན་པའི་རྒྱུན་ལམ་ཆད། །ཡིད་ཧད་དེ་ཆད་དེ་ཝལ་ལེ་བ། །དེང་ཡིད་ཀྱི་རི་མོ་ཡལ་ནས་ཐལ། །ལུས་ཤ་ཁྲག་དྲི་མེད་གཞའ་འདྲའི་སྐུ། །ངག་སྨྲ་བསམ་བརྗོད་འདས་ལྐུགས་པའི་ཚུལ། །ཡིད་བྱ་ལམ་རྗེས་བྲལ་ནམ་མཁའི་ངང་། །དོན་འཆར་སྒོ་དང་པོའ་ཡེ་ཤེས་ཡིན། །གཞི་མ་རིག་མུན་པའི་ཁང་ཆུང་བརྡིབས། །ལས་ཉོན་མོངས་དྲི་མའི་བག་ཆགས་གཏོར། །མིང་སོ་སོ་སྐྱེ་བོའ་ཡུལ་ལས་འདས། །སྒོམ་བློ་འདས་ཆེན་པོའ་ལམ་དང་མཇལ། །ཆོས་བརྒྱད་ཁྲི་བཞི་སྟོན་ཨར་བསྡུས་ནས། །ལྷ་ཤཱཀྱ་མུ་ནེས་གསུངས་ལགས་ཀྱང་། །གནད་དྲིལ་དོན་འདི་ལྟར་མ་ཤེས་ན། །ཚིག་ཡི་གེ་བཟླས་ཀྱང་བརྗོད་པ་ཡིན། །ཅེས་དག་བྱེད་སྟོང་རའི་སྐབས་ལས་བསྒྲགས་པའི་གླུ་། སྒྲིབ་མེད་ཀྱི་རང་གཟུགས་ལྷ་རུ་ཤར། །ལྷ་རྣལ་འབྱོར་མ་དཔལ་མཁའ་འགྲོའི་གཙོ། །ཉམས་བདེ་སྟོང་མྱོས་པའི་ལང་ཚོ་མ། །སེམས་བདག་པོའ་ཕང་པར་ཅུང་ཀྱིས་བྱུང་། །ཕྱི་སྣང་བ་ལྷ་ཡི་གཞལ་ཡས་ལ། །ནང་དར་དམར་གུར་ཁྱིམ་སྲབ་ལ་དྭངས། །ལོགས་མེ་དཔུང་འབར་བའི་ཐིག་ལེ་བཞི། །གནད་ལྟེ་བའི་འཁོར་ལོ་མགལ་མེ་བཞིན། །རཾ་སུམ་མདོར་འཕྲོས་པའི་མེ་ལྕེ་ཡིས། །གློག་དབུ་མའི་རྒྱུ་ལམ་ཡངས་པོ་ནས། །སྟེང་དཀར་གསལ་སྤྱི་བོའ་རྒྱ་མཐོངས་ལས། །དཔེ་སྐར་མདའ་མཁའ་ལ་བགྲོད་པ་བཞིན། །རྗེ་བླ་མའི་སྐུ་ལས་བདུད་རྩིའི་ཆབ། །སྒོ་ཚངས་པའི་ལམ་ནས་རབ་ཞུགས་ཏེ། །ལམ་དབང་བཞིའི་
༥༢༦
རྟེན་འབྲེལ་བསྒྲིག་བཞིན་ཏུ། །བླ་མ་དང་རང་སེམས་དབྱེར་མ་ཤེས། །གཏུམ་མོ་ལས་བརྩམས་པའི་གླུ་། བློ་ཅིར་སྣང་དང་ཅི་ཤར་སྒྱུ་མའི་ཉམས། །འོལ་ཐོལ་སྐྱེས་གྱི་དྲན་པ་བྱང་ཆུབ་ལམ། །གནད་གཟེར་བུ་འདེབས་པ་བླ་མའི་གསུང་། །འདི་བརྗེད་པ་མེད་པའི་གཟུངས་སུ་འཛིན། །འཛིན་བཅས་ཀྱི་དྲན་ཤེས་གསར་བུའི་སྒོམ། །སྒོམ་ཡིད་དཔྱོད་ཀྱི་ལམ་མཁན་གནས་སྐབས་ཀྱི་ཆོས། །ཆོས་ཡིན་ལུགས་ཀྱི་བྱར་མེད་གུ་ཡང་གཅིག །གཅིག་ཤེས་ཀུན་གྲོལ་ངོ་མཚར་རྨད། །སྒྱུ་ལུས་སྐབས་། རྨི་ལམ་གྱི་འཆར་སྒོ་ཉམས་ཀྱི་སྣེ། །འདུན་པ་ཡི་ཡིད་ཤེས་མཚམས་སྦྱོར་གྱི་ངག །ཐིག་ལེའི་བཞི་འགྲོས་རྟེན་འབྲེལ་གྱི་གནད། །མ་ཡེ་ཤེས་མཁའ་འགྲོའི་གསང་བའི་གཏམ། །སེམས་འཁྱམས་པོ་ལ་གཏད་སོ་མ་དམིགས་ཕྱིར། །སྟེང་དགའ་ལྡན་དུ་འགྲོ་བ་ཐག་མི་རིང་། །ཡིད་ཀུན་སྣང་ལ་མི་འཆར་མེད་པའི་དཔེ། །འཕྲལ་གང་དགོས་སུ་བདེ་བསྒྱུར་རྣལ་འབྱོར་པའི་ཉམས། །ཉམས་བྱུང་རྒྱལ་ལ་དགག་སྒྲུབ་མི་བགྱིད་པར། །དུས་རྒྱུན་མི་འཆད་དྲན་པའི་ཁ་ལོ་བསྒྱུར། །རྨི་ལམ་གྱི་སྐབས་། གཞི་འོད་གསལ་འགྱུར་མེད་རྟག་པའི་སྐུ། །ལམ་འོད་གསལ་འགགས་མེད་བདེ་བའི་ཆ། །མཐར་འབྲས་བུ་མངོན་གྱུར་རྫོགས་སངས་རྒྱས། །གནད་གཞི་ལམ་འབྲས་བུའི་མཚམས་སྦྱོར་ལགས། །ལམ་འཕོ་བ་མ་བསྒོམ་སངས་རྒྱས་ལ། །ཡིད་ཨར་ལ་གཏད་པའི་དྲན་པའི་མདའ། །སྒོ་ཚངས་པའི་ལམ་ནས་རྒྱངསརྒྱང་བཏོན་ཏེ། །བློ་མ་ཡེངས་ཆོས་སྐུར་ལྷན་གྱིས་འཇོག །དུས་ད་ལྟའི་ལས་སྣང་ཇི་སྙེད་པ། །གཤིས་མ་གྲུབ་ཆུ་ནང་ཟླ་བ་བཞིན། །དོན་འདི་ཡང་ངེས་ཤེས་སྐྱེས་པ་ན། །ཕྱིས་བར་དོ་རྒྱལ་བ་ལོངས་སྐུ་འགྲུབ། །བར་དོའ་སྐབས་། གནས་གསར་པ་འཇམ་པའི་དབྱངས་མཁྱེན་བརྩེའི་
༥༢༧
དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའ་གསུང་མགུར་དཔལ་ལྡན་ཤངས་པའི་གསེར་ཆོས་ཀྱི་ལམ་རིམ་སྙིང་པོར་དྲིལ་བའི་གསོལ་འདེབས་སྙིང་གི་བདུད་རྩི་ཞེས་བྱ་བ། ན་མོ་གུ་རུ་བེ། རྗེ་རྒྱལ་བ་ཀུན་དངོས་རྡོ་རྗེ་འཆང་། །ཆོས་སྒྲུབ་བརྒྱུད་ཡོངས་ཀྱི་གཙུག་རྒྱན་མཆོག །ཕ་འབྲེལ་ཚད་དོན་ལྡན་དཀར་རྩི་བ། །བུ་ཕ་དང་མཉམ་པར་བྱིན་གྱིས་རློབས། །ཐ་མལ་གྱི་ཤེས་པ་སོ་མ་འདི། །སྐྱོན་བཞི་ཡི་དབང་དུ་མ་སོང་བར། །རང་ངོ་བོ་རྗེན་པར་མཐོང་བ་ཡིས། །གཞི་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །འོག་ལྟེ་བའི་ཨ་ཐུང་འོད་འབར་ལ། །སྲོག་རྩོལ་གྱི་རླུང་གི་བསྲུབས་པ་ལས། །གཟུང་འཛིན་གྱི་བུད་ཤིང་སྲེག་བྱེད་པའི། །ལམ་གཏུམ་མོ་འབྱོར་བར་བྱིན་གྱིས་རློབས། །སྣང་སྲིད་དང་འཁོར་འདས་གཉིས་སྣང་ཀུན། །མེད་བཞིན་དུ་དུ་མར་འཆར་བ་ཡི། །རང་སྟོང་གི་རང་མཚངས་རྟོགས་བྱེད་པའི། །ལམ་སྒྱུ་ལུས་འབྱོང་བར་བྱིན་གྱིས་རློབས། །ཉིང་འཁྲུལ་གྱི་བག་ཆགས་ཚན་པོ་ཆེ། །ཤར་ཙམ་ནས་རང་ངོ་ཤེས་པ་དང་། །བདེན་མེད་ཀྱི་རྩལ་སྣང་འབར་བ་ཡི། །ལམ་རྨི་ལམ་འབྱོང་བར་བྱིན་གྱིས་རློབས། །མ་རིག་བག་ཆགས་ཨ་འཐས་ཀུན། །སྟོང་ཉིད་ཀྱི་དབྱིངས་སུ་ཐིམ་པ་ལས། །འགགས་མེད་ཀྱི་སྟོང་གཟུགས་འོད་པོ་ཆེ། །ལམ་འོད་གསལ་འབྱོང་བར་བྱིན་གྱིས་རློབས། །འཁྲུལ་སྣང་གི་ལུས་གསུམ་རྒྱལ་བའི་སྐུར། །གདོད་མ་ནས་བཞུགས་པར་ངོ་ཤེས་པས། །གཉིས་སྣང་གི་འཇིགས་སྐྲག་རང་སར་གྲོལ། །ལམ་བར་དོ་འབྱོང་བར་བྱིན་གྱིས་རློབས། །ཚེ་འདི་ཡི་ཞེན་པས་མ་བཅིངས་བཞིན། །འཆི་བ་ལ་འཇིགས་པས་མི་སུན་བར། །ཆོས་དབྱིངས་ཀྱི་ནམ་མཁར་ཐོགས་མེད་བགྲོད། །ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །སྣང་སྲིད་ཀུན་བླ་མའི་རོལ་པ་ལས། །སྤང་བླང་གི་སྤྲོ་བསྡུ་མི་དགོས་པར། །
༥༢༨
བྲལ་མེད་ཀྱི་གདུང་ཤུགས་དྲག་པོ་ཡིས། །ལམ་བླ་མས་བགྲོད་པར་བྱིན་གྱིས་རློབས། །འཁོར་འདས་ཀུན་རྒྱལ་བའི་དཀྱིལ་འཁོར་ལ། །ཐ་མལ་གྱི་འཛིན་པས་མ་བཅིངས་པར། །ཡུལ་གང་ཤར་ལྷ་སྐུར་ཡེ་ཤེས་སུ། །ལམ་ཡི་དམ་གྱིས་བགྲོད་པར་བྱིན་གྱིས་རློབས། །ཅིར་སྣང་ཀུན་བདེན་མེད་སྒྱུ་མ་ལ། །ཨ་འཐས་ཀྱི་རྟོག་པས་མ་བཅིངས་ཤིང་། །སྒྱུ་འཛིན་གྱི་ཞེན་པས་མ་གོས་པར། །ལམ་སྒྱུ་མས་བགྲོད་པར་བྱིན་གྱིས་རློབས། །རང་སེམས་འདི་སྟོང་ཉིད་རྣལ་འབྱོར་མ། །ནང་རྩལ་དུ་ཕག་མོ་སྒྱུ་མའི་གར། །རྫས་གསང་སྔགས་ཚོགས་ཀྱིས་མཉེས་བྱས་ནས། །གཤིས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །མཆོག་ཡན་ལག་ལྔ་བསྡུའི་སྦྱོར་བ་ཡིས། །མ་དག་པའི་མངལ་སྒོ་སྦྱང་བྱས་ཏེ། །སྟོང་ཉིད་ཀྱིས་བྷ་གར་རྩེ་བས་རོལ། །ལམ་ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས། །རྣམ་ཤེས་ཀྱི་བཞོན་པ་ལས་ཀྱི་རླུང་། །འཁྲུལའཕྲུལ་འཁོར་གྱི་སྦྱོར་བས་བཅིངས་པ་ལས། །དོན་རྩ་རླུང་ཐིག་ལེ་དབང་འདུས་ནས། །ལུས་འཆི་མེད་འགྲུབ་པར་བྱིན་གྱིས་རློབས། །མ་བཅོས་པའི་ཤེས་པ་སྒྱུ་མའི་སྐུ། །ཡབ་ཡུམ་གྱི་རོལ་གར་བདེ་ཆེན་གྱི་ངང་། །མ་ཡེངས་པའི་རང་ངོ་བསྐྱངས་པ་ལས། །སེམས་འཕྱུགས་མེད་འགྲུབ་པར་བྱིན་གྱིས་རློབས། །དཔལ་ཡེ་ཤེས་མགོན་པོ་སྤྱན་རས་གཟིགས། །རྟེན་ཕྱི་ནང་གསང་བས་མཆོད་ཅིང་བརྟེན། །ལམ་བསྐྱེད་རྫོགས་བཟླས་པས་དབང་འདུས་ནས། །ལས་གང་བརྩམ་འགྲུབ་པར་བྱིན་གྱིས་རློབས། །དོན་མཁའ་འགྲོའི་སྙིང་གཏམ་རྡོ་རྗེའི་ཚིག །ཆོས་ཟབ་མོའ་གསེར་ཆོས་རྣམ་པ་ལྔ། །ལན་བརྒྱ་ཕྲག་བཤད་སྒྲུབ་དཔལ་འབྱོར་གྱིས། །བུ་སྣོད་ལྡན་སྨིན་པར་བྱིན་གྱིས་རློབས། །དུས་འདི་ནས་སངས་རྒྱས་མ་ཐོབ་བར། །རྗེ་ཁྱེད་དང་ནམ་ཡང་མི་འབྲལ་ཞིང་། །ཐུགས་ཅི་མཉེས་བྱ་བ་སྒྲུབ་བཞིན་དུ། །ལམ་འདི་ཉིད་
༥༢༩
བསྒོམ་པར་བྱིན་གྱིས་རློབས། །མི་བདག་ཅག་ལྟོས་པར་བཅས་པ་ལ། །རྗེ་ཁྱེད་ཀྱི་ཐུགས་རྗེས་བྱིན་བརླབས་ནས། །གཤིས་རང་བཞིན་འོད་གསལ་ཆོས་ཀྱི་སྐུ། །དཔལ་བདེ་མཆོག་འགྲུབ་པར་བྱིན་གྱིས་རློབ། །ཞེས་བླ་མ་ཤངས་པའི་སེར་ཆོས་ཀྱི་སྨོན་ལམ་ཤུགས་འབྱུང་གླུར་བླངས་པ་། འཕགས་ཡུལ་གྱི་གྲུབ་པའི་དབང་ཕྱུག་རྣམས་དང་སྤང་རྟོགས་དབྱེ་བ་མེད་ཅིང་རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ། །དཔལ་དེ་བཱི་ཀོ་ཊིར་ཡེ་ཤེས་མཁའ་འགྲོས་གསང་བའི་མཛོད་གཏད་པས་ཟབ་ལམ་ཤིན་ཏུ་ཉེ་བརྒྱུད་ཀྱི་བཀའ་བབས་ཤིང་རྟ་ཆེན་པོ་ཀུན་དགའ་སྙིང་པོའམ་མཚན་ཡོངས་སུ་གྲགས་པ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་རྡོ་རྗེའི་དོ་ཧ་ཇི་སྙེད་ཅིག་སྩལ་བབསྩལ་པ་ལས། །དགུངསདགུང་ལོ་ཉེར་གསུམ་པར་བསམ་སྡིངས་སུ་བཞུགས་པའི་ཚེ་རང་ལ་སྐུལ་པའི་གྲོས་འདེབས་སུ་གསུངས་པ་ནི། །ༀ་སྭ་སྟི། སྐྱབས་གནས་རིན་ཆེན་གསུམ་ལ་གུས་བཏུད་ནས། །རང་གི་སེམས་ལ་ཤར་བའི་ཚིག་འདི་སྨྲ། །དབེན་པའི་རི་བོར་མཉམ་བཞག་བྱེད་དོ་སྐད། །གཞན་གྱི་མིག་ངོར་ཕོ་ཚུགས་བཟང་ན་ཡང་། །བརྟགས་ན་སེམས་དང་ཆོས་སུ་མ་འདྲེས་པ། །འདི་འདྲ་དམ་ཆོས་གཤའ་མ་ག་ལ་ཡིན། །ད་ནི་སྙིང་ནས་སྒྲུབ་པ་བྱེད་རེ་རན། །ཚེ་འདིའི་མདུན་མ་སྐྱུངས་དང་སྙིང་མེད་པོ། །ཐོས་བསམ་ལྟ་རྟོག་ཆོས་བཤད་རེམ་ན་ཡང་། །རྐྱེན་ངན་བག་རེའི་སྟེང་དུ་དམ་ཆོས་འདོར། །མཁས་པར་གྲགས་ཀྱང་མི་ཚེ་སྟོང་ཟད་མཁན། །འདི་འདྲ་བཤེས་གཉེན་དམ་པ་ག་ལ་ཡིན། །ད་ནི་རང་གི་སེམས་རྒྱུད་འདུལ་རེ་རན། །མཛུབ་མོ་ནང་དུ་ཁུག་དང་སྙིང་མེད་པོ། །འཁོར་བའི་གནས་ཚུལ་འཕྲལ་འཕྲལ་མཐོང་ན་ཡང་། །ཡིད་ཆེས་ཅུང་ཟད་མེད་པའི་ཚོད་མེད་པོ། །ཕ་རོལ་འགྲོ་ཚེ་གདིང་དྲོད་མི་གདའ་ནའང་། །བསམ་མནོ་མི་གཏོང་སྨྱོན་པ་རྒྱ་ཡན་མཁན། །ད་ནི་ཕྱི་མའི་གྲབས་
༥༣༠
ཤོམས་བྱེད་རེ་རན། །བློ་ཁ་ཆོས་ལ་སྒྱུར་དང་སྙིང་མེད་པོ། །མཁོས་ཀ་འདི་ལས་མེད་ཀྱང་ཆགས་སྡང་ཅན། །ཡོན་ཏན་འདི་ལ་ང་རྒྱལ་རི་རབ་ཙམ། །མགུ་མཁན་སུ་ཡང་མེད་ཀྱང་མཐུན་འཇུག་མཁན། །བྱས་པ་ཆུང་ལ་རེ་བ་ཆེ་བ་ཁྱོད། །ད་ནི་འཇིག་རྟེན་ཆོས་བརྒྱད་སྤོང་རེ་རན། །གང་ཤར་རོ་སྙོམས་གྱིས་དང་སྙིང་མེད་པོ། །ཆོས་ཕྱིར་གཉིད་ཐུམ་རེ་ཡང་གཅོག་མི་ནུས། །ད་ལོ་ད་བཟོད་བྱེད་སྙམསསྙམ་ངང་རིང་པོ། །མྱོང་རྟགས་འཕྲལ་ལ་དགོས་པའི་སྟོང་ཡུས་ཅན། །ཟས་ནོར་སྙན་གྲགས་འདོད་པའི་བློ་མ་ཁུགས། །ད་ནི་འདུན་མ་ཆིག་འགྲིལབསྒྲིལ་བྱེད་རེ་རན། །གཏིང་ནས་རེ་དོགས་སྐྱུངས་དང་སྙིང་མེད་པོ། །གཞོན་ནུའི་དུས་ནས་ལང་ཚོ་ཡོལ་ཞིང་ཉམས། །འཁོར་འདབས་ཀུན་གྱིས་ཕན་ལན་གནོད་པས་འཇལ། །ད་དུས་སུན་པ་མེད་པའི་བློ་རྒྱ་ཅན། །མི་ཤེས་བཞིན་དུ་ཚེ་འདིའི་འདུན་གྲབས་བྱེད། །ད་ནི་སྙིང་ནས་བྱ་བཏང་བྱེད་རེ་རན། །ཕྱོགས་མེད་རང་བློ་སྦྱོངས་དང་སྙིང་མེད་པོ། །བླ་མའི་མིང་ཅན་རྣམས་ཀྱང་ཆོས་མི་བྱེད། །སློབ་མ་རྣམས་ཀྱང་དམ་ཚིག་སྲུང་མཁན་མེད། །སྐྱེ་བོ་ཀུན་ཀྱང་ངོ་ཚ་ཁྲེལ་གཞུང་མེད། །སངས་རྒྱས་བསྟན་པ་ཉམས་པའི་དུས་ངན་འདིར། །གཞན་ལ་ཕན་ཐབས་ཇི་ཙམ་བྱས་ན་ཡང་། །ཕལ་ཆེར་མི་ཕན་རང་ལ་གནོད་པར་འདུག །རང་ཉིད་ཆོས་ལ་བརྟན་པ་ཐོབ་ཕན་ཆད། །གཞན་དོན་རྒྱུན་མི་ཆད་པ་འབྱུང་བས་ན། །རེ་ཞིག་ཚེ་འདི་ཁོང་ལ་གཅགས་པ་ཡི། །གཞན་དོན་ལྟར་སྣང་བོར་ལ་རང་དོན་མཆོག །དམ་པའི་ཆོས་ལ་སྒྲིལ་བའི་དུས་སུ་གདའ། །དེ་ལྟར་ལགས་པས་ད་དུང་བསམ་མནོ་ཐོང་ཐོངས། །ཞེས་གསུངས་སོ། །བུ་སློབ་ཀྱི་མཆོག་གྱུར་གངས་དཀར་བ་དད་ཅན་ཉི་མ་རྣམ་རྒྱལ་ལ་ངོ་སྤྲོད་ཀྱི་སྙིང་པོ་གནང་བ། རྗེ་རྡོ་རྗེ་འཆང་ཆེན་གྲུབ་ཐོབ་ཚུལ། །མཚན་ཐོས་པ་ཙམ་གྱིས་དོན་ཆེན་ལྡན། །བདག་བུ་སློབ་ཀྱི་
༥༣༡
བློ་སྣ་ཆོས་ལ་སྒྱུར། །ཁྱེད་ཐུགས་རྗེའི་གཏེར་ལ་གསོལ་བ་འདེབས། །དུས་ད་རེས་མི་ལུས་ཐོབ་པ་དང་། །མཚན་ལྡན་གྱི་རྗེ་དང་མཇལ་སྐབས་འདིར། །ཉམས་ལེན་ལ་འབད་འབུངས་མ་བཏོན་ན། །མི་ཚེ་དོན་མེད་དུ་འགྲོ་ཉེན་གདའ། །ཉམས་ལེན་གྱི་རྒྱལ་པོ་མོས་གུས་ཡིན། །མཐུན་རྐྱེན་གྱི་རྒྱལ་པོ་ངེས་འབྱུང་ཡིན། །བྱ་བྱེད་ཀྱི་རྒྱལ་པོ་བྱར་མེད་ཡིན། །མཉམ་གཞག་གི་རྒྱལ་པོ་རང་ཤར་ཡིན། །རྒྱལ་པོ་བཞི་ལྡན་གྱི་གདམས་ངག་འདི། །མཚན་ལྡན་བླ་མའི་གསུང་ངག་ཡིན། །གྲུབ་ཐོབ་ཡོངས་ཀྱི་ཐུགས་བཅུད་ཡིན། །ཏཱ་ར་ནཱ་ཐའི་ཉམས་མྱོང་ཡིན། །མཚན་བཅས་ཀྱི་ཉམས་ལེན་ཕྱོགས་རེ་བ། །སྡུག་དུས་མི་ཕན་པའི་སྐྱིད་ཆོས་དེ། །ཐབས་མཁས་ཀྱི་བཀྲི་ཚུལ་ཡིན་མོད་ཀྱང་། །སངས་རྒྱས་ལག་བཅངས་སུ་གཏོད་མི་ཐུབ། །རང་ཞལ་རྗེན་པར་ལྟ་བ་ལ། །མཚན་ལྡན་རྗེ་ལ་མོས་གུས་དགོས། །བླ་མ་སངས་རྒྱས་སྐད་པའི་ཁ་སྙན་དང་། །ཅི་མཛད་ལེགས་པར་ལྟ་དགོས་ཀྱི་སྡུག་ཞེན་ཅན། །མ་བྱས་བསམ་བྱུང་ཙམ་གྱི་མོས་གུས་དེ། །ཁོག་ཞེ་ནས་ལྟེམ་འགྱངརྐྱང་ལོག་གེ་བ། །ཆོས་རང་གིས་བྱེད་སྙམ་ཚུགས་བཟང་ཡང་། །དེ་སྒྲ་སྐད་ཙམ་ལས་དོན་མི་མཐོང་། །སངས་རྒྱས་དང་སེམས་ཅན་གྱི་འཐེན་ཕྱོགས་མེད། །ཐུགས་ཆོས་སྐུ་སྐྱེ་མེད་ཉག་གཅིག་ལ། །མཛད་སྤྱོད་ཉེས་ནའང་ཉེས་གོ་ཆོད། །ཕྱོགས་མེད་ཀྱི་འགྲོ་དོན་རྒྱ་རེ་ཆེ། །བྱིན་རླབས་ཞུགས་རུང་མ་ཞུགས་རུང་། །དངོས་གྲུབ་ཐོབ་རུང་མ་ཐོབ་རུང་། །སྐྱབས་གནས་གཞན་ན་མེད་དོ་ཞེས། །བློ་ཐག་ཆོད་ལ་གསོལ་བ་ཐོབ། །ཐུགས་ཡིད་དབྱེར་མེད་དུ་མཉམ་པར་ཞོག །སྒོམ་མི་སྐྱེ་བའི་རང་དབང་ག་ལ་ཡོད། །ཟས་གོས་འཛོམ་པའི་སྐྱིད་འདོད་དེ། །དགེ་སྦྱོར་འཆག་ལ་གཡེང་བ་ཆེ། །མཐུན་
༥༣༢
རྐྱེན་དུ་མིང་བཏགས་རྣམ་གཡེང་དེ། །རྣལ་འབྱོར་པ་ལ་དགོས་པ་མེད། །ཡིད་ངེས་འབྱུང་སྐྱོ་ཤས་དྲག་པོ་དེ། །རང་གཅིག་པུར་སྡོད་ན་སྐྱོ་རོགས་ཡིན། །ལུས་ན་ཚ་བྱུང་ན་ནད་གཡོག་ཡིན། །ཟས་གོས་དྲན་པའི་རྣམ་གཡེང་ལ། །གདོད་ཟློག་བྱེད་པའི་མཐུན་རྐྱེན་ཡིན། །སྡར་མ་བྱས་པ་ཅིག་མེད་པ་ལ། །བྱས་ཚད་འཁོར་བའི་གཡོས་སུ་སོང་། །ད་བྱར་མེད་ཀྱི་ངང་དུ་ལྷོད་དེ་ཞོག །གཏན་གྱི་བཙན་ས་ཟིན་ཏེ་མཆིས། །བློས་བྱས་ཀྱི་དགེ་སྦྱོར་བརྩོན་ན་ཡང་། །འགྱུར་མེད་ཀྱི་གཏན་ས་ཟིན་པ་མེད། །དབྱིངས་འཕོ་འགྱུར་མེད་པའི་གནད་ཀ་དེས། །རང་བབས་སུ་བཞག་ན་འགྱུར་མེད་ཐོབ། །རང་ཤར་ལ་བཟོ་བཅོས་མི་འཚལ་ཏེ། །བཅོས་མིན་ལ་ངོ་ཤེས་གལ་རེ་ཆེ། །སེམས་རྣམ་རྟོག་མེད་པར་རང་གསལ་ན། །གསལ་བ་གསལ་ཞིང་སྟོང་པ་དེ། །རང་ངོ་ཤེས་ན་ཆོས་སྐུར་འདུག །རང་གིས་རང་ངོ་ཤེས་དུས་ན། །རྟོག་པའི་ཆོ་འཕྲུལ་ཅི་ཆེ་ཡང་། །བདེ་སྡུག་གི་འཆར་སྒོ་གང་མང་ཡང་། །ཐམས་ཅད་ཆོས་སྐུའི་ཡོ་ལངསལང་ཡིན། །རྟོག་པ་དང་མི་རྟོག་ཁྱད་པར་མེད། །གནས་པ་དང་འགྱུ་བའི་རང་མཚང་ཞིག །ཆབ་རོམ་ཆུ་རུ་ཞུ་བ་ལྟར། །གང་སྣང་རང་སེམས་སུ་ལྷང་ངེ་བ། །སྣང་དུས་ནས་རྗེས་མེད་ཡུལ་ཡུལ་པོ། །སྟོང་ཙམ་གྱི་འཆར་སྒོ་མ་འགགས་པ། །ཡ་ཀི་སངས་རྒྱས་ཀྱི་སྐུ་གསུམ་ནས། །མ་ཀི་དམྱལ་ཁམས་ཡན་ཆད་ཀུན། །ཐམས་ཅད་མི་འཆར་བྱ་བ་མེད། །ཅི་ལྟར་ཤར་ཡང་སྤྲོས་དང་བྲལ། །ངག་བརྗོད་པ་ཀུན་གྱི་ཡུལ་ལས་འདས། །སེམས་རང་རིག་བདེ་བ་ཆེན་པོར་མྱོང་། །སླར་སྤྲོས་བཅས་ཀྱི་དགེ་བ་གོང་འཕེལ་བྱ། །ཐམས་ཅད་ཕྱག་ཆེན་གྱི་ཡོ་ལངས་ཡིན། །ཐབས་ཤེས་རབ་ཚོགས་གཉིས་རྫོགས་པ་ལས། །སངས་རྒྱས་ཀྱི་དགོངས་པ་རྟོགས་པ་ཡིན། །དེ་ཉམས་སུ་
༥༣༣
བླངས་ན་བདུད་རྩི་འདྲ། །ཁ་ལྟར་ཤོརཤོད་ན་སྟོང་ཤོབ་ཡིན། །རྒྱུད་ཐོག་ཏུ་ཉམས་སུ་ལོངས་པ་ཅིག་འཚལ། །ཉམས་ལེན་ལ་རང་བྱན་ཚུད་པ་ཅིག་ཞུ། །ཞེས་གསུངས་སོ། །ཡང་ངེས་འབྱུང་སྐུལ་བའི་ལྕག་འདེབས་ཞལ་གདམས་སུ་སྩལསྩོལ་བ། །ན་མོ་གུ་རུ་བྷྱཿ ཕ་རྡོ་རྗེ་འཆང་ལ་ཕྱག་འཚལ་ནས། །འདིར་སྙིང་གཏམ་ཚིག་གསུམ་སྨྲ་བ་ནི། །ཚེ་འདིའི་སྣང་བ་ནི་འཇའ་ཚོན་དང་འདྲ། །འདི་ཡི་རྗེས་འདེད་མི་འཚལ་ལོ། །སྣང་བ་འདི་དང་སེམས་ཀྱི་བྱེད་པ་གཅིག་ལགས། །ཐ་དད་དུ་འཛིན་ཞེན་མི་འཚལ་ལོ། །རིག་པ་ཞེན་མེད་དུ་མ་ཤར་ན། །སྒོམ་བྱས་ཚད་བཟང་རྫུར་འགྲོ་ཉེན་གདའ། །རང་སེམས་ཚིར་གྱིཚོད་ཀྱིས་མ་བཟུང་ན། །དོན་མེད་ཀྱི་ལས་ལ་ཟད་ཉེན་གདའ། །རང་དོན་ལ་ཧྲིལ་གྱིས་མ་སྒྲིལ་ན། །གཞན་དོན་ལྟར་སྣང་གི་མགོ་སྐོར་ཡོད། །ད་རེས་ཙམ་མ་གཏོགས་མི་ལུས་ནི། །ཡང་ཡང་དུ་ཐོབ་པ་ཤིན་ཏུ་དཀའ། །ངན་སོང་གསུམ་དུ་སྐྱེས་ཙ་ན། །དམ་ཆོས་ཀྱི་སྐལ་པ་ནི་གཅིག་ཀྱང་མེད། །ད་རེས་རྡོག་སྣ་གཅིག་འདྲེད་ན་ནི། །དམྱལ་བའི་གཏིང་རྡོ་གཅིག་བྱེད་བྱེད་འདྲ། །ཕྱི་མ་ལ་ཕན་པའི་དགེ་བ་དང་། །ཉམས་ལེན་བྱས་རྗེས་ནི་འདི་ཀར་གདའ། །སྡིག་པ་དང་ཉེས་ལྟུང་ནི་ཆར་ལྟར་འབབ། །དོན་འདི་ལྟར་བསམས་ལ་ཆོས་ལ་འབུངས། །རྒས་པའི་སྡུག་བསྔལ་ཡང་མྱུར་དུཏུ་འོང་། །ན་ཚྭཚ་དང་མི་འདོད་པ་བྱུང་ཙ་ན། །སྡུག་བསྔལ་གྱིས་གཟིར་བའི་ཤེས་པ་དེ། །ཆོས་ཀྱིས་ལམ་དུ་ལོངས་དཀའ་བས། །སྐྱིད་དུས་ནས་ཆོས་ལ་འབུངས་བ་ཞུ། །རེ་ཞིག་རང་ཅག་ཚོའ་མི་ཚེ་ལ། །རྒྱལ་ཁམས་ཡུལ་ཕྱོགས་ཀྱི་དར་རྒུད་དང་། །ཡར་བླ་མ་སློབ་དཔོན་གྱི་གནས་ལུགས་དང་། །གྲ་རོགས་དང་གྲོགས་མཆེད་ཀྱི་འབྱུང་ལུགས་དང་། །ཕ་མ་དང་དགྲ་གཉེན་གྱི་གནས་ལུགས་སོགས། །ཐམས་ཅད་མི་རྟག་པའི་རང་འཚང་
༥༣༤
སྟོན། །འཕྲལ་ལོ་དང་ཟླ་བ་ཞག་རེ་ལ། །མི་རྟག་པ་སྟོན་པའི་སློབ་དཔོན་ཀུན། །སྐྱོ་བ་སྐྱེད་བྱེད་ཀུན་གམ་ན་འདུག །ནམ་ཡང་ཚེ་འདིའི་བྱ་བ་ཀུན། །ཇི་ལྟར་བྱས་ཀྱང་འདོར་བ་ལ། །བུ་བྱ་བ་བཏང་ལ་སྒྲུབ་པ་འཚལ། །ལུས་མི་རྟག་ཤ་རུས་འགྱེས་འགྱེས་འདྲ། །གཅེས་གཅེས་མོར་བྱས་པའི་ལུས་འདི་ཡང་། །ཐ་མ་རུས་པའི་ཕུང་པོར་གདའོ། །རང་སེར་སྣས་འབད་འབུངས་བསགས་པ་ཡི། །ནོར་ཀུན་ཡང་སུས་ཐོབ་དང་བགོ་བཤར་བྱེད། །ད་ལྟ་ཟས་གོས་ཀྱིས་འབྱོར་བ་ཡང་། །རོ་ཤུན་དང་རོ་ཟས་ཁམ་གཅིག་ཡིན། །ཁོང་ཁ་དྲག་དཔུང་པ་འཛོམ་པ་ཡང་། །དུས་ངེས་མེད་འཆི་བ་བྱུང་བའི་ཚེ། །ནོར་མངའ་ཐང་ལོངས་སྤྱོད་ཀུན་བོར་ནས། །སླར་ངན་སོང་གསུམ་དུ་འགྲིམ་པ་མཐོང་། ལར་མི་རྟག་འདུས་བྱས་སྤྱི་ལུགས་ཡིན། །དོན་འདི་ལ་བསམས་ནས་ཆོས་ལ་འབུངས། །བྱམས་སྙིང་རྗེ་ཕྱོགས་མེད་དུ་སྦྱོང་བ་དང་། །འཕྲལ་གང་ཤར་ལ་ཞེན་མེད་དུ་སྐྱོང་བ་དང་། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །དུས་གནས་སྐབས་ཀུན་ཏུ་རིན་པོ་ཆེ། །ཕ་བླ་མར་ཡིད་ཆེས་བློས་ཁེལ་གྱི། །སྙིང་ཐག་པས་གསོལ་བ་འདེབས་པར་འཚལ། །ལར་ནམ་ཡང་བསླུ་བ་མེད་པར་ངེས། །ངེས་འབྱུང་དང་སྙིང་རྗེ་མོས་གུས་དང་། །ཞེན་མེད་ཡངས་མེད་དུ་སྐྱོང་བ་སྟེ། །དོན་བཞི་པོ་འདི་ལ་འབད་གྱུར་ན། །འདུན་མ་རྩེ་ལ་ཕྱིན་པ་ཡིན། །ཅེས་སོ། །དར་ཡུལ་བྲག་ནག་ཏུ་རྒྱལ་བཟང་རྟོགས་ལྡན་རིན་ཆེན་བཀྲ་ཤིས་ཀྱིས་ཞལ་གྱི་གདམས་པ་ཞུས་པ་ལ་འདི་གསུངས་སོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བུ་སྣང་བ་སེམས་ལ་ཁྱད་པར་མེད། །གང་ཤར་བཟོ་བཅོས་མེད་པར་ཞོག །སྙིང་རྗེ་དང་སྟོང་ཉིད་འགྲོ་ལྡོག་གཅིག །སྙིང་རྗེ་འཛིན་པར་མ་ཤོར་ཞིང་། །སྟོང་ཉིད་ཆད་སྟོང་དུ་མ་ལུས་པའི། །ཟུང་འཇུག་ཉམས་ལེན་གལ་རེ་
༥༣༥
ཆེ། །ལས་འབྲས་ཀྱི་བླང་དོར་ཕྱིན་ཅི་ལོག །ཅིས་ཀྱང་དགོས་མེད་ཀྱི་ངེས་འབྱུང་སྟོར། །གཞན་ཕན་མཁའ་ཁྱབ་ཀྱི་སེམས་བྲལ་བའི། །སྟོད་སྐད་རྦད་ཁམས་ཀྱི་ཕྱག་ཆེན་དང་། །མུ་སྟེགས་པའི་ལུགས་ཀྱི་རྩ་རླུང་ལ། །བློ་རྩེ་གཏོད་པའི་སྒོམ་ཆེན་དེ། །བློ་ཆུང་གི་མགོ་བསྐོར་མཁས་སྲིད་ཀྱང་། །སངས་རྒྱས་དགྱེས་པའི་ལམ་ལས་གོལ། །བུ་སངས་རྒྱས་གསུང་བཞིན་བསྒྲུབ་གྱུར་ན། །སངས་རྒྱས་ཐོབ་པའི་རྒྱུ་ཡིན་པས། །བཟང་འདོད་ཀྱི་ཙབ་ཙོབ་མ་མང་བར། །ལུས་ངག་ཡིད་གསུམ་ཆོས་དང་བསྟུན། །ལྟ་བ་མ་ཐོལ་ཡངས་པ་དང་། །སྤྱོད་པ་ཞིབ་ཏིག་སྐབས་སུ་བབ། །སྒོམ་པ་ཡེངས་མེད་རྒྱུན་ཆད་མེད། །དེ་གསུམ་འཛོམ་ན་འབྲས་བུ་སྨིན། །བཟའ་བཏུང་དོན་གཉེར་གྱི་ཁ་སྤྱད་ཅན། །རྒྱལ་ཁམས་བསྐོར་བའི་ཟོག་པོ་ལ། །སྒོམ་ཆེན་གྱི་དྲི་ཡང་མི་ཡོང་བས། །དབེན་པའི་རི་ལ་ཚུགས་པར་འཚལ། །ལོང་གཏམ་ལ་ཆགས་ཤིང་ཞེན་པ་དེས། །ངག་གི་བདེན་ཚིག་ག་ལ་འགྲུབ། །ནུས་ན་གསང་སྔགས་ཀྱི་བཟླས་བརྗོད་གྱིས། །མིན་ནའང་སྨྲ་བ་བཅད་ན་ལེགས། །མཐུན་འཇུག་དང་མི་དགེའི་ངོས་སྲུང་གིས། །སེམས་བཞག་ཀྱང་ཆགས་སྡང་འཕེལ་བའི་ངང་། །འདི་སྤངས་ཀྱང་སྤངས་པ་དཀའ་བའི་ཕྱིར། །རྦད་ཀྱིས་ཆོད་ལ་རྒྱངས་ཀྱིས་བསྐྱུར། །ཉམས་མྱོང་ཅུང་ཟད་སྐྱེས་སྐབས་སུ། །བཟང་འཛིན་སྐྱེས་ན་བདུད་ཀྱིས་ཁྱེར། །དཔེ་རི་ལ་འཛེགས་པས་གཡང་ལ་ལྷུང་། །མཐོ་རུ་སོང་གིན་སྒྲིམ་པ་གཅེས། །བླ་མའི་ཞལ་ལུང་གི་གདམས་ངག་རྣམས། །ཆུད་ཟོས་མེད་པར་ཉམས་སུ་ལོངས། །ཧམ་པ་དང་འུད་གོག་མ་ཆེ་བར། །རྩེ་གཅིག་ཏུ་བསྒོམས་ན་འཚེང་བ་ཡིན། །ཅེས་སོ། །ལ་སྟོད་སྦ་ལུང་གི་རྣལ་འབྱོར་པ་འགའ་ཞིག་གིས་གདམས་ངག་ཞུས་པ་ལ་འདི་གསུངས་སོ། །ན་མོ་གུ་རུ།
༥༣༦
ཕ་གཅིག་ཆོག་རྒྱལ་པོ་བླ་མ་ལ། །དུས་རྒྱུན་ཆད་མེད་པར་གསོལ་བ་འདེབས། །བདག་བུ་སློབ་ཀྱི་བློ་སྣ་ཆོས་ལ་བསྒྱུར། །སེམས་མཁའ་ཁྱབ་རྟོགས་པར་བྱིན་གྱིས་རློབས། །དུས་ད་ངེས་མཐུན་རྐྱེན་ཀུན་འཛོམ་ཞིང་། །མཚན་ལྡན་རྗེ་དང་མཇལ་བ་དང་། །གདམས་ངག་ཟབ་དགུ་ཐོབ་དུས་འདིར། །དོན་མེད་དུ་མ་ལུས་པ་ཅིས་ཀྱང་འཚལ། །ལུས་ཤ་ཁྲག་འདུས་པའི་ཕུང་པོ་ལ། །རྟག་འཛིན་གྱི་ཡིད་བརྟན་མི་རུང་བས། །དགེ་སྦྱོར་ཕྱི་ཤོལ་མ་བྱེད་པར། །འཕྲལ་འཕྲལ་དུ་ལག་ལེན་ལ་ཐེབས་པར་མཛོད། །ཉམས་སུ་མ་མྱོང་བའི་སྟོང་ཤོབ་ཅན། །སྟོང་ཉིད་ཀྱི་རྦད་གོག་ཁར་ཁྱེར་ནས། །ནག་པོ་ཁ་འབྱམས་སུ་སོང་ཉེན་བདོག །ལས་འབྲས་ལ་ཞིབ་ཏིག་གལ་རེ་ཆེ། །མོས་གུས་གདུང་བ་རྒྱུན་ཆད་མེད། །བླ་མའི་གསོལ་འདེབས་ལ་ནན་ཏན་མཛོད། །དེ་ལའང་བདེན་ཞེན་མི་འཚལ་ཏེ། །བླ་མ་རང་རང་སེམས་ལས་ལོགས་ན་མེད། །རང་ངོ་མ་ཤེས་པས་འཁོར་བར་འཁྱམས། །ཚུགས་མེད་ཀྱི་སྙེངསྙིང་རྗེ་གལ་རེ་ཆེ། །བདེན་མེད་ཀྱི་འཁྲུལ་པསབས་བསླུས་པ་ཡི། །བདེ་སྡུག་ཀུན་རྨི་ལམ་ལྟ་བུར་ལྟོས། །རང་སེམས་ཐ་མལ་གྱི་ཤེས་པ་འདི། །བཅས་བཅོས་མི་དགོས་ཆོས་སྐུ་ཡིན། །རྣམ་རྟོག་གི་འཆར་སྒོ་ཅི་ཤར་ཡང་། །ཆུ་དང་རླབས་བཞིན་གོ་བར་གྱིས། །སྤྱོད་པ་ཞིབ་རྩིང་ཅི་ལྟར་ཡང་། ངོ་ལྐོག་གི་རྫུན་རིབ་མི་འཚལ་ཏེ། །དེ་ཡང་ཆོས་དང་མཐུན་པ་གཅེས། །ཆོས་འགལ་གྱི་སྒོམ་ཆེན་ཕཊ་ཚར་རེ། །སྒོམ་པ་འཁོར་ཡུག་རྒྱུན་ཆགས་དེ། །བྱར་མེད་ལས་མེད་གལ་རེ་ཆེ། །དེ་ཡང་རྩོལ་མེད་ཀྱི་དྲན་པས་བཟུང་། །མུ་ཐོམ་དུ་ལུས་ན་ཐེ་ལེ་ལེ། །འབྲས་བུ་རང་སེམས་སངས་རྒྱས་འདི། །གཞི་ཐོག་ཏུ་ཟོབ་སྟོང་མ་ལས་ཤིང་། །རེ་དོགས་ཀྱི་གཡང་སར་མ་ལྷུང་བ། །ཐག་ཆོད་ཀྱི་ཤེས་པའི་ངེས་ཤེས་དགོས། །གང་སྣང་ཐམས་ཅད་ཆོས་སྐུ་ལ། །ཕྱོགས་འཛིན་
༥༣༧
གྱི་དབྱེ་བ་མེད་ལགས་མོད། །གཅམ་བུའི་དག་སྣང་འདིས་རང་ཆུགསཚུགས་སྐྱེལ། །བླ་མའི་བརྒྱུད་པ་ཟིན་པར་མཛོད། །ཅེས་སོ། །རེ་ཞིག་གཙང་གཡོ་རུ་ན་བཞུགས་པའི་སྐབས་སྣང་བ་ཐམས་ཅད་ངོ་སྤྲོད་ཀྱི་སློབ་དཔོན་ཏུ་ཤར་བས་རྡོ་རྗེའི་གླུ་འདི་ལྟར་གསུངས་སོ། །ༀ་སྭ་སྟི། བདག་ཕྱོགས་རིས་བྲལ་བའི་རྣལ་འབྱོར་པ། །དུས་མེ་ཏོག་ལྡན་པ་ཁྱུ་མཆོག་ལོ། །ཡུལ་བཀྲ་ཤིས་འཕེལ་བའི་གཡོ་རུ་ན། །རྗེ་བླ་མའི་བཀའ་དྲིན་སྙིང་ལ་དྲན། །སྔོན་འཁོར་བ་ཐོག་མ་མེད་པ་ནས། །མཐར་ད་ལྟའི་བར་དུ་འཁྱམས་པ་ལགས། །ལར་འཁོར་བ་གཏིང་མཐའ་མེད་པ་འདིར། །སེམས་ཅན་སངས་རྒྱས་སུ་གཏོང་བའི་རིན་པོ་ཆེ། །འགྲོ་དྲུག་ཕ་མ་དྲིན་ཆེ་ཡང་། །འཁོར་བར་བསྐྱུར་རོགས་གཅིག་མ་ལགས་པ། །གཏན་གྱི་འདུན་གྲོས་ལ་སྦྱོར་མཁན་མེད། །སྙིང་གི་འདུན་གྲོས་དེ་རྗེ་ལ་ཞུས། །ལུས་ཤ་ཁྲག་འདུས་པའི་ཕུང་པོ་འདི། །ནམ་འཇིག་ལ་ངེས་པ་ཅུང་ཟད་མེད། །ཤི་རྗེས་སུ་བྲོད་པའི་གདིངགདེང་མེད་ཀུན། །རིག་པ་འདི་ནང་དུ་འགུགས་པར་ཞུ། །ད་འཆི་བས་འཇིགས་ནས་བླ་མ་བཙལ། །ཉམས་ལེན་ཀུན་རྡོ་རུས་ཐུག་པར་འབད། །ད་ཙམ་ནས་ཤི་ཡང་བློ་རེ་བདེ། །བློ་བདེ་ཚགས་སུ་ཚུད་པ་གཅིག་མི་དགོས་སམ། །ནམ་ཟླ་དུས་བཞིའི་འགྱུར་བ་འདི་དང་གཅིག །མཐོ་དམན་འབྱོར་རྒུད་ཀྱི་རི་མོ་འདི་དང་གཉིས། །རྒྱལ་ཁམས་ཡུལ་ཕྱོགས་ཀྱི་འགྱུར་ཚབས་འདི་དང་གསུམ། །འདུས་བྱས་མི་རྟག་པ་སྟོན་པའི་སློབ་དཔོན་གཅིག་གདའ། །བྱས་ཀྱང་ཟིན་མེད་ཀྱི་ཞིང་ལས་འདི་དང་གཅིག །བསྐྱངས་ཀྱང་དྲིན་མེད་ལོག་སྒྲུབ་ཀྱི་སྤྱོད་པ་དང་གཉིས། །འཐུངས་ཀྱང་ངོམས་མེད་ཀྱི་ལན་ཚྭའི་ཆུ་དང་གསུམ། །ལས་དོན་མེད་དུ་སྟོན་པའི་སློབ་དཔོན་གཅིག་གདའ། །གྲོང་ཁྱེར་འདུ་འཛིའི་ལང་ལོང་འདི་དང་
༥༣༨
གཅིག །བྲེལ་ལ་དོན་ཆུང་སྦྲང་བུའི་སྤྱོད་པ་འདི་དང་གཉིས། །སྤྲིན་དཀར་བན་བུན་གྱི་འགྱེད་འཁོར་འདི་དང་གསུམ། །འཁོར་བ་གཏད་མེད་དུ་སྟོན་པའི་ངོ་སྤྲོད་གཅིག་གདའ། །སྣང་ལ་གཟུགས་མེད་ཀྱི་འཇའ་ཚོན་འདི་དང་གཅིག །ལྷང་ལྷང་དམིགས་མེད་ཀྱི་བྲག་ཆ་འདི་དང་གཉིས། །མེད་ཀྱང་དགའ་སྡུག་འཆར་པའི་རྨི་ལམ་དང་གསུམ། །སྣང་བ་རང་སེམས་སུ་སྟོན་པའི་སློབ་དཔོན་གཅིག་གདའ། །ཕྱི་སྣང་བ་སྒྱུ་མའི་འཁྲུལའཕྲུལ་འཁོར་དང་གཅིག །ནང་རིག་པ་སེམས་ཀྱི་འཆར་སྒོ་དང་གཉིས། །དབྱིངས་ངོས་གཟུང་བྲལ་བའི་སྟོང་ཉིད་དང་གསུམ། །ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མེད་གཅིག་གདའ། །ལར་ཉམས་མྱོང་ཅུང་ཟད་གཅིག་སྐྱེས་ཙ་ན། །སྣང་བ་གང་ཤར་ཅི་ཤར་ངོ་སྤྲོད་དུ་འདུག །སྒོ་གསུམ་བྱ་བ་ཅི་བྱས་བོགས་འདོན་དུ་གདའ། །དོན་འདི་ལ་བསམ་ན་ཨ་ལ་ལ། །དང་ཡང་མི་ཚེའི་ལྷག་མ་ཅུང་ཟད་འདི། །ཉམས་ལེན་སྒྲུབ་པ་ལ་སྐྱེལ་བ་དང་། །དབེན་པའི་རི་ཁྲོད་ཟིན་པ་དང་། །གང་ཤར་ལམ་དུ་ལོངས་པ་རུ། །དྲིན་ཆེན་བླ་མ་རིན་ཆེན་གྱིས། །སྔར་ཚད་གཟུང་མེད་པར་བྱིན་བརླབས་མོད། །ད་ཡང་བྱིན་གྱིས་བརླབ་ཏུ་གསོལ། །སྐྱབས་གཞན་ན་མེད་དོ་ཆོས་ཀྱི་རྗེ། །ཏཱ་ར་ནཱ་ཐས་རྒྱལ་ཁམས་ཀྱི་འགྱུར་ལུགས་འདྲ་མཐོང་བས། སེམས་ལ་ངོ་སྤྲོད་པ་ལྟར་གྱུར་པའི་སྐབས་ཤིག་ཏུ་གླུར་བླངས་པའོ། །ཡར་འབྲོག་སྟག་ལུང་དུ་ཚོགས་ཀྱི་འཁོར་ལོ་མཛད་པའི་ཚེ་རྡོ་རྗེ་ནཱ་དའི་རང་སྒྲ་བསྒྲགས་པ་ནི། །ན་མོ་མ་ཧཱ་མུ་དྲཱ་ཡ། དབྱིངས་བདེ་བ་ཆེན་པོའ་ནམ་མཁའ་ལ། །རིག་པ་ཡེ་ཤེས་ཕྱོགས་མེད་ཀྱི་རྩལ། །མཁྱེན་བརྩེ་ནུས་པའི་གཟའ་སྐར་བཀྲ། །རྗེ་དཔལ་ལྡན་བླ་མ་རྡོ་རྗེ་འཆང་། །སྤྲང་གུས་པས་ཁྱེད་ལ་གསོལ་བ་འདེབས། །ལར་བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན། །ཡ་གི་ཤེད་དག་པའི་ཞིང་ཁམས་ན། །སྐུ་མི་འགྱུར་བདེ་བ་ཆེན་པོའ་ཐུགས། །ཁོང་རྡོ་རྗེ་འཆང་
༥༣༩
ཞེས་གྲགས་པ་དེ། །ཡོངས་དཀྱིལ་འཁོར་གྱི་གཙོ་བོ་ཡིན་ནོ་སྐད། །དེ་གཞན་ན་ཡོད་ཕ་མ་ཡིན་ཏེ། །ཕ་རྩ་བའི་བླ་མ་གཅིག་པུ་ལགས། །རྗེ་ཁྱེད་ཀྱི་ཐུགས་རྗེའི་བཀའ་དྲིན་གྱིས། །མི་ང་ཡང་བརྟན་པ་ཅུང་ཟད་ཟིན། །གཞི་མ་བཅོས་གཉུག་མའི་གནས་ལུགས་ལ། །ཐག་ཆོད་ཀྱི་གདིངསགདེང་འདི་ཉམས་སུ་དགའ། །སེམས་གསལ་ལ་དྭངས་པའི་རང་སྣང་ལ། །མི་འཆར་བྱ་བ་ནི་གཅིག་ཀྱང་མེད། །དེ་ཤར་ཙམ་ཉིད་ནས་གྲོལ་བ་འདི། །རང་གྲོལ་གྱི་རྣལ་འབྱོར་མ་ལགས་སམ། །ཡོངས་རང་ངོ་ཤེས་པའི་ཡེངས་མེད་འདི། །ཞི་གནས་ཀྱི་སྒོམ་ཞེས་བྱ་བ་ལགས། །རང་བཞིན་མ་རྙེད་པའི་རྩ་བྲལ་འདི། །ལྷག་མཐོང་ཤེས་རབ་མ་ལགས་སམ། །རྗེ་རང་སེམས་དང་དབྱེར་མེད་དུ་ཤེས་ཙ་ན། །ཆོས་སྐུ་ཞལ་མཇལ་ལ་དཀའ་རྒྱུ་མེད། །རང་ཞལ་མཐོང་བའི་རྣལ་འབྱོར་ལ། །འདུ་འབྲལ་མེད་པའི་མོས་གུས་སྐྱེས། །བདག་དལ་འབྱོར་མི་ལུས་ཐོབ་པ་དང་། །སྤྱིར་དུ་ཆོས་དང་མཇལ་བ་དང་། །སྒོས་སུ་གསང་སྔགས་ཐོབ་པ་དང་། །ཡང་སྒོས་ཟབ་དོན་རིག་པ་འདི། །སྔོན་ཅུང་ཟད་བསོད་ནམས་བསགས་པའི་རྟགས། །བློ་ཅུང་ཟད་ཆོས་ལ་སོང་བ་དང་། །རྗེ་མཚན་ལྡན་བླ་མས་བསྐྱངས་པ་དང་། །ཆོས་མདོ་རྒྱུད་ལ་ངེས་པ་རྙེད་པ་དང་། །འཕྲལ་ཆགས་སྡདསྡང་ཕྱོགས་རིས་མེད་པ་འདི། །ཡུལ་གང་དུ་བསྡད་ཀྱང་སྐྱིད་པར་གདའ། །ཚེ་འདིར་ལྟས་ཀྱི་བདེ་བའི་མགོ་བསྐོར་དང་། །གཏམ་སྙན་གྱི་ཕྱེ་འཐོར་མ་བླངས་ཤིང་། །དབང་ཐང་ལ་སྨོན་སེམས་མ་བྱས་པས། །དུས་ནམ་ཡང་བློ་སེམས་བདེ་མོར་བྱུང་། །ཕྱི་ཆོས་སུ་བརྫུས་པའི་འཇིག་རྟེན་དང་། །ངན་ཁོང་དུ་བཟུང་བའི་ངག་སྙན་དང་། །ཕུག་རང་འདོད་ཁ་རྒྱལ་གྱི་གཞན་དོན་ཕྱེད། །དོན་འདི་གསུམ་སྤངས་པས་ཆོས་སུ་སོང་། །ཚུལ་འདི་ཡང་དཔལ་ལྡན་བླ་མའི་དྲིན། །ད་དུང་ཡང་
༥༤༠
གསོལ་བ་འདེབས་ལགས་པས། །བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན། །རྗེ་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས། །དེང་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །ཅེས་སོ། །དཔལ་ལྡན་ཤངས་པའི་གསེར་ཆོས་ཀྱི་ལམ་རིམ་དང་འབྲེལ་བའི་ཞལ་གདམས་བདུད་རྩིའི་སྙིང་པོ་ཞེས་བྱ་བ་ནི། །ན་མོ་གུ་ར་བེ། དབྱིངས་སྐྱེ་བ་མེད་པའི་ནམ་མཁའ་ལ། །གདངས་འགགས་པ་མེད་པའི་དཀྱིལ་འཁོར་རྒྱས། །ཐུགས་རྗེའི་འོད་བརྒྱ་འགྱེད་པ་ཡི། །ཕ་བླ་མ་རྡོ་རྗེ་འཆང་ལ་འདུད། །རྗེ་དེ་ཉིད་ཀྱི་ཐུགས་རྗེའི་ཆར་སྤྲིན་ལས། །ཆོས་གདམས་ངག་གི་ཆར་རྒྱུན་ཕབ་པ་དེ། །མི་ཁོ་བོའ་སེམས་ཀྱི་ཞིང་སར་བབས། །འབྲས་བུ་ཉམས་རྟོགས་ཀྱི་ལོ་ཏོག་རྒྱས། །ཁྱེད་སྐལ་ལྡན་ཡོད་ན་འདི་ལས་ལོང་། །དཔལ་རྡོ་རྗེ་འཆང་ཆེན་སྐད་པ་དེས། །རྒྱུད་མཐའ་ཡས་གསུངས་པའི་སྙིང་པོ་ལྔ། །ཟབ་དགུ་བསྡུས་པའི་ཉེ་ལམ་ཞིག །མིང་ནི་གུ་ཆོས་དྲུག་ཞེས་བྱ་བ། །མ་མཁའ་འགྲོ་ཀུན་གྱི་གསང་ཚིག་དེ། །ངེས་གསང་བདུད་རྩིའི་སྙིང་པོ་དེ། །ཕ་བླ་མའི་ཞལ་གྱི་བདུད་རྩི་དེ། །དུས་དེ་རིང་རྒྱལ་ཁམས་ཀྱི་རྣལ་འབྱོར་པ། །ཕྱོགས་མེད་ཀྱི་ལྡུམ་དུར་སྤྱོད་པ་ཞིག །ངེས་མེད་ཀྱི་ཚུལ་ལ་སྤྱོད་བཞིན་དུ། །གནས་རི་གོང་དཔལ་གྱི་གཞལ་ཡས་འདིར། །དོན་སྙིང་པོ་རྡོ་རྗེའི་གླུ་རུ་ལེན། །གནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལས། །བརྡ་སྐྱེ་མེད་མཚོན་པ་ཨ་ཡི་བརྡ། །འཕྲུལ་བདུད་རྩི་འབབ་པ་དམིགས་པའི་གནད། །ཉམས་སྡིག་སྒྲིབ་དག་པའི་ངེས་ཤེས་ཅན། །མིང་ཡང་དག་བྱེད་སྟོང་ར་ཟེར། །འདི་སྔོན་འགྲོ་ལ་གནད་དུ་ཆེ་བཞིག་གདའ། །རྟེན་རྡོ་རྗེའི་ལུས་ལ་རྩ་ཐིག་གི་འགྲོས། །གཞི་གནད་དུ་ཆེ་བ་འཁོར་ལོ་བཞི། །འཕྲལ་འབར་འཛག་རང་ལུས་དགའ་བཞིའི་འགྲོས། །འདི་རྒྱུད་སྡེའི་ངེས་གསང་གནད་དུ་ཆེ། །རྐྱེན་ཐབས་དང་ཤེས་རབ་འཛོམ་པ་ལས། །གཞི་རང་
༥༤༡
སེམས་གཉུག་མར་ངོ་སྤྲོད་པ། །རྟེན་ཐིག་ལེ་དབབ་ལྡོག་དགའ་བཞིའི་འགྲོས། །དེ་ཡིན་ནི་ལས་ཀྱི་གཏུམ་མོ་ཡིན། །ཟེར་ནི་གཞན་ལུས་ཀྱི་གདམས་པ་ཟེར། །འདོད་ཡོན་ལམ་འཁྱེར་ལ་གནད་དུ་ཆེ། །མི་ཁོ་བོས་བདེ་སྟོང་དབྱེར་མེད་དུ་བསྒོམས། །ཁྱེད་འདིར་འདུས་ཀྱང་བདེ་སྟོང་དབྱེར་མེད་སྒྲུབས། །ཚེ་གཅིག་གིས་སངས་རྒྱས་སྒྲུབ་འདོད་ན། །ལམ་གཞན་ལ་མེད་དོ་སྐལ་ལྡན་ཀུན། །བདེ་དྲོད་རང་འབར་གཅིག་མཛད་དེ་འཚལ། །ཕྱི་སྣང་བ་སྒྱུ་མའི་ལམ་ཁྱེར་དེ། །ལུས་བྱས་ཀྱང་སེམས་ཀྱི་རང་སྣང་ཙམ། །རང་སྣང་ལྷ་སྐུ་རང་ཤར་ལ། །སྒྱུ་མ་ལྟར་རང་བཞིན་མེད་པ་ཞིག །སྒྱུ་ལུས་ཀྱི་གདམས་པའི་སྙིང་པོའ་དོན། །མི་ངས་ཀྱང་འདི་ལ་ཉམས་ལེན་བྱས། །ཆགས་སྡང་གི་སྣང་བ་རང་སར་དག །ཨ་འཐས་སྦྲུལ་གྱི་མདུད་པ་ཞིག །ཁྱེད་འདིར་འདུས་ཀྱང་ཨ་འཐས་བཤིག་པ་གཅིག་འཚལ། །འཕྲལ་འདུན་པ་སྒྱུར་བའི་གནད་ཀ་ལས། །རིག་པའི་རང་རྩལ་ཕྱོགས་མེད་ཀྱི་གདངས། །དངོས་འཛིན་གྱི་འཆིང་བ་འགྲོལགྲོལ་བ་ལ། །ངེས་མེད་དུ་སྦྱོང་བ་གནད་དུ་ཆེ། །མིང་ཡང་རྨི་ལམ་གྱི་གདམས་ངག་ཟེར། །སྒྱུ་ལུས་པ་རྣམས་ལ་འཁོ་བ་ལགས། །གཞི་གདོད་མའི་རང་ཞལ་ལྟ་བ་དང་། །རྐྱེན་མོས་གུས་གདུང་བའི་ཤུགས་དྲག་དང་། །གནད་རླུང་སེམས་འདུས་པའི་རྟེན་འབྲེལ་ལས། །སེམས་རྡོ་རྗེའི་རང་བཞིན་འོད་གསལ་ཆེ། །དུས་ཉིན་པར་རྩོལ་བ་བསྐྱེད་བསྐྱེད་ནས། །མཚན་མོ་རང་ཤར་གྱི་གསལ་སྣང་ཅན། །གསལ་ཙམ་ཉིད་ནས་སྟོང་པར་ཤར། །གསལ་སྟོང་དབྱེར་མེད་ཀྱི་འོད་གསལ་ཟེར། །ཞུཞི་བདེ་དང་གཉུག་མ་འདྲེས་པ་ལས། །ཉམས་བདེ་ཙམ་ཉིད་ནས་རང་དག་ཅིག །བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་ཡིན། །སེམས་རང་བཞིན་གདོད་ནས་དག་པ་ལ། །སྒྲིབ་གཉིས་བརྫུནརྫུན་གྱི་སྟོང་ཟོབ་ཡལ། །དག་པ་གཉིས་ལྡན་གྱི་འོད་གསལ་ཡིན། །འོད་གསལ་ལམ་
༥༤༢
གྱི་འབྲས་བུ་དེ། །རྗེ་རྡོ་རྗེ་འཆང་ཆེན་གྱི་སྤྱན་སྔ་རུ། །གདམས་ངག་རྣམས་ཕུ་ཐག་ཆོད་པར་ཞུས། །ཞུས་པ་ཙམ་ལ་ཡང་མ་བཞག་པར། །རང་སེམས་དང་འདྲེས་པའི་ཉམས་ལེན་བྱས། །བན་བུན་ཉམས་ཀྱི་འཆར་སྒོ་དག །འགྱུར་མེད་རྟོགས་པའི་གཏན་ཡུལ་ཟིན། །ཁྱེད་འདིར་འདུས་ཀྱང་འོད་གསལ་རྩེ་གཅིག་ཏུ་སྒོམས། །ངོ་མཚར་རླུང་སེམས་འཕྲུལ་གྱི་གནད། །སེམས་རྩེ་གཅིག་གྱེན་དུ་འཕང་བ་དང་། །ཅིར་སྣང་ལ་བར་དོའ་འདུན་པ་སྦྱོངས། །གང་ཤར་ལ་དག་སྣང་ལམ་ཁྱེར་བྱ། །འཕོ་བ་དང་བར་དོའ་གདམས་ངག་ཟེར། །ལས་དང་པོ་པ་ལ་གནད་དུ་ཆེ། །སེམས་མ་བཅོས་གཉུག་མའི་རང་ངོ་ལ། །གང་ཤར་རྗེན་ཆེར་གྱི་ངང་ལ་ཞོག །སྒོ་གསུམ་མ་བཅོས་སོ་མའི་ངང་། །རང་བབས་ལྷུག་པའི་གདམས་པ་ཟེར། །སལ་ལེ་དང་སིང་ངེའི་ངང་དུ་སྒོམས། །ལྷོད་དེ་དང་ཤིགས་སེའི་རྒྱ་ཡན་གྱི་དང་། །སེམས་གང་ཤར་ངོ་ཤེས་ཀྱི་རྣལ་འབྱོར་པ། །ཤར་ཙམ་ཉིད་ནས་རང་སར་གྲོལ། །མིང་ཡང་རང་གྲོལ་གྱི་གདམས་ངག་ཟེར། །གསལ་བ་དང་སྟོང་པ་ཟུང་འཇུག་གསུམ། །སེམས་གནས་སམ་འགྱུའམ་ཅི་ལྟར་རུང་། །གདོད་ནས་རང་གནས་ཀྱི་ངོ་ཤེས་ལ། །སྐུ་གསུམ་རང་ཤར་གྱི་གདམས་ངག་ཟེར། །འགྱུ་བ་འགྱུ་སྟོང་གི་ངང་དུ་ཐིམ། །མཉམ་རྗེས་ཀྱི་ས་མཚམས་ཞིག་ནས་ཐལ། །མདོ་རྒྱུད་ཀྱི་མཁྱེན་རྒྱ་ཅན་མང་ལགས་ཤིང་། །གདམས་ངག་ཀྱི་བདག་པོ་མང་མོད་ཀྱང་། །དོན་འདི་ལས་མེད་ཅེས་བྱ་བ་ཉུང་། །རང་གྲོལ་ཕྱག་ཆེན་གྱི་རྣལ་འབྱོར་འདི། །མདོ་རྒྱུད་ཀྱི་སྙིང་པོར་ལགས་པར་འཁུམས། །མི་ཁོ་བོས་དེ་ལྟར་ཉམས་སུ་བླངས། །ཁྱེད་འདིར་འདུས་ཀྱང་དེ་ལྟར་ཉམས་ལེན་མཛོད། །རང་ཤར་ཕྱོགས་མེད་ཀྱི་དག་སྣང་གཅིག །གང་སྣང་མོས་གུས་ཀྱི་ལམ་ཁྱེར་ལ། །མོས་གུས་ཀྱི་རྩ་བ་བླ་མར་ཤར། །བླ་མ་ཡི་དམ་དབྱེར་མེད་ཀྱི་དང་།
༥༤༣
ཡི་དམ་དེ་སྒྱུ་མར་རང་ཤར་གཅིག །རང་ཤར་མ་བཅོས་ལྷུག་པའི་གདངས། །ཡིན་ནི་དག་སྣང་ཕྱོགས་མེད་ཀྱི་ཁྲིད། །ཟེར་ནི་ལམ་མཁྱེར་རྣམ་གསུམ་ཟེར། །མི་ཁོ་བོས་ཀྱང་དག་སྣང་ཕྱོགས་མེད་དུ་སྦྱངས། །ཁྱེད་འདིར་འདུས་ཀྱང་དག་སྣང་ཕྱོགས་མེད་དུ་སྦྱོངས། །ཐབས་འགགས་མེད་ཀྱི་གནད་དེ་དག་སྣང་ལ་གདའ། །སེམས་གསལ་སྟོང་ལྷ་སྐུའི་སྣང་ཆ་དང་། །རང་རིག་པ་འགྱུར་མེད་བདེ་བའི་ངང་། །དེ་དང་པོ་ཉིད་ནས་སྐྱེ་བ་མེད། །གང་མ་སྐྱེས་པ་ལ་འགག་པ་མེད། །སེམས་སྐྱེ་འཆི་མེད་པའི་རང་བཞིན་དེ། །འཕྲལ་དྲིན་ཅན་གྱི་བླ་མས་ངོ་སྤྲོད་པ། །མིང་ཡང་རང་སེམས་འཆི་མེད་ཟེར། །བསྐྱེད་རྫོགས་སྙིང་པོར་དྲིལ་བ་གཅིག་ན་གདའ། །རླུང་དང་རྣམ་རྟོག་སེམས་གསུམ་ཕོ། །དབྱིངས་སུ་བསྡོམས་པ་ཉམས་ལེན་གྱི་གནད། །འཁྲུལའཕྲུལ་འཁོར་གྱི་ཁ་བསྒྱུར་ཉམས་ལེན་གྱི་རྩལ། །གཞན་ལུས་ལ་ཐོགས་པ་མེད་པ་ཡི། །ཐིག་ལེ་འཛག་མེད་ཀྱི་རང་གྲོལ་ལས། །དགའ་བཞི་དབྱིངས་སུ་ངོ་སྤྲོད་པ། །མིང་ནི་རང་ལུས་འཆི་མེད་ཟེར། །རླུང་སེམས་རང་དབང་དུ་ཆུབ་ཅིག་རྣལ་འབྱོར་པ། །འཕྲལ་ཕྲིན་ལས་རྣམ་བཞིའི་སྒྲུབ་པའི་གནད། །ཕ་དྲིན་ཅན་རྩ་བའི་བླ་མ་དང་། །མྱུར་མཛད་ཡེ་ཤེས་མགོན་པོ་གཉིས། །མཚན་ཐ་དད་དོན་ལ་ཁྱད་པར་མེད། །མོས་གུས་ཉག་གཅིག་གི་རྣལ་འབྱོར་ལས། །དངོས་གྲུབ་རྣམ་གཉིས་ཀྱི་ཀློང་བརྡོལ་ནས། །འགྲོ་དོན་ལྷུན་གྲུབ་ཏུ་འཆར་བ་ལགས། །དབྱངས་མཆོད་པ་འབུལ་ལོ་མཚན་ལྡན་རྗེ། །དཔལ་རྡོ་རྗེ་འཆང་ཆེན་ནས་བརྩམས་ཏེ། །ཕ་རྩ་བའི་བླ་མ་ཐམས་ཅད་ལ། །ཉམས་དབྱངས་ཀྱི་གླུ་འདི་མཆོད་པ་འབུལ། །ཁྱེད་འདིར་འདུས་ཀྱི་སྐལ་ལྡན་ཕོ་མོ་ལ། །ངེས་གསང་བདུད་རྩིའི་རོ་མཆོག་འདི། །དགའ་སྟོན་གྱི་ཚུལ་དུ་བྱིན་པ་ལགས། །བདག་ཕྱོགས་རིས་མེད་པའི་རྒྱལ་ཁམས་པ། །རོ་སྙོམས་ཀྱི་
༥༤༤
རྣལ་འབྱོར་གུ་ཡངས་བོར། །ཆོས་བརྒྱད་ཀྱི་དགྲ་མཁར་ཞིག་པ་ཞིག །གཉུག་མའི་གཏན་ས་ཟིན་པ་གཞིག །དངོས་ཀུན་གྱི་རང་ཞལ་ལྟ་བ་པོ། །ཆོས་ཐ་སྙད་ཚེག་ལ་མ་རྨོངས་ཀྱང་། །མཁས་འདོད་ཀྱི་བཟང་འཛིན་དབྱིངས་སུ་གྲོལ། །འཕྲལ་ལུས་སེམས་ཐ་མལ་དུ་སྣང་བ་ཙམ། །དྲིན་ཅན་གྱི་མཁན་པོས་གནང་བའི་མིང་། །ཀུན་དགའ་སྙིང་པོ་ཞེས་བྱ་ཡིན། །རང་སེམས་ཀྱི་རང་བཞིན་ངོ་སྤྲོད་པ། །མི་སངས་རྒྱས་སུ་གཏོང་བའི་བཀའ་དྲིན་ཅན། །ཕ་བླ་མས་བཀའ་དྲིན་སྩལསྩོལ་བ་ནི། །མིང་ཏཱ་ར་ནཱ་ཐ་ཞེས་བྱ་ཡིན། །དེང་སྙིང་གཏམ་གྱི་ཚུལ་དུ་སྨྲས་པ་ཡིན། །ཅེས་པའང་རང་ལོ་ཉེར་ལྔ་པ་ལ་རི་གོང་དཔལ་གྱི་མགོན་པོའ་གནས་རང་བྱུང་མགོན་པོའ་དྲུང་དུ་ཚོགས་ཀྱི་འཁོར་ལོའ་ཚེ་གླུར་བླངས་པ་། རྗེ་བཙུན་ཐམས་ཅད་མཁྱེན་པ་ཉིད་མཆོག་གི་གྲུབ་པ་མངོན་ཏུ་གྱུར་ནས་ཤུགས་འབྱུང་གི་སྤྱོད་པས་འགྲོ་བ་ཚད་མེད་པ་འདུལ་བའི་ཚེ་རྟགས་བདུན་བཀྲ་ཤིས་ཀྱི་རྡོ་རྗེའི་མགུར་དབྱངས་གསུངས་པ་ནི། །ན་མོ་གུ་རུ། བདེ་ཆེན་ཆོས་སྐུའི་རང་ཉམས་ལས། །ཕྱོགས་མེད་ཀྱི་ཐུགས་རྗེའི་འགྲོ་དོན་ཤར། །ཕ་རྡོ་རྗེ་འཆང་གི་ཞབས་ལ་འདུད། །བདག་འདིར་ཚོགས་ལ་བྱིན་གྱིས་བརླབ་ཏུ་གསོལ། །གཞན་དོན་ཕྱོགས་མེད་དུ་འཕེལ་བ་འདི། །སེམས་སྟོང་ཉིད་སྙིང་རྗེར་ཤར་བའི་རྟགས། །གནས་ལུགས་ཀྱི་རང་ངོ་འཕྲོད་པ་འདི། །མོས་གུས་ཚད་དུ་ཕྱིན་པའི་རྟགས། །ནམ་ཡང་ཡེངས་པ་མེད་པ་འདི། །རྩ་བྲལ་གྱི་གནས་ལུགས་རྟོགས་པའི་རྟགས། །རྣམ་རྟོག་གི་སྐྱེ་ཐག་ཆོད་པ་འདི། །རྟོག་མེད་ཀྱི་གནས་ལུགས་རྟོགས་པའི་རྟགས། །བདེ་སྟོང་གི་ཉམས་མྱོང་རྒྱུན་ཆད་མེད། །རྩ་ཐིག་རླུང་གསུམ་དུལ་བའི་རྟགས། །སྤྱོད་པ་གཟའ་གཏད་དང་བྲལ་བ་འདི། །ཆོས་བརྒྱད་ཀྱི་རླུང་དམར་ཞི་བའི་རྟགས། །ཐོབ་འདོད་ཀྱི་རེ་དོགས་ཞིག་པ་འདི། །རང་སེམས་སངས་རྒྱས་སུ་
༥༤༥
ངེས་པའི་རྟགས། །རྟགས་འདི་བདུན་ཚང་བའི་རྣལ་འབྱོར་པ། །སེམས་བདེ་ཞིང་སྐྱིད་པའི་རང་སོ་ཟིན། །བློ་མི་བདེ་མི་གདའ་བདེ་མོར་གདའ། །སླར་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་གསུངས་སོ། །གྲུབ་ཆེན་ཐང་སྟོང་རྒྱལ་པོའ་དབོན་ལོ་ཆེན་འགྱུར་མེད་བདེ་ཆེན་གྱི་གསུང་མགུར་ཆོས་དྲུག་གི་གསོལ་འདེབས་བདེ་ཆེན་ཆར་འབེབས་ཞེས་བྱ་བ། ན་མཿཤྲཱི་ཛྙཱ་ན་ཌཱ་ཀི་ནི་གུཔྡཱ་ཡཻ། །མཁའ་སྤྱོད་ཀྱི་གཙོ་མོ་ཐུགས་རྗེ་ཅན། །ཡེ་ཤེས་ཀྱི་གཙོ་མོ་ནི་གུ་མ། །བུ་གདུང་བས་གསོལ་བ་འདི་འདེབས་ན། །སྤྲོས་བྲལ་གྱི་དབྱིངས་ནས་དགོངས་སུ་གསོལ། །གསང་ཆེན་གྱི་དཀྱིལ་འཁོར་སྟོན་མཁས་མས། །དགའ་བཞི་ཡི་དབང་བསྐུར་ད་སྩོལ་ཅིག །སྐྱེ་མེད་ཀྱི་སྒོ་མོ་འབྱེད་མཁས་མས། །དག་བྱེད་ཀྱིས་སྡིག་སྒྲིབ་ད་སྦྱོངས་ཤིག །ཨ་ཤད་ཀྱི་གཏུམ་མོ་སྤྲོ་མཁས་མས། །སྙིགས་མ་ཡི་ཕུང་ཁམས་ད་སྲེགས་ཤིག །ཧཾ་ཡིག་གི་བདེ་ཆེན་འཇོ་མཁས་མས། །ལྷན་སྐྱེས་ཀྱི་ཡེ་ཤེས་ད་སྩོལ་ཅིག །སྒྱུ་མ་ཡི་རང་ཉམས་སྟོན་མཁས་མས། །ཆགས་སྡང་གི་བདེན་འཛིན་ད་ཤིགས་ཅིག །རྨི་ལམ་གྱི་དུས་ན་སྤྲུལ་བསྒྱུར་མས། །ཉིང་འཁྲུལ་གྱི་འཆིང་བ་ད་ཆོད་ཅིག །ལྷུན་གྲུབ་ཀྱི་འོད་་གསལ་འཆར་མཛད་མས། །གཏི་མུག་གི་མུན་པ་ད་སོལ་ཅིག །འདའ་ཀ་ཡི་དུས་སུ་ཡང་འདྲེན་མས། །མཁའ་སྤྱོད་ཀྱི་གནས་སུ་ད་ཁྲིད་ཅིག །བར་དོ་ཡི་འཁྲུལ་སྣང་འཇོམས་མཛད་མས། །གཞོམ་མེད་ཀྱི་ལོངས་སྐུ་ད་སྩོལ་ཅིག །ཅེས་ཆོས་སྨྲ་བ་འགྱུར་མེད་བདེ་ཆེན་གྱི་གསོལ་བ་བཏབ་པའོ། །རྡོ་རྗེ་བཙུན་མོས་རྗེས་སུ་བཟུང་བ་ཉམས་རྟོགས་མཁྱེན་རབ་ཀྱི་རྩ་ཁ་བྱེ་བ་ཞྭ་ལུ་པ་རིན་ཆེན་བློ་གསལ་བསྟན་སྐྱོང་གི་གསུང་མགུར་ཕྱག་རྒྱ་ཆེན་པོ་གྭའུ་མའི་དྲན་ཐོའ་ཉམས་གླུ་ཡིད་བཞིན་ནོར་བུ་ཞེས་བྱ་བ། །མ་མཁའ་འགྲོའི་གཙོ་མོ་
༥༤༦
ནི་གུ་མའི། །ཐུགས་བདུད་རྩིའི་ཡང་ཞུན་ཏཱ་ལའི་འདབ། །ཚིག་ཡི་གེར་བཏབ་ནས་གྭའུར་བཅུག །རྗེ་ཁྱུང་པོའ་མགུལ་ལ་མཛེས་སོ་སྐད། །མགོན་དེ་དང་དབྱེར་མེད་ཆོས་ཀྱི་རྗེ། །ཕ་མཐུ་སྟོབས་ཞབས་ཀྱི་བཀའ་དྲིན་ལས། །ཆོས་ཕྱག་རྒྱ་ཆེན་པོ་གྭའུ་མའི། །ཁྲིད་དམིགས་རིམ་ཐོབ་པའི་དྲན་ཐོ་བརྗོད། །ལམ་སྔོན་འགྲོ་རང་བབས་རྣམ་གསུམ་དང་། །དོན་དངོས་གཞི་སྐྱོན་ཚོགས་བཞི་ལས་གྲོལ། །མཐར་སྐུ་བཞིའི་རང་ཞལ་ལྷུན་གྲུབ་པ། །དེ་ལམ་བཟང་འདི་ཡི་ཁྱད་ཆོས་ཉིད། །ཨ་ཧོ། །མ་བཅོས་འཕྲོ་བཅད་དང་ཞེ་བཅང་སྒྲིམ་ཞིང་གློད། །མཐོ་དམན་ཉེ་རིང་དང་ཆོས་སྤྱོད་སྔགས་དང་སྒྲ། །སྤྱོད་ལམ་ངེས་མེད་ཞི་གནས་སེམས་འཛིན་ཡིན། །ངོ་བོ་སྐྱེ་འགགས་དང་ཡུལ་སྣང་རྣམ་རྟོག་འཚོལ། །དེ་གཉིས་ཡོད་མེད་ཀྱི་ཁྱད་ཚོལ་གཉིས་རེ་དྲུག །རང་བཞིན་ཆོས་དབྱིངས་སུ་སེམས་ཐག་བཅད་ད་བདུན། །ལྷག་མཐོང་ངོ་སྤྲད་དེ་ཙི་དྷའི་དཀྱིལ་དུ་ཞོག །རང་བབ་རྣམ་གསུམ་ལ་སྒོམ་ཚུལ་བཅོ་བརྒྱད་ཡོད། །ཀྱེ་ཧོ། །ཉེ་དྲགས་ནས་དེ་ཀོ་ངོ་མ་ཤེས། །ཟབ་དྲག་ནས་དེ་ཉིད་ངོས་མ་ཟིན། །སླ་དྲགས་ནས་དེ་ལ་ཡིད་མ་ཆེས། །བཟད་དྲག་ནས་དེ་བློར་མ་ཤོང་འདུག །ད་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སེམས་གསལ་སྟོང་ཟུང་འཇུག་སྦུབས་ནས་ཐོན། །དེ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །རང་རིག་སྟོང་སེམས་ཀྱི་རྩལ་དུ་རྫོགས། །མདངས་མོས་གུས་སྙིང་རྗེ་ཐབས་དང་གསུམ། །ཐབས་རླུང་དང་བསྐྱེད་རིམ་གྲུང་འཇུག་བསྲེ། །བོགས་རྒྱངས་ཀྱིས་ཐོན་པའི་ལག་ཆ་ཡིན། །གེགས་བྱུང་ན་སེལ་ཐབས་གཉིས་བོ་ཤོག །ཕ་བླ་མའི་མན་ངག་ཡིད་བཞིན་ནོར། །སེམས་བརྗེད་ངས་རྐུན་པོས་འཕྲོག་དོགས་ནས། །དཔལ་ཞྭ་ལུ་རི་ཕུག་ཡང་དབེན་དུ། །བན་བློ་གསལ་བསྟན་སྐྱོང་ཞེས་པས་སྨྲས། །ཕྱག་རྒྱ་ཆེན་པོ་གྭའུ་མའི་དྲན་ཐོའ་ཉམས་གླུའོ། ༈ །རྩོད་དུས་ཤིན་
༥༤༧
ཏུ་སྙིགས་མའི་སྐབས་སུ་ཨུ་དུམྦ་ར་ལྟར་དཀོན་ལ་དོན་ཆེ་བ་ངོ་མཚར་སྤྲུལ་པའི་སྐྱེས་མཆོག་བཀའ་བབས་བདུན་གྱི་མངའ་བདག་འགྲན་ཟླ་དང་བྲལ་བའི་རྣམ་པར་ཐར་པ་རྨད་དུ་བྱུང་བས་གངས་ཅན་གྱི་ཁོར་ཡུག་ན་ཡོངས་སུ་གྲགས་པའི་མཚན་འཇམ་དབྱངས་མཁྱེན་བརྩེའི་དབང་པོའ་དགོངས་ཀློང་ཡེ་ཤེས་ཀྱི་གཏེར་མཛོད་ནས་ཤུགས་འབྱུང་དུ་བརྡོལ་བའི་རྡོ་རྗེའི་གླུ་ཟབ་ཅིང་རྒྱ་ཆེ་བ་ལས་སྐབས་སུ་བབས་པ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའ་ནང་གི་རྣམ་པར་ཐར་པ་ལ་བསྔགས་པའི་རྡོ་རྗེའི་ཐོལ་གླུ་རིག་པ་འཛིན་པའི་མེ་ཏོག་ཅེས་བྱ་བ། ཨ་ཧོ། སྲིད་གསུམ་དུས་གཅིག་ཟ་བའི་ཙཎྜཱ་ལིར། །ཧཾ་ཡིག་བདུད་རྩིའི་བགོ་བཤར་སྦྱིན་པ་ཡིས། །འབར་འཛག་དབུ་མར་ཐིམ་པའི་ཡེ་ཤེས་སྐུ། །བདེ་སྟོང་གཏུམ་མོའ་ཕ་རོལ་ཕྱིན་ལ་འདུད། །དཀར་དམར་ཐིག་ལེའི་འབྲོས་འདེད་ལ་གོམས་པས། །འཕོ་མེད་དགའ་བས་ཚིམས་པའི་ཚུལ་ཁྲིམས་ཀྱིས། །ཉིང་འཁྲུལ་རང་སར་དག་པའི་ནཱ་དའི་གསུང་། །གསལ་སྟོང་རྨི་ལམ་ཕ་རོལ་ཕྱིན་ལ་འདུད། །རབ་ཞི་སྐྱེ་མེད་བདུད་རྩིའི་རླབས་འཐུངས་པས། །ཟབ་མོའ་དོན་ལ་བཟོད་པའི་པདྨོ་ནི། །ཟླ་བྲལ་མཚར་སྡུག་རྫོགས་པའི་རྡོ་རྗེའི་ཐུགས། །རིག་སྟོང་འོད་གསལ་ཕ་རོལ་ཕྱིན་ལ་འདུད། །ཆོས་ཀུན་བདེན་མེད་གོམས་པའི་བློ་གྲོས་དང་། །གཅིག་ཏུ་འཛའ་བའི་བརྩོན་འགྲུས་བརྩོམསབརྩམས་པ་ཡིས། །ཉེ་འཁོན་ལས་འདས་ལྷུན་གྲུབ་ཡོན་ཏན་དབྱིངས། །སྣང་སྟོང་སྒྱུ་ལུས་ཕ་རོལ་ཕྱིན་ལ་འདུད། །དོན་དམ་འགྲོ་འོང་སྲེད་ལེན་མ་མཆིས་ཀྱང་། །ཀུན་རྫོབ་སྲོག་རྩོལ་སྦྱོར་བའི་བསམ་གཏན་གྱིས། །འཕྱུགས་མེད་མཁའ་སྤྱོད་གྲུབ་པའི་ཕྲིན་ལས་ཅན། །ཚོར་སྟོང་འཕོ་བའི་ཕ་རོལ་ཕྱིན་ལ་འདུད། །བར་སྲིད་འཁྲུལ་པའིབའི་སྣང་ཆ་ཇི་སྙེད་ཀུན། །ལྷ་སྔགས་ཆོས་སྐུར་རྟོགས་པའི་ཤེས་རབ་ཀྱིས། །ཟུང་འཇུག་ལོངས་སྤྱོད་རྫོགས་སྐུར་ལྡང་ནུས་པའི། །མྱོང་སྟོང་བར་དོའ་ཕ་རོལ་ཕྱིན་ལ་འདུད། །མདོར་ན་ངེས་
༥༤༨
དོན་ཕ་རོལ་ཕྱིན་དྲུག་དང་། །དབྱེར་མེད་རྡོ་རྗེའི་ཆོས་དྲུག་ལ་གོམས་པས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མི་ཟད་པ། །རྟག་པ་དམ་པའི་ཕ་རོལ་ཕྱིན་ལ་འདུད། །དེ་ལྟར་གུས་པའི་ཉི་གཞོན་བཅུད་གཡོ་བས། །རིག་འཛིན་དགྱེས་པའི་ཚིག་སྦྱོར་ཨུཏྤ་ལ། །འཛུམ་བཅས་རོལ་འདིས་མགོན་པོ་ཁྱོད་ཉིད་དང་། །དབྱེར་མེད་གྲུབ་པའི་རྣམ་ཐར་འཛིན་པར་ཤོག །ཞེས་བསིལ་ལྗོང་གྲུབ་རིགས་རྒྱ་མཚོའ་ཁྱུ་མཆོག་པདྨའི་རྣམ་འཕྲུལ་ཐང་སྟོང་པའི་ནང་གི་རྣམ་པར་ཐར་པ་ལ་ཡེ་ཤེས་ཀྱི་ཌཱ་ཀྐི་ནི་གུ་མས་བཀྲལ་བའི་རྡོ་རྗེའི་ཆོས་དྲུག་གི་སྒོ་ནས་བསྔགས་པའི་སླུགླུ་དབྱངས་འདིའང་རྗེ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་གནས་ཤྲཱི་ཛ་ལ་སརྦ་ཏའི་ལྕགས་ཟམ་དང་ཉེ་བའི་གནས་ལོ་ཧའི་ཏའི་ཕུང་པོ་དལ་གྱིས་འབབས་པ་རྐང་འཐུང་གི་ལང་ཚོས་བཀྲ་བའི་གཟིངས་ཀྱི་འཁྲུལའཕྲུལ་འཁོར་ལ་བརྟེན་ནས་བརྒལ་བའི་ལམ་བར་ཁོ་ན་བྲིས་ཏེ་གསོལ་བ་བཏབ་པའོ། །ཟབ་དོན་བསྡུས་པའི་རྡོ་རྗེའི་ཐོལ་གླུ་ངེས་དོན་ཐེམ་སྐས་ཞེས་བྱ་བ། །ཨེ་མ་ཧོ། གཟུང་འཛིན་ལས་འདས་གདོད་མའི་དེ་བཞིན་ཉིད། །སྤྲོས་པ་ཀུན་བྲལ་འོད་གསལ་གཉུག་མའི་གཤིས། །འགྱུར་མེད་བདེ་བ་ཆེན་པོས་རབ་འཁྱུད་པའི། །རྣམ་པ་ཀུན་གྱི་མཆོག་ལྡན་སྙིང་གར་རོལ། །སྦས་དོན་གསང་བའི་དེ་ཉིད་སྟོན་པ་ཡི། །གྲུབ་པའི་རིག་འཛིན་རྣམས་ཀྱི་དགོངས་པའི་བཅུད། །རབ་མཐོང་མིན་ཀྱང་གང་ཤར་རྡོ་རྗེའི་གླུས། །ཟབ་མོ་དགའ་བའི་ཆུ་རྒྱུན་དེང་འདིར་འབེབས། །རྡོ་རྗེའི་ལུས་ཀྱི་གནས་ལུགས་ངེས་པའི་དོན། །ཀུན་ཏུ་རྟོགས་ནས་གནད་དུ་བསྣུན་པ་ཡིས། །བདེ་སྟོང་ཡེ་ཤེས་སྐྱེ་བར་རབ་གཟིགས་ནས། །ཐབས་ལམ་ཟབ་མོ་རྫོགས་པའི་རིམ་པ་བསྟན། །དེ་ལ་བཀོད་པ་རྩ་དང་གཡོ་བ་རླུང་། །ཐིག་ལེ་བྱང་ཆུབ་སེམས་མཆོག་རྣམ་པ་གསུམ། །ཆགས་གནས་འཇིགས་གསུམ་མཛད་པ་རྫོགས་པའི་གར། །རང་བཞིན་ཡེ་ཤེས་ཆེན་པོའ་རྟེན་དུ་གནས། །
༥༤༩
རྩ་གསུམ་འཁོར་ལོ་རྣམ་པ་བཞི་ལྡན་པའི། །མདུད་པ་ཀུན་ནི་ཐབས་ཤེས་མ་ནིང་གི །ཡི་གེ་གསུམ་དང་སྲོག་རྩོལ་མཉམ་པའི་རླུང་། །དེ་བཞིན་བདེ་སྟོང་འཁྲིལ་སྦྱོར་ཐིག་ལེ་སྟེ། །གསུམ་ཚན་རིམ་པས་བདེ་གསལ་མི་རྟོག་ཀྱི། །ཆོས་ཉིད་བསྐྱེད་དང་སྐུ་གསུམ་རྟེན་འབྲེལ་འགྲུབ། །རྡོ་རྗེའི་ཆོས་དང་ལྡན་པ་རྩ་ཡི་ལམ། །གཅུད་ཅིང་འཁྲུལའཕྲུལ་འཁོར་བྱ་བ་རྩ་ཡི་གནད། །སྲོག་རྩོལ་བུམ་པར་བསྐྱིལ་བ་རླུང་གི་ལམ། །སྦྱོར་བ་བཞི་ལྡན་རླུང་གི་གནད་མཆོག་ཡིན། །ཨ་ཧཾ་ཞུ་བདེའི་འབྲོས་འདེད་ཐིག་ལེའི་ལམ། །འཁོར་ལོ་བཞི་རུ་བཅིངས་པ་ཐིག་ལེའི་གནད། །སྣང་སྟོང་ལྷ་སྐུར་ལྟ་བ་སྒྱུ་ལུས་ལམ། །ཞེན་མེད་སྤྲུལ་པར་ལྡང་བ་སྒྱུ་ལུས་གནད། །ཉལ་ཁར་འདུན་པས་གཅུན་པ་རྨི་ལམ་ལམ། །ཉལ་སློང་སྐྱེ་མེད་ལ་གཞོལ་རྨི་ལམ་གནད། །སྣོད་བཅུད་དྭངས་མར་བསྡུ་པ་འོད་གསལ་ལམ། །རླུང་སེམས་མཉམ་པར་འཆིང་བ་འོད་གསལ་གནད། །ཆོས་ཉིད་རྣམ་གསུམ་དྲན་པ་བར་དོའ་ལམ། །རྟག་ཏུ་འཁྲུལ་པརབར་བལྟ་བ་བར་དོའ་གནད། །ཚངས་བུག་དྭངས་མ་འཕོ་བ་འཕོ་བའི་ལམ། །རླུང་སེམས་བསྡུ་ཞིང་བཀག་པ་འཕོ་བའི་གནད། །དེ་ལྟར་རྩ་བ་ཡན་ལག་རིམ་པ་ཡིས། །ཟབ་མོ་རྫོགས་པའི་དོན་རྣམས་བསྡུས་པ་སྟེ། །གཞན་དུ་རླུང་ལ་གནད་དུ་བསྣུན་པ་ཡིས། །གསལ་བའི་ཉམས་དང་ཐིག་ལེ་བདེ་བ་ཉིད། །འཐོབ་བྱེད་སོ་སོར་དབྱེ་བས་རབ་ཏུ་བསྟན། །མི་རྟོག་མཚན་མ་མེད་པའི་རྫོགས་རིམ་ནི། །གདོད་ནས་མ་སྐྱེས་མཁའ་འདྲའི་འོད་གསལ་དོན། །ཆོས་དང་གང་ཟག་བདག་གིས་མ་བཅིངས་པ། །སྟོང་པ་ཉིད་ཀྱི་མཆོག་ཏུ་རྣམ་པར་གནས། །དེ་ཕྱིར་ཕྱག་རྒྱ་ཆེན་པོ་བློ་ཡུལ་ལས། །འདས་པའི་ཡིད་ལ་མི་བྱེད་སྙིང་པོའ་དོན། །རབ་ཀྱི་དམ་པས་ངོ་སྤྲོད་དེ་མ་ཐག །གཅེར་མཐོང་སྐྱེས་ནས་རང་བཞིན་ངང་གིས་གྲོལ། །གཞན་དག་མྱོང་བ་གང་སྐྱེས་དེར་བསྟུན་ནས། །
༥༥༠
རླུང་སེམས་ཐིག་ལེའི་གནད་ཀྱིས་གཅུན་པ་ཡིས། །བརྟེན་པ་འོད་གསལ་བསམ་མི་ཁྱབ་པར་འཆར། །དེ་སྐད་དུ་ཡང་རྗེ་བཙུན་ཏེ་ལོ་པས། །བློ་དམན་སྐྱེ་བོ་དོན་ལ་མི་གནས་ན། །རླུང་གི་གནད་བཟུང་རིག་པ་གཅུད་ལ་བོར། །ལྟ་སྟངས་དང་ནི་སེམས་འཛིན་དུ་མ་ཡིས། །རེག་པ་ངང་ལ་མི་གནས་བར་དུ་གཅུན། །དཔེར་ནི་ནམ་མཁའི་དཀྱིལ་ན་བརྟག་བྱས་ནས། །མཐའ་དད་དབུས་སུ་འཛིན་པ་འགགས་བར་འགྱུར། །དེ་བཞིན་སེམས་ཀྱིས་སེམས་ལ་བརྟག་བྱས་ན། །རྣམ་རྟོག་ཚོགས་འགགས་ཐོག་མེད་གནས་འགྱུར་ནས། །བླ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཐོང་། །ཞེས་གསུངས་དེ་ཕྱིར་ཟབ་མོའ་གསང་ལམ་གྱི། །ཐབས་ལ་བརྟེན་ནས་གནད་ཀྱིས་གཅུན་པ་ཡིས། །བརྩོན་འགྲུས་དག་དང་དབང་པོའ་བགོ་སྐལ་ལས། །དུས་གསུམ་སྒྲོལ་བ་སྙིང་པོའ་དོན་མཆོག་གོ །རིག་འཛིན་ཌཱ་ཀྐིའི་ཞལ་ལུང་ངེས་པའི་དོན། །རང་གི་རྒྱུད་ལ་མྱོང་བ་མ་སྐྱེས་ཤིང་། །མོས་པས་སྤྱོད་པའི་གྲལ་མཐར་ལྷུང་གྱུར་ཕྱིར། །འདི་ལྟར་སྨྲ་བར་འོས་མིན་དེ་ལྟ་ནའང་། །གང་ཤར་རྡོ་རྗེའི་རོལ་མོར་འཁྲོལ་བ་ལ། །ཉེས་པའི་ཚོགས་ཀུན་རྩ་གསུམ་དཀྱིལ་འཁོར་ལ། །མི་འཆབ་མཐོལ་ཞིང་དགེ་ཚོགས་གང་མཆིས་དེས། །འགྲོ་ཀུན་ཕྱག་རྒྱ་ཆེ་ལ་གནས་པར་ཤོག །གྲགས་སྟོང་རྡོ་རྗེའི་ཐོལ་གླུ་སྒྱུ་མའི་མཆོད་སྤྲིན་ཞེས་བྱ་བ། །ཨ་ཧོ། ཚོགས་བརྒྱད་འཁྲུལ་པ་ཟད་པ་ཡི། །གཞི་གྲོལ་ཀ་དག་དཔལ་གྱི་རི། །འོད་གསལ་སྒྱུ་མར་རོལ་པའི་གར། །རིག་འཛིན་མཁའ་འགྲོའི་ཚོམ་བུར་འདུད། །ཡང་གྲགས་སྟོང་གླུ་ཡི་མཆོད་པ་ཡིས། །དཔའ་བོ་ཌཱ་ཀི་དགྱེས་ཕྱིར་ལེན། །རྩ་དག་པ་རབ་འབྱམས་ཀྱི་མགྲིན་པ་ནས། །སྣང་སྟོང་བསྐྱེད་རིམ་གྱི་གླུ་བླངས་པས། །ཀུན་བརྟག་འཁྲུལ་པའིབའི་ཕུང་ཁམས་ཚོགས། །གདན་གསུམ་ལྷ་ཡི་སྐུ་རུ་ཐིམ། །
༥༥༡
རླུང་དབུ་མར་རོལ་པའི་མགྲིན་པ་ནས། །གསལ་སྟོང་བཟླས་བརྗོད་ཀྱི་གླུ་བླངས་པས། །སྒྲ་ཚིག་རང་མཚན་ཞེན་པ་ཀུན། །ལུང་དང་རྟོགས་པའི་ངང་དུ་ཐིམ། །ཐིག་ལེ་བདེ་ཆེན་གྱི་མགྲིན་པ་ནས། །བདེ་སྟོང་དགའ་བཞི་ཡི་གླུ་བླངས་པས། །ཐ་མལ་ཉོན་མོངས་ཀྱི་འཆིང་བ་ཀུན། །ཟུང་འཇུག་འོད་གསལ་ངང་དུ་ཐིམ། །རང་རིག་བརྗོད་མེད་ཀྱི་མགྲིན་པ་ནས། །ངང་གཞག་ལྷུན་འབྱམས་ཀྱི་གླུ་བླངས་པས། །སྣ་ཚོགས་གཟུང་འཛིན་གྱི་རྟོག་པ་ཀུན། །ཤར་གྲོལ་དུས་མཉམ་གྱི་ངང་དུ་ཐིམ། །ཀ་ཏི་ཤེལ་སྤུག་གི་མགྲིན་པ་ནས། །འཇའ་ཟེར་ཐིག་ལེ་ཡི་གླུ་བླངས་པས། །ཕུང་ཁམས་གདོས་བཅས་ཀྱི་མཚན་མ་ཀུན། །ཆོས་ཟད་བློ་འདས་ཀྱི་ངང་དུ་ཐིམ། །སྒོ་གསུམ་ཆ་སྙོམས་ཀྱི་མགྲིན་པ་ནས། །བསྐྱེད་རྫོགས་རྫོགས་ཆེན་གྱི་གླུ་བླངས་པས། །འཁོར་འདས་གཉིས་འཛིན་གྱི་རྟོག་ཚོགས་ཀུན། །བྱར་མེད་འབྲས་བུའི་ཀློང་དུ་ཐིམ། །ཆོས་དྲེད་སྐལ་དམན་གྱི་མགྲིན་པ་ནས། །སྣ་ཚོགས་གྲགས་སྟོང་གི་གླུ་བླངས་པས། །བྱེད་སྙམ་བསྒྲུབ་འདོད་ཀྱི་དམ་ཆོས་ཀུན། །ལེ་ལོ་ཕྱི་བཤོལ་གྱི་ངང་དུ་ཐིམ། །དེ་ངེས་དོན་གླུ་ཡི་མཆོད་པ་ཡིན། །རང་རྒྱུད་ལ་སྐྱོ་བའི་གདུང་དབྱངས་ཡིན། །དགེ་བ་དེས་མ་རྟོགས་འགྲོ་བའི་ཁམས། །རང་རིག་གི་ངོ་བོར་ལྷུན་གྲུབ་ཤོག །ཅེས་གསུངས་སོ། ༈ །ཚད་མའི་སྐྱེས་བུ་རྣམས་ཀྱིས་རྒྱལ་བས་ལུང་བསྟན་པར་བསྔགས་པ་འཇམ་མགོན་རྡོ་རྗེ་འཆང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའ་གསུང་ཟབ་ལམ་ནི་གུ་ཆོས་དྲུག་སོགས་དཔལ་ལྡན་ཤངས་པའི་གསེར་ཆོས་ཀྱི་རྡོ་རྗེའི་གནས་ངེས་པའི་མགྲིན་གླུ་ཀ་ལ་པིངྐའི་སྒྲ་དབྱངས་ཞེས་བྱ་བ། །རྡོ་རྗེ་འཆང་ཆེན་ནས་བརྩམས་ཏེ་བརྒྱུད་པ་རིན་པོ་ཆེ་རྣམ་བདུན། །མི་མིན་མི་ཡི་ཚུལ་བཟུང་རྒྱུན་མཐའི་བྱང་སེམས་ཀྱི་གསེར་ཕྲེང་། །སངས་
༥༥༢
རྒྱས་རྗེན་པར་སྩོལ་བའི་དཔལ་ལྡན་ཙ་བ་ཡི་བླ་མ། །ཞབས་ཀྱི་པད་མོར་འདུད་དོ་ཉམས་རྟོགས་གོང་འཕེལ་དུ་མཛོད་ཅིག །ཨེ་མ་སྙིང་པོའ་ལམ་འདིར་ཁོ་བོ་སྐལ་པ་ནི་བཟང་ལྡན། །རྡོ་རྗེ་འཆང་གི་ཞལ་ལུང་ཡེ་ཤེས་ཌཱ་ཀི་ཡི་གསང་ཚིག །གྲུབ་ཐོབ་བརྒྱུད་པའི་ཉམས་མྱོང་རྩ་བའི་བླ་མ་ཡི་ཕ་ཕོགས། །སྙིང་གི་ནོར་བུར་བཅངས་པས་བློ་ཡི་གཏད་སོ་འདྲ་བདོག་གོ །གངས་ཅན་བོད་ཀྱི་ཡུལ་འདིར་ཆོས་རྒྱལ་ལོ་པཎ་གྱི་དྲིན་ལས། །མདོ་སྔགས་ཆོས་ཀྱི་རིན་ཆེན་ཀུན་ལ་ཐང་མ་རུ་བརྡལ་ཡང་། །གྲུབ་ཐོབ་བར་མ་ཆད་ཅིང་མྱོང་རྟགས་མངོན་སུམ་དུ་ཐོན་པ། །མཁས་གྲུབ་ཁྱུང་པོའ་གསེར་ཆོས་ཡིད་བཞིན་ནོར་བུ་ལས་ལྷག་གོ །མཐར་ཐུག་རྣམ་ལྔ་སྟོན་མཛད་སུ་ཁ་སིདྡྷི་དང་ནི་གུ། །གསང་བའི་ལམ་མཆོག་སྣང་བྱེད་ཡེ་ཤེས་དཀྱིལ་འཁོར་ནི་ལྔ་ལྡན། །བཤད་སྒྲུབ་བཀའ་སྲོལ་འཛིན་པ་སར་གནས་བྱང་སེམས་ཀྱི་གདུང་བརྒྱུད། །མ་བསྒྲུབས་བྱིན་རླབས་སྒོ་འཆར་བསྒྲུབ་ན་གྲུབ་པ་ལྟ་ཅི་སྨྲོས། །མཁའ་ལྡིང་ཁྱུང་ཆེན་ཞེས་པའི་མིང་གི་མངོན་བརྗོད་ཙམ་ཁོ་ནས། །བྱ་བྲན་གཞན་གྱི་གནས་ལུགས་ཇི་མི་སྙམ་པ་ཡི་སེམས་ཐོབ། །ཁྱུང་པོའ་གསེར་ཆོས་ཞེས་པའི་མཚན་གྱི་གཟི་བརྗིད་ཀྱི་ཟིལ་གྱིས། །རང་རྟོག་ཡི་གེ་རིས་ལ་གུས་པ་ལྷོང་པོ་རུ་བྱེད་དོ། །ཁ་ནག་ཡིག་ནག་སྤྲད་པའི་བསྙེན་སྒྲུབ་བཟླས་བརྗོད་ནི་བྱེ་བས། །ཆོས་འདི་ཡུད་ཙམ་བསྒོམ་པའི་ཉམས་མྱོང་རྟགས་ཚད་ལ་མི་ཉེ། །རྟོག་གའི་རིག་པའི་འཁོར་ལོ་ལོ་དང་ཟླ་བ་རུ་བསྐོར་ཡང་། །དོན་འདི་ཉམས་སུ་བླངས་པའི་ཤེས་རབ་ཆ་ཤས་སུ་མི་ཕྱིན། །དེང་གསང་དུས་ཀྱི་དབང་གིས་རྩེ་གཅིག་སྒོམ་དུས་མཁན་དཀོན་ཀྱང་། །ཡིད་གཉིས་ཐེ་ཚོམ་མེད་པའི་ཆོས་ལ་ངེས་ཤེས་ནི་ཆེན་པོས། །སྤང་བླང་རེས་འཇོག་མེད་པར་རྒྱུན་གྱི་ཉམས་ལེན་ཙམ་འབད་ན། །རིང་མིན་མཆོག་དངོས་གྲུབ་པ་ཡེ་ཤེས་
༥༥༣
མཁའ་འགྲོ་ཡི་ཐ་ཚིག །སྒྲུབ་ལ་སྙིང་རུས་ཆུང་བས་ཉམས་རྟོགས་རྩལ་ཁ་ནི་མ་རྫོགས། །ཅོལ་ཆུང་རྣམ་པར་གཡེང་བས་དྲོད་ཚད་མངོན་སུམ་འདྲ་དབེན་ཀྱང་། །དཀར་པོའ་ལས་ཀྱི་འཕྲོ་ཡིས་ཆོས་འདིར་ཡིད་ཆེས་ནི་གདེང་ཁེལ། །སྙིང་དང་སྲོག་ལྟར་གཅེས་པའི་མོས་པ་ལྷན་སྐྱེས་སུ་འདུག་གོ །གསེར་ཆོས་རིན་ཆེན་མཛོད་ལས་རྒྱུད་ཆེན་སྡེ་ལྔ་ཡི་ཡང་བཅུད། །མཚན་གྱི་གྲགས་པ་གསལ་ལྡན་རྩ་བ་ནི་གུ་ཡི་ཆོས་དྲུག །སྟན་ཐོག་གཅིག་གི་སྟེང་དུ་ཉམས་རྟོགས་མྱུ་གུ་ནི་འཁྲུངས་པ། །ཚེ་ལུས་གཅིག་གི་ཁོངས་སུ་མཆོག་གི་འབྲས་སྟེར་འདི་རྨད་དོ། །གདོད་ནས་སྐྱེ་མེད་ཡིག་འབྲུ་འཁོར་འདས་ཆོས་ཀུན་གྱི་སྒོ་མོ། །བདེ་ཆེན་འཁོར་ལོར་ཤར་བའི་དག་བྱེད་བདུད་རྩི་ཡི་ཁྲུས་ཀྱིས། །སྡིག་སྒྲིབ་ནད་གདོན་བཀྲུས་ལས་སྟོང་གསལ་རྗེན་པ་ཡི་ཉམས་ལྡན། །དག་བྱེད་སྟོང་རའི་ཐབས་འདི་གནད་དུ་ཕྱིན་པ་ཡི་སྔོན་འགྲོ། །ཚེ་གཅིག་སངས་རྒྱས་སྒྲུབ་ན་བདེ་སྟོང་ཟུང་འཇུག་ལས་གཞན་པའི། །ཐབས་ལམ་ཡོད་པ་མ་ཡིན་དེ་རྒྱུ་རང་ལུས་ནི་ཐབས་ལྡན། །རྩ་རྒོད་རླུང་རྒོད་འདུལ་ལ་གཏུམ་མོ་མེ་རྒོད་ཉིད་མྱུར་བས། །བདུན་ཕྲག་གསུམ་གྱི་ཞག་ནས་རས་སྐར་བླ་གོས་ཀྱིས་འཁྱོངས་སོ། །རྟེན་གཞི་རྡོ་རྗེའི་ལུས་ལ་རྩ་གསུམ་འཁོར་ལོ་བཞིའི་སྟོང་རར། །སྦྱོར་བ་བཞི་དང་ལྡན་པའི་བུམ་ཅན་ཚད་ལྡན་ཏུ་ཁེབས་པས། །ཨ་ཧཾ་འབར་འཛག་འཕྲུལ་ལས་སྐད་ཅིག་དགའ་བ་བཞིས་བརྒྱན་པ། །ཐབས་ལམ་བདེ་དྲོད་རང་འབར་འཕགས་བོད་གྲུབ་ཐོབ་ཀྱི་སྙིང་ནོར། །གཏུམ་མོ་ཟས་སུ་ཟོས་པས་བདེ་སྟོང་གཞོན་ཤ་ནི་ཆགས་ལ། །གཏུམ་མོ་གོས་སུ་གྱོན་པས་བདེ་དྲོད་བཟོད་མེད་དུ་འབར་བ། །གདན་བཏིང་རྟ་རུ་ཞོན་པས་བརྟན་ཅིང་གང་འདོད་དུ་ཕྱིན་པ། །ཐུན་མོང་ཙམ་དང་མི་མཉམ་བླ་མེད་རྒྱུད་རྒྱལ་གྱི་དགོངས་པ། །མོས་གུས་བླ་མའི་ལམ་ལས་ཅིར་སྣང་བདེན་མེད་དུ་ཤར་ཞིང་། །སྣང་སྟོང་
༥༥༤
ལྷ་སྐུ་རང་ཤར་ཅིར་སྣང་སྒྱུ་མ་རུ་མཐོང་བ། །སྒྱུ་ལུས་སྙིང་པོ་ཡིན་ཀྱང་ཉམས་འོག་ཆུད་པ་ནི་དཀོན་འདུག །བླ་མ་གྲུབ་པའི་དབང་པོས་ཐུགས་ཉམས་མཐིལ་ཕྱིན་ཏུ་མྱོང་སོང་། །སད་པའི་རྐྱེན་བཞི་བྲལ་བས་འགྲོ་དྲུག་སྒྱུ་མ་རུ་འཆར་བྱེད། །འདུན་པ་བརྒྱད་གསུམ་སྦྲགས་ཤིང་ནད་གདོན་སྒྱུ་མ་ལྟར་ཤེས་པས། །ཡོན་ཏན་ཚོགས་དྲུག་འཆར་ཞིང་ཨ་འཐས་སྦྲུལ་མདུད་ཉིད་བཀྲོལ་བ། །དང་པོའ་ལས་ཅན་རྣམས་ལ་སྙིང་གི་བདུད་རྩི་རུ་འདུག་གོ །ཉིང་འཁྲུལ་སྣང་བ་རང་ཟིན་དབང་བཞི་ཐིག་ལེ་ཡི་གདམས་ངག །མ་ཟིན་འཆུག་མེད་གནད་དགུས་འཁྲུལ་པ་ཐུག་ཕྲད་དུ་བཟུང་ནས། །སྦྱོང་སྤེལ་སྒྱུར་བའི་གནད་ཀྱིས་རང་རྩལ་ཕྱོགས་མེད་དུ་སྦྱངས་པས། །ཡུལ་སྣང་གཏན་ལ་ཕེབ་ཅིང་རྨི་ལམ་རྣམ་ཐར་ཡང་འབྱོངས་ཏེ། །རྩོལ་མེད་ལྷ་སྐུ་རང་ཤར་མཐར་ཐུག་འོད་གསལ་དུ་བསྟིམས་ལས། །ཉིང་འཁྲུལ་བཙན་ཐབས་གཅོད་པའི་གདམས་ངག་ཟབ་དགུ་ཡི་ཡང་རྩེ། །བླུན་པོ་བ་ལང་རྫི་ཡང་སངས་རྒྱས་ཉིན་རྒྱུགས་སུ་བཏང་འདིར། །བླ་མ་སངས་རྒྱས་དྲིན་ལས་འབྲེལ་པ་གཡར་ཁྲལ་ཙམ་བཞག་གོ །མི་རྟག་སྐྱོ་ཤས་སྤྱོད་ལམ་དམ་རྫས་ཐབས་ལམ་དང་གསོལ་འདེབས། །རྩ་བ་ཡལ་ག་ལོ་མ་མེ་ཏོག་འཁྲི་ཤིང་ནི་རྒྱས་ལས། །སྲབ་མཐུག་འོད་གསལ་འབྲས་བུ་བཟུང་ཞིང་སྐུ་གསུམ་དུ་ཁྱེར་སྟེ། །གསལ་སྟོང་མཉམ་གཞག་རྗེས་ཐོབ་ཉིན་མཚན་བདེ་སྟོང་དག་བསྲེས་པས། །གཏི་མུག་གཉིད་ཀྱི་མུན་ཁང་འོད་གསལ་སྒྲོན་མེ་ཡིས་བཅོམས་ཏེ། །རླུང་སེམས་འདུས་པའི་རྟེན་འབྲེལ་ཁྱད་པར་བླ་མ་ཡི་བྱིན་གྱིས། །བདེ་གསལ་སྟོང་པ་དབྱེར་མེད་ཟབ་ཞི་སྤྲོས་བྲལ་གྱི་འོད་གསལ། །ཁོར་མོ་ཡུག་གི་སྦུབས་སུ་གཉིས་སྣང་བར་ལག་འདྲ་འགྱེས་སོ། །ཆོས་སྐུ་དེ་བཞིན་ཉིད་དེ་ལོངས་སྐུ་ཟུང་འཇུག་གི་ཡི་དམ། །བྱིན་རླབས་བླ་མའི་སྟོབས་དང་འཆུག་མེད་མཁའ་སྤྱོད་ཀྱི་གོང་འཕོས། །དབང་པོའ་རིམ་དང་མཐུན་
༥༥༥
པར་འདའ་ཀའི་མཚམས་སྦྱོར་འདྲ་བགྱིད་པ། །ད་ལྟའི་སྔགས་སྤྱོད་ཀུན་གྱི་བསྐྱེད་རྫོགས་གྲུབ་མཐའ་ནི་འདིའོ། །འོད་གསལ་ཆོས་ཀྱི་སྐུ་དང་རྒྱལ་བ་ལོངས་སྤྱོད་ནི་རྫོགས་པ། །སྤྲུལ་སྐུ་འགགས་མེད་རང་ཤར་སྤྱི་གནད་འཆུག་མེད་དང་བཅས་པས། །བར་དོ་གསུམ་ལས་གྲོལ་བྱེད་དབང་པོའ་རིམ་པ་དང་མཐུན་པར། །དལ་དུས་གྲབས་སུ་བཙུད་པས་བྲེལ་དུས་སླེབ་པར་ནི་འགྱུར་རོ། །སྔོན་འགྲོ་རང་བབ་གསུམ་གྱིས་ཞི་ལྷག་ཏིང་འཛིན་ནི་བསྐྱེད་ནས། །དངོས་གཞི་ངོ་སྤྲོད་ཟབ་མོས་སྐྱོན་བཞི་རང་གྲོལ་དུ་བཏང་སྟེ། །རྗེས་ཤེས་གསལ་སྟོང་ཟུང་འཇུག་སྐུ་གསུམ་རང་ཤར་དུ་ཤེས་པ། །ཕྱག་རྒྱ་ཆེན་པོའ་ལམ་འདི་ཆོས་ཀྱི་སྡོང་པོ་ཉིད་ཡིན་ནོ། །ཡེ་ཤེས་ཌཱ་ཀི་རྣམ་གཉིས་མཻ་ཏྲི་གུཔྟ་པ་ཞལ་ལུང་། །བཟོ་མེད་རང་བབ་ངོ་བོ་གླང་ཆེན་ལྟ་སྟངས་དང་འགྲོགས་པས། །ངོས་བཟུང་ཀུན་དང་བྲལ་བའི་ཐ་མལ་ཤེས་པ་ནི་སོ་མ། །སྐུ་གསུམ་རྗེན་པར་འཆར་བས་སངས་རྒྱས་སྦར་བཅངས་སུ་རྙེད་དོ། །ཅིར་སྣང་བླ་མར་ཤེས་པའི་མོས་གུས་ཕྱོགས་མེད་ནི་དང་པོ། །སྣང་གྲགས་ལྷ་སྔགས་རང་བཞིན་དག་སྣང་ཕྱོགས་མེད་ནི་གཉིས་པ། །སྣང་སེམས་སྒྱུ་མ་རྨི་ལམ་བདེན་མེད་ལམ་ཁྱེར་ནི་གསུམ་པ། །ཡལ་གར་མཚན་ཏུ་གསོལ་ཡང་མདོ་སྔགས་ཆོས་ཀུན་གྱི་སྙིང་པོ། །ཟླ་བ་ལི་ཁྲིའི་མདངས་ཅན་རྡོ་རྗེ་རྣལ་འབྱོར་མའི་ཏིང་འཛིན། །ཁྱད་འཕགས་གསོལ་འདེབས་ཤུགས་ཀྱིས་སྙིང་རྗེའི་ཆུ་རྒྱུན་ནི་བསྐུལ་ཞིང་། །འཁོར་ལོ་བཞི་ཡི་མར་མེས་ཆགས་གྲོལ་བདེ་སྟོང་ལ་བསླབ་པས། །མཁའ་སྤྱོད་མེ་ཏོག་ཚལ་དུ་ལྷན་སྐྱེས་མཛེས་མ་ཡིས་བསུའོ། །རང་སེམས་སྐྱེ་བ་མེད་པས་འགགས་ཤིང་འཆི་བ་ཡང་མེད་ལ། །ལུས་ཉིད་བེམ་པོའ་རང་བཞིན་འཆི་བའི་གདགས་གཞི་ཙམ་མ་གྲུབ། །རླུང་སེམས་དབྱིངས་སུ་བསྡོམས་ཤིང་འཁྲུལའཕྲུལ་འཁོར་ཁ་ལོ་འདྲ་བསྒྱུར་བས། །འཛག་མེད་
༥༥༦
དགའ་བཞིའི་ཡོ་ལང་འབྲས་བུ་ཐང་བརྡལ་དུ་སྦྱར་ཆོག །བླ་མ་མགོན་པོ་དབྱེར་མེད་སྐུ་ལྡའིལྔའི་འཕྲུལ་ཆེན་ནི་བསྒྱུར་བས། །ལས་བཞི་མཆོག་གི་དངོས་གྲུབ་ལོ་ཟླའི་ཤས་ཙམ་གྱིས་སྟེར་བ། །ལྷག་པར་བར་དོའ་འཇིགས་སྐྱོབས་མྱུར་མཛད་སྤྱན་རས་ནི་གཟིགས་དབང་། །མོས་གུས་སྙིང་རྗེའི་ཕྱག་རྒྱས་གཏན་གྱི་སྙིང་ནོར་དུ་བཅངས་ཡོད། །སངས་རྒྱས་ཐུབ་པའི་བསྟན་པ་དྲང་ངེས་རང་ཐད་དུ་བདེན་ཅིང་། །གྲུབ་ཐོབ་བརྒྱུད་པའི་གདམས་ངག་ཆེ་བཤད་རང་ས་ན་ཡོད་ཀྱང་། གཞན་ལ་མཚན་ཙམ་དཀོན་པ་མཁས་གྲུབ་ཁྱུང་པོ་ཡི་གསེར་ཆོས། །བདུད་རྩིའི་བཅུད་ལ་འཐུང་ཚོ་ཆང་ལ་འགྲམ་ཆུ་འདྲ་མི་ལྡངས། །བྱེད་ལུགས་ཟོམ་ཟོམ་ངང་ལ་བསམ་ལུགས་དོན་ཐོག་ཏུ་བཅར་རོ། །སྣང་ལུགས་གླདལྷད་མེད་འདྲ་ལ་ཡིན་ལུགས་གཅིག་ཐོག་ཏུ་གྲིམས་པ། །ཟེར་ལུགས་བཅོས་མ་ཉིད་ལ་བྱུང་ལུགས་རང་བཞིན་གྱི་བབ་གཤིས། །བཏང་སྙོམས་སྡོད་པར་མ་ནུས་སྤྲང་པོ་བློ་གྲོས་ཀྱི་སུག་རྗེས། །སྐྱེ་དང་ཚེ་རབས་ཀུན་ཏུ་གསེར་ཆོས་ཡིད་བཞིན་གྱི་ནོར་བུ། །སྙིང་གི་དཔལ་བེར་བཅངས་ཏེ་ཟུང་འཇུག་རྡོ་རྗེ་ཡི་རྒྱལ་སར། །མཁའ་ཁྱབ་འགྲོ་བ་སྒྲོལ་བའི་སྐྱོབ་པ་གཉིས་མེད་ནི་གཟིགས་པ། །རྩ་བརྒྱུད་བླ་མའི་ཐུགས་རྗེས་མྱུར་དུ་འགྲུབ་པ་རུ་མཛོད་ཅིག །ཅེས་པའང་ཀུན་མཁྱེན་མ་ཧཱ་གུ་རུའི་དོན་ཆེན་རྡོ་རྗེའི་ལྗགས་བརྐྱངས་པས་མོས་པའི་མྱུ་གུ་བསྲོས་པ་ལས་སྨྲ་བའི་པདྨོ་དབང་མེད་དུ་ཁ་བྱེ་སྟེ་དབེན་པའི་སྐྱེད་ཚལ་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་གཡོན་མགུལ་དུ། པདྨའི་འབངས་སྤོང་བ་པའི་གཟུགས་བརྙན་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་ཟབ་དོན་བུང་བའི་མགྲིན་གླུ་ཅུང་ཟད་ཅིག་བླངས་པ་དགེ། ༈ དེ་ལྟར་མགུར་རྣམས་མོས་གུས་ཀྱི་ཤུགས་དང་ཉམས་རྟོགས་ཀྱི་རྩལ་བསྐྱེད་དེ་ལེགས་པར་བླངས་པའི་མཐར་ཚོགས་ཀྱི་ཡོ་བྱད་ཅི་ལྟར་འབྱོར་བ་བཤམས་ལ། །བྱིན་རླབས་
༥༥༧
ནས་ལྷག་མའི་བར་བདེ་མཆོག་ལྷ་ལྔའི་ཆོ་ག་ལྟ་བུ་བཏང་། །ཚོགས་མགྲོན་ལ་ནོངས་བཤགས་བཟོད་གསོལ་དང་རྟེན་ཡོད་ན་བརྟན་བཞུགས་བྱ། །བསྔོ་བ་ཁྱུང་པོས་མཛད་པའི་བཀའ་རྒྱ་མར་གྲགས་པ་ནི། །སྐུ་གསུམ་མཁྱེན་བཅུ་ཆོས་ཀྱི་རྗེ། །བླ་མ་རྣམས་དང་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ལ་སོགས་ཀུན། །བརྩེ་བས་བསྔོ་བའི་དབང་དུ་བཞུགས། །སྐྱེ་བ་འདི་དང་སྐྱེ་བ་གཞན། །བདག་གི་ལུས་ངག་ཡིད་གསུམ་གྱིས། །དཀར་པོའ་དགེ་བ་ཅི་བགྱིས་པ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཉོན་མོངས་ལམ་དུ་སློང་གྱུར་ཅིག །སྣང་བ་དབང་དུ་འདུས་གྱུར་ཅིག །སྐུ་གསུམ་རང་ལ་རྙེད་གྱུར་ཅིག །རང་དོན་ཆོས་སྐུ་འགྲུབ་གྱུར་ཅིག །གཞན་དོན་གཟུགས་སྐུ་རྣམ་གཉིས་ཀྱིས། །ཇི་སྲིད་འཁོར་བ་མ་སྟོངས་བར། །འགྲོ་དོན་ཕྲིན་ལས་རབ་རྒྱས་པའི། །གང་ལ་གང་འདུལ་དེར་སྟོན་ནས། །གཞན་དོན་རླབས་ཆེན་འགྲུབ་གྱུར་ཅིག །གདུལ་བྱ་དུས་ལ་ཐབས་གྱུར་ཅིག །རྟེན་འབྲེལ་ཐབས་ལ་མཁས་གྱུར་ཅིག །འབྲེལ་ཚད་དོན་དང་ལྡན་གྱུར་ཅིག །འཁོར་བའི་རྒྱ་མཚོ་སྟོངས་གྱུར་ཅིག །འོད་གསལ་ཆོས་སྐུ་ཐོབ་གྱུར་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བསྔོ་བར་མཛད་པ་ཇི་བཞིན་ཏུ། །བདག་གིས་བསྔོ་བ་འགྲུབ་གྱུར་ཅིག །ཇི་སྲིད་སངས་རྒྱས་མ་ཐོབ་བར། །རིགས་བཟང་ནད་མེད་དབང་པོ་གསལ། །ཁྲིམས་ལྡན་ཤེས་བཞིན་ཆོས་སྤྱོད་ཅིང་། །ཀུན་གྱིས་བཀུར་པར་བདག་གྱུར་ཅིག །རེ་འདོད་ཐམས་ཅད་བསྐང་བར་ཤོག །བྱང་ཆུབ་མངོན་དུ་མ་གྱུར་ཚེ། །ནད་དང་གདོན་དང་བགེགས་རྣམས་དང་། །མི་དང་གཅན་གཟན་སྲིན་པོ་དང་། །འབྱུང་བ་བཞི་ཡི་གནོད་པ་སོགས། །ཐམས་ཅད་ཞི་བ་ཉིད་གྱུར་ཅིག །ཚེ་དང་བསོད་ནམས་དར་བ་དང་། །དཔལ་དང་འབྱོར་པ་རྒྱས་གྱུར་ནས། །སྙན་གྲགས་ནམ་མཁའ་མཉམ་གྱུར་ཅིག །ལུས་
༥༥༨
ངག་ཡིད་ཀྱི་མཛད་སྤྱོད་ཀུན། །ཅི་བྱས་སེམས་ཅན་དོན་གྱུར་ནས། །འཁོར་བའི་རྒྱ་མཚོ་སྟོངས་པ་དང་། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་དང་བཀྲ་ཤིས་བཀའ་རྒྱ་མ་བརྗོད་ལ་ཕྱོགས་དུས་ཡུལ་ཁམས་ཐམས་ཅད་དགེ་ལེགས་དཔལ་གྱིས་ཁྱབ་པར་བྱའོ། །བཀའ་བརྒྱུད་རིན་པོ་ཆེའི་ཕྱག་སྲོལ་ལ་རྡོ་རྗེའི་མགུར་ལེན་པ་ཤིན་ཏུ་གལ་པོ་ཆེ་མཛད་ཅིང་དར་སྲོལ་ཆེ་ཡང་། །ཤངས་པ་བཀའ་བརྒྱུད་པའི་རིང་ལུགས་ཕྱོགས་འདིར་དར་སྲོལ་ཆུང་བས་གྲུབ་ཐོབ་བརྒྱུད་པ་རྣམས་ཀྱི་གསུང་མགུར་དཔེ་ཙམ་ཡང་ཉིན་མོའ་སྐར་མའི་རྗེས་སུ་སོང་བས། །རྣམ་ཐར་སོགས་ལས་འབྱུང་བ་གཙོ་བོར་བྱས། །བརྒྱུད་པ་ཕྱི་མ་ཅི་རིགས་པའི་གསུང་གིས་ཀྱང་ཁ་བསྐངས་ཏེ་བརྒྱུད་པ་འདིའི་ཟབ་ཆོས་ཀྱི་བདུད་རྩིའི་བཅུད་མཆོག་ཇི་སྙེད་སྔོན་དགེ་བའི་གསེར་སྣོད་དུ་འཁྱིལ་བ། །ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དུ་འདུ་བགྱིས་པ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་རིང་ལུགས་དྲི་མ་མེད་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། ༈ ཁྱབ་བདག་རྡོ་རྗེ་འཆང་དང་ཌཱ་ཀི་ནཱི། །གྲུབ་ཐོབ་བརྒྱུད་པ་རིམ་པར་བྱོན་རྣམས་ཀྱི། །རང་བྱུང་རང་ཤར་མི་ཤིགས་ནཱ་དའི་སྒྲ། །ཐོས་པ་དོན་ལྡན་བྱིན་རླབས་ཀུན་འབྱུང་ཕྱིར། །རིམ་གཉིས་ཏིང་འཛིན་ལ་གནས་རྣལ་འབྱོར་རམ། །དད་མོས་རྩེ་གཅིག་ལྡན་པའི་གང་ཟག་གིས། །རྡོ་རྗེའི་དོ་ཧ་དབྱངས་སུ་ལེན་པ་དེར། །བཀའ་བརྒྱུད་བླ་མའི་བྱིན་རླབས་སྤྲིན་ཕུང་འཁྲིགས། །ཡི་དམ་ལྷ་ཚོགས་དངོས་གྲུབ་ཆར་རྒྱུན་འབེབས། །མཁའ་འགྲོ་ཆོས་སྐྱོང་གེགས་སེལ་ཕྲིན་ལས་སྒྲུབ། །དཀར་ཕྱོགས་སྐྱོང་རྣམས་དགྱེས་ཤིང་གཟི་མདངས་སྐྱེད། །ནག་ཕྱོགས་དཔའ་ཞུམ་བྱང་སེམས་བདུད་རྩིས་བརླན། །ཉམས་ཀྱི་རྩལ་སྐྱེད་རྟོགས་པའི་བོགས་བཏོན་ཅིང་། །དད་ལྡན་རྣམས་ལ་ཐར་པའི་ས་བོན་བསྐྲུན། །དེ་ལྟར་
༥༥༩
དོན་ཆེན་འབྲས་བཟང་སྨིན་པའི་ཕྱིར། །ཚར་དུ་དངར་བའི་ནོར་བུའི་ཕྲེང་བ་རྣམས། །དད་བློ་གསེར་གྱི་སྐུད་པར་ལེགས་བརྒྱུས་པ། །གཅིག་ལས་དུ་མར་འཕེལ་བའི་སྦར་ཉིད་གང་། །བྱེད་པོ་རང་གི་ལྷག་བསམ་དག་པས་བསྐྲུན། །དགེ་བས་བདག་གཞན་འབྲེལ་ཐོགས་གཙོར་གྱུར་པའི། །ལུས་ཅན་ཀུན་གྱི་ཐོགས་མེད་སྒྲིབ་པ་བྲལ། །བྱང་ཆུབ་སེམས་མཆོག་རྣམ་གཉིས་རྩོལ་མེད་དུ། །རྒྱུད་ལ་སྐྱེས་ནས་གནས་ལུགས་མངོན་ཏུ་གྱུར། །གྲུབ་ཐོབ་བརྒྱུད་པའི་རྣམ་ཐར་ཡོངས་རྫོགས་ནས། །བདེ་ཅན་ཞིང་དུ་པདྨོར་བརྫུས་ཏེ་སྐྱེས། །འོད་དཔག་མེད་ལས་ལུང་བསྟན་མཆོག་ཐོབ་སྟེ། །ས་ལམ་མྱུར་བགྲོད་ཕྲིན་ལས་ཚད་མེད་པས། །མཁའ་མཉམ་འགྲོ་ཀུན་བྱང་ཆུབ་སར་འགོད་པ། །རྒྱལ་མཆོག་སྣང་མཐའ་ཡས་དང་མཚུངས་པར་ཤོག །ཐུགས་བསྐྱེད་རླབས་ཆེ་སྨོན་ལམ་མཐུ་བཙན་པའི། །བླ་མ་རྒྱལ་བ་སྲས་དང་བཅས་པ་ཡིས། །འདིར་བཏབ་སྨོན་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཅེས་སྤརཔར་བྱང་སྨོན་ཚིག་བཀྲ་ཤིས་པའི་རྟགས་ཀྱི་གྲངས་ལྡན་འདིའང་རྣམ་དཀར་བགྱི་བའི་བྱེད་པོ་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་བརྗོད་པ་དགེ་ལེགས་འཕེལ།། །།
Notes
Other Information
Information about Unicode Tibetan and the digitization of this text |
---|
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion. |