Tibetan:ཤངས་ལུགས་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་མཚམས་སྦྱོར་སྣང་བའི་གོ་འབྱེད་

From gDams Ngag mDzod
Jump to navigation Jump to search
Upload a file
DOWNLOAD ABOVE:
Click the picture above to view the original manuscript.
ཤངས་ལུགས་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་མཚམས་སྦྱོར་སྣང་བའི་གོ་འབྱེད་
shangs lugs rgyud sde lnga'i dkyil 'khor chen por dbang bskur ba'i mtshams sbyor snang ba'i go 'byed
Damngak Dzö Volume 11 (ད་) / Pages 213-241 / Folios 1a1 to 15a4

Tibetan Text

༢༡༣ ཤངས་ལུགས་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་མཚམས་སྦྱོར་སྣང་བའི་གོ་འབྱེད་ཅེས་བྱ་བ་བཞུགས་སོ།། །།
༢༡༤ ན་མོ་གུ་རུ་པཉྩ་ཏནྟྲ་སེ་ན་ཛྙཱ་ན་ན་ཐཱ་ཡེ། མཐར་ཐུག་སྟོན་པ་རྣམ་ལྔའི་དཀྱིལ་འཁོར་དང་། །མྱུར་མཛད་ཡེ་ཤེས་མགོན་པོའ་བྱིན་བརླབ་ཀྱིས། །གྲུབ་པ་གཉིས་སྩོལ་འདི་ཕྱིའི་བར་ཆད་སོལ། །ཟབ་གསང་བསྟན་པ་རྒྱས་པའི་དགེ་ལེགས་སྩོལ། །རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐའི་མཛད་པའི་སྒྲུབ་དཀྱིལ་ལ་ཁོ་བོས་གསལ་བྱེད་ཞབས་འདེགས་ཞུས་པ་ལ་བརྟེན་ནས་དབང་བསྐུར་བའི་ཚེ། ཐོག་མར་སྒྲུབ་དཀྱིལ་དེ་ཉིད་ལས་ཞིབ་པར་བརྟགས་ཏེ་བཤམ་བཀོད། འདོན་བགྲིགས། ལག་ལེན་སོགས་ཤིན་ཏུ་ངེས་པར་བྱ་བ་དེ་ལས་གསལ་བར་སྨོས་མ་དགོས། སྒྲུབ་གནས་རྙིང་དང་རས་བྲིས་ཀྱི་དཀྱིལ་འཁོར་སྐབས་ས་ཆོག་མི་དགོས། ཐོག་མར་བརྒྱུད་འདེབས་རྣམས་དང་། སྔོན་འགྲོ་ཕྱོགས་སྐྱོང་དང་། གནས་བདག་ཡུལ་བདག་གཏོར་མ་བཏང་། གནས་ཁང་མཆོད་རྫས་བྱིན་བརླབ། སྒྲུབ་ཐབས་ལྟར་སྐྱབས་འགྲོ་ནས་བརྩམས་ཏེ་བདག་བསྐྱེད། བཟླས་པ་ཉེར་བསྡུ། ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་རྫོགས་པར་བཏང་། དེ་ནས་སྟ་གོན་ལ་འཇུག་པས་ཆོ་ག་ཀྱང་། སྲུང་བའི་དོན་དུ་སྤྱི་དང་མཐུན་པར་ཕུར་གདབ་སྤྲོ་ན་ས་བཟུང་བའི་སྐབས་སུ་འབྱུང་བར་ལྟར། བདག་ཉིད་ཀྱི་ལུས་ཀྱི་དཀྱིལ་འཁོར་དང་སོགས་ནས་བགེགས་གཏོར་བཏང་། །
༢༡༥ ཧཱུྃ་དཀྱིལ་འཁོར་ཆེན་པོའ་སོགས་ཀྱི་བཀའ་བསྒོས་ལ། ཕུར་གདབ་རྫོགས་པར་བྱ། དེ་ནས་སའི་ལྷ་མོ་ལྷག་གནས། ལྷ་ལྷག་གནས། བུམ་པ་ལྷག་གནས་བཅས་གྲུབ་ནས་སློབ་མ་ལྷག་གནས་བྱ་སྟེ། སློབ་མ་རྣམས་སྒོ་དྲུང་དུ་འདུས་ཏེ་ལས་བུམ་ཆུས་ཁྲུས་བྱ། གྲལ་དུ་འཁོད་པ་ལ་མེ་ཏོག་བཀྲམ་བསྡུ་བྱས་ལ་སྟ་གོན་གྱི་ཆོས་བཅུ་བདུན་ལས། དང་པོ་ཐུན་མོང་གི་བསླབ་བྱ་བཤད་པ་ནི། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའ་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཀྱི་དབང་བསྐུར་པ་ཞུས་ཏེ་གྲོལ་བྱེད་རིམ་པ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་མཐར་ཕྱིན་པ་བགྱིའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་སྤྱོད་དང་ཀུན་སློང་རྣམ་པར་དག་པ་མདོ་རྒྱུད་རྣམས་ལས་ཇི་སྐད་གསུངས་པ་བཞིན་ལེགས་པར་གསལ་བཏབ་ནས་གསན་འཚལ། དེ་ཡང་འོ་སྐོལ་རྣམས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་རྙེད་པར་དཀའ་བ་ཐོབ་ཀྱང་འདུས་བྱས་ཐམས་ཅད་མི་རྟག་
༢༡༦ པའི་རང་བཞིན་ཡིན་པས་འཆི་བ་ནམ་འོང་ཆ་མེད། ཤི་བའི་འོག་ཏུ་རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང་བས་དགེ་སྡིག་གི་བླང་དོར་མ་ནོར་བ་ལ་འབད་རྩོལ་བྱ་དགོས། འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་ཤིང་ཐོག་མ་མེད་པ་ནས་འཁོར་བར་འཁྱམས། སླར་ཡང་མཐའ་མེད་པའི་འཁོར་བའི་སྡུག་བསྔལ་མྱོང་དགོས་ལ་ངེས་འབྱུང་གི་བློ་ཤུགས་དྲག་པོར་བསྐྱེད་ནས་ཐར་པའི་ལམ་ལ་འཇུག་དགོས། ཐར་པའི་ལམ་བཟང་པོ་ནི་ཕྱི་རོལ་མུ་སྟེགས་པ་སོགས་གྲུབ་མཐའ་ངན་པ་གཞན་ལ་མེད། ནང་པ་སངས་རྒྱས་ཁོ་ན་ལ་ཡོད་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་རྩ་བར་བཟུང་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འཇུག་དགོས། དེའང་བདག་ཅག་གི་སྟོན་པ་ཐུགས་རྗེ་དང་བཀའ་དྲིན་ཚད་མ་མཆིས་པ་མཉམ་མེད་ཤཱཀྱའི་དབང་པོ་འདི་ཉིད་ཀྱིས་ཐོག་མར་འདྲེན་པ་གཞན་གྱིས་སྤངས་པའི་རྩོད་ལྡན་སྙིགས་མའི་འགྲོ་བ་རྣམས་ལ་དགོངས་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའང་སངས་རྒྱས་གཞན་ལས་ཁྱད་པར་དུ་འཕགས་པར་མཛད། བར་དུ་བསྐལ་པབ་གྲངས་མེད་པ་གསུམ་དུ་ཚོགས་བསགས་བསམ་གྱིས་མི་ཁྱབ་པས་ས་བཅུ་དང་ལམ་ལྔ་མཐར་ཕྱིན་ནས་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་སུ་མ་ག་དྷ་རྡོ་རྗེ་གདན་དུ་མངོན་པར་རྫོགས་པ་སངས་རྒྱས་པའི་ཚུལ་བསྟན་ཏེ་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པར་བསྐོར་བ་རྣམས་ལ་ཉན་ཐོས་ཀྱི་ལུགས་སུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་གྲགས། དེ་དག་ཀྱང་གདུལ་བྱའི་དབང་པོ་དམན་འབྲིང་། མཆོག་གི་དབང་དུ་བྱས་ནས་སྡེ་སྣོད་གསུམ་དུ་བསྡུ། དེའང་ཐེག་པ་ཆེ་ཆུང་གཉིས་སུ་དབྱེ་བ་ལས་ཐེག་དམན་ལས་ཁྱད་པར་དུ་མས་འཕགས་
༢༡༧ པ་ཐེག་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་ཐེག་པས་ཁྱད་པར་དུ་བྱས་པ་ཡིན། དེ་ལའང་རྒྱུ་ལམ་དུ་བྱས་པ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་ལམ་དུ་བྱས་པ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་སུ་དབྱེ་བ་ལས། གསང་སྔགས་རྡོ་རྗེ་ཐེག་པ་ནི་སངས་རྒྱས་འདི་ཉིད་ཀྱི་ཐུགས་བསྐྱེད་ཀྱི་སྟོབས་ཀྱིས་བསྟན་པ་འདི་ཁོ་ན་ལ་བྱོན་པ་ལས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མ་གསུངས། མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་པར་མི་འགྱུར་བས་ཨུ་དུམ་ཝཱ་ར་ལྟར་དཀོན་ཅིང་གྲོལ་བ་བཞི་དང་ལྡན་པས་གསང་སྔགས་ཀྱི་སྒོར་ཞུགས་པ་ནི་ཤིན་ཏུ་སྐལ་པབ་བཟང་པོ་དང་ལྡན་པ་ཡིན། གསང་སྔགས་ཉིད་སྡེ་སྣོད་གསུམ་པོ་སྤྱི་ཁྱབ་ཡིན་པར་བཞེད་པ་དང་། ཁྱད་པར་ཅན་དུ་བྱས་པ་སོགས་མཆིས་ཀྱང་དཔུང་བཟང་གིས་ཞུས་པ་ལས། །ལྷ་དང་ལྷ་མིན་མི་ལ་ཕན་གདགས་ཕྱིར། །གསང་སྔགས་རིགས་སྔགས་རྣམ་པར་སྣ་ཚོགས་དང་། །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་བཤད་པར་རྒྱལ་བས་གསུངས། ཞེས་དང་། སློབ་དཔོན་སངས་རྒྱས་གསང་བས། །སངས་རྒྱས་མཆོག་གིས་ཆོས་གསུངས་པ། །མདོ་སྡེ་འདུལ་བ་མངོན་པ་དང་། །རིག་པ་འཛིན་པའི་སྡེ་བཞིར་གནས། །ཞེས་གསུངས་ཤིང་སློབ་དཔོན་གཞན་གྱིས་ཀྱང་དེ་ལྟར་བསྟན་པ་མང་བས་རིག་པ་འཛིན་པའི་སྡེ་སྣོད་ཅེས་ཁྱད་པར་དུ་འཕགས་པའི་སྡེ་སྣོད་བཞི་པར་བཞག་པ་ལ་ནང་གསེས་ཀྱི་དབྱེ་བ་གཉིས་ནས་བདུན་གྱི་བར་དུ་བཞག་པ་སོགས་རྣམ་གྲངས་མང་ཡང་སྦྱོང་གཞི་དུས་བཞི། མི་རིགས་བཞི། འདོད་ཆགས་བཞི། དབང་པོ་བཞི་སོགས་བཞི་ཚན་རྣམས་ལ་དགོངས་ནས་རྒྱུད་སྡེ་བཞིར་དབྱེ་བ་ནི་གྲགས་ཆེ་སྟེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད།
༢༡༨ བྱ་མིན་རྣལ་འབྱོར་དེ་ལྟ་ག་ལའོ། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟ་ག་ལའོ། །ཞེས་སོགས་རྒྱུད་སྡེ་གཞན་ལའང་རྒྱ་ཆེར་འབྱུང་བ་ལྟར་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་རིམ་པར་བཞུགས་པ་རྣམས་ཀྱི་མཆོག་ཏུ་གྱུར་པབ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལ་ཐབས་གཙོ་བོར་སྟོན་པ་ཕའི་རྒྱུད་དང་ཤེས་རབ་གཙོ་བོར་སྟོན་པ་མའི་རྒྱུད་གཉིས་སུ་དབྱེ་བ་ལས་འདིར་སྐབས་སུ་བབ་པ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཆེན་པོ་འདི་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དེ་ཉིད་དགུང་གྲངས་ལྔ་བཅུ་པར་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཏེ་རྡོ་རྗེ་འཆང་དངོས་ཀྱིས་རྗེས་སུ་བཟུང་བའི་ཡེ་ཤེས་ཀྱི་མཁའ་འགྲོ་རྣམ་པ་གཉིས་དང་མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཞབས་པད་བསྟེན་ཏེ་རིག་པའི་གནས་དང་མདོ་རྒྱུད་མན་ངག་ཀུན་ལ་མཁས་པར་སྦྱངས་པས་བཤད་པ་དང་རྩོད་པ་དང་སྒྲུབ་པའི་ལམ་རིམ་གྱི་བཀའ་བབས། གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཁྱད་པར་གཏུམ་མོ་སྟོན་པའི་མཐར་ཐུག །དགྱེས་རྡོར་མཚོན་ཆ་དང་ཐོད་པ་ཅན་ལྷ་དགུའི་བསྐོར་བ་གྲུབ་ཆེན་ཌོམྦི་པ་དང་མཚོ་སྐྱེས་ཞབས་ཀྱི་ལུགས། ལས་རྒྱ་སྟོན་པའི་མཐར་ཐུག་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་པ་ལཱུ་ཧི་པའི་ལུགས། སྒྱུ་མ་རྨི་ལམ་སྟོན་པའི་མཐར་ཐུག་མ་ཧཱ་མ་ཡ་ལྷ་ལྔ་པ་ཀུ་ཀུ་རི་པའི་ལུགས། འོད་གསལ་སྟོན་པའི་མཐར་ཐུག་གསང་འདུས་མི་བསྐྱོད་རྡོ་རྗེ་ལྷ་སོ་གསུམ་པ་འཕགས་པ་ཡབ་སྲས་ཀྱི་ལུགས། མངོན་སྤྱོད་སྟོན་པའི་མཐར་ཐུག་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལྷ་བཅུ་གསུམ་པ་ལ་ལི་ཏ་བཛྲའི་ལུགས་རྣམས་བརྒྱུད་པ་སོ་སོ་ལས་གསན་མོད་ཀྱི་འདིར་དེ་རྣམས་གཅིག་ཏུ་དྲིལ་བའི་བློས་བཏགས་ཀྱིས་དཀྱིལ་འཁོར་གཅིག་ཏུ་མཛད་པ་མ་ཡིན་ཏེ། བཅོམ་ལྡན་
༢༡༩ འདས་ཐུབ་པའི་དབང་པོས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་དུས་འཁོར་རྩ་བའི་རྒྱུད་གསུང་པའི་སྐབས་བདེ་དགྱེས་སོགས་ཀྱི་རྩ་བའི་རྒྱུད་སྡེ་ཐམས་ཅད་སླར་ཡང་བསྟན་པ་དང་། རྒྱུད་སྡེ་གཞན་ཡང་མང་དུ་གསུངས་པའི་ནང་མཚན་རིན་ཆེན་རྒྱ་མཚོ་ཞེས་བྱ་བའི་རྒྱུད་སྡེ་ཆེན་པོ་ལས་རྒྱུད་སྡེ་ལྔ་པོ་འདི་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་ཚུལ་གསལ་བར་བསྟན་པའི་རྒྱུད་དེ་ཉིད་ཁྱབ་བདག་རྡོ་རྗེ་འཆང་། རྡོ་རྗེ་སྙིང་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨིནྡྲ་བྷུ་ཏི། ལྷ་ལྕམ་དཔལ་མོ། །ས་མནྟ་བཛྲ་ཛ་ཡ་དེ་བ་ལས་རྡོ་རྗེ་ག་ན་པ་བར་པ། པུཎྱ་ཀ་རས་གསན་པ་ནི་རིང་བརྒྱུད་དང་། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། ཤ་བ་རི་པ། མངའ་བདག་མཻ་ཏྲི་པ། དྷ་བྱང་ཆུབ་སེམས་དཔའ་ལས་རྡོ་རྗེ་གདན་པ་བར་པས་གསན་པ་ནི་ཉེ་རྒྱུད་དང་། རྡོ་རྗེ་འཆང་། གྲུབ་པའི་དཔའ་བོ། རཏྣ་ཀ་ར། ཨཱ་བཛྲ། གྲུབ་ཆེན་རཱ་ཧུ་ལས་གསན་པ་ནི་ཤིན་ཏུ་ཉེ་བརྒྱུད་དེ། མཁས་གྲུབ་དེ་གཉིས་ལས་ཁྱུང་པོ་རྣལ་འབྱོར་གྱིས་སྨིན་གྲོལ་རྫོགས་པར་གསན། རྒྱུད་ཆེན་འདི་འཕགས་ཡུལ་གྱི་མཁས་གྲུབ་གཞན་ལ་མ་གྲགས་ཤིང་བོད་དུའང་མ་འགྱུར། འདི་རིགས་གཞན་དུའང་མང་བར་ཡོད་པར་སྣང་བས་བོད་དུ་འགྱུར་བའི་གསུང་རབ་ཉུང་ཤས་ལ་བརྟེན་ནས་མདོ་རྒྱུད་ཀྱི་རིགས་དག་མ་དག་གི་ཁ་ཚོན་བཅད་པ་ནི་ནམ་མཁའ་འདོམས་འཇལ་བའི་དཔེར་སྣང་ངོ་། །མཁས་གྲུབ་ཁྱུང་པོས་རྨོག་ལྕོག་པ་ལ་གནང་སྟེ་དབོན་སྟོན་སྐྱེར་སྒང་པ་སོགས་ནས་རིམ་པར་བརྒྱུད་ད་ལྟའི་བར་དུ་བརྒྱུད་པ་ཟམ་མ་ཆད་པར་བྱོན་པའི་དཀྱིལ་འཁོར་ཆེན་པོ་འདིའི་དབང་བསྐུར་བ་བསྒྲུབ་པར་བགྱི་བ་ལ་སློབ་མ་ལྷག་པར་གནས་པ་དང་དབང་བསྐུར་དངོས་གཞི་
༢༢༠ གཉིས་སུ་ཡོད་པ་ལས་དེ་རིང་གི་སྐབས་སུ་སྟ་གོན་གྱི་ཆོས་རྣམས་སྒྲུབ་པར་བགྱི་བ་ཡིན། །དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལྷག་གནས་ཀྱི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །དེ་ནས་དཀྱིལ་ཆོག་ལྟར། སྡོམ་པ་གསུམ་ལ་གནས་པར་བྱ། སོགས་ནས། དེ་རྣམས་ཀྱི་བསམ་པ་རྣམ་དག་བསྐྱེད་དགོས་སོ། །ཞེས་གདམས། གཉིས་པ་སྤྲོ་བར་བསྐྱེད་པ་ནི། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། སོགས་ནས། འདི་འབྲས་འགྲུབ། ཅེས་གསུངས་ཏེ། སྔགས་ཀྱི་དངོས་གྲུབ་རྡོ་རྗེ་འཛིན་པའི་ཡེ་ཤེས་དོན་དུ་གཉེར་བ་དག་དཀྱིལ་འཁོར་ཆེན་པོར་གཞུག་པར་བྱའི། ཚེ་འདིའི་བདེ་སྐྱིད་དང་ཕྱི་མ་ལྷ་མིའི་གོ་འཕང་དང་། རང་དོན་དུ་ཉན་རང་གི་བྱང་ཆུབ་འདོད་པ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་དཀྱིལ་འཁོར་དུ་འཇུག་པ་ལ་མ་ལྟོས་པར་ཐབས་དམན་པ་གཞན་ལ་བརྟེན་ནས་བསྒྲུབ་ཏུ་ཡོད་པའི་ཕྱིར་རོ། །དེ་བས་ན་བདག་གཞན་ཐམས་ཅད་སྲིད་ཞིའི་ཕ་རོལ་ཏུ་སོན་པའི་མི་གནས་པའི་མྱ་ངན་ལས་འདས་པ་དོན་དུ་གཉེར་བའི་དད་པ་ཅན་བློ་གྲོས་དང་ལྡན་པ་དག་དཀྱིལ་འཁོར་ཆེན་པོར་གཞུག་པར་བྱ་སྟེ། ཚེ་འདིའི་བདེ་འབྲས་དོན་དུ་གཉེར་བས་ཞུགས་ན་ཕ་རོལ་གྱི་དོན་མི་འགྲུབ་ཅིང་། གཞན་དོན་དུ་མི་གནས་པའི་མྱ་ངན་ལས་འདས་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་དམིགས་ཏེ་ཞུགས་ན་རང་གཞན་གཉིས་ཀའི་དོན་བདེ་བླག་ཏུ་འགྲུབ་པར་ཡིན། ཞེས་གསུངས་པས་དོན་ཐུགས་ལ་ངེས་པར་ཞུ། གསུམ་པ་གསོལ་བ་བཏབ་པ་ནི། སྙིམས་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས་ལན་གསུམ་མཛོད། དགའ་ཆེན་ཁྱོད་བདག་སྟོན་
༢༢༡ པ་སྟེ། སོགས་གསུམ། །བཞི་པ་སྤྲོ་བ་བསྐྱེད་པ་ནི། ཁྱེད་རྣམས་ཁྱད་པར་ཅན་གྱི་ལམ་ཟབ་མོ་རྡོ་རྗེ་ཐེག་པ་ལ་དོན་གཉེར་གྱི་བློ་སྐྱེས་པ་དེ་ཤིན་ཏུ་ལེགས་པ་ཡིན་ནོ། །ཞེས་ཤེས་པའི་ཆེད་དུ་སྤྲོ་བ་བསྐྱེད་པ་འདི་ལ་གསན་པས་ཁྱབ་པར་གདའ། བུ་ཚུར་ཐེག་པ་ནས། བློ་གྲོས་འདི་གྱིས་ཤིག །ཅེས་དང་། ལྔ་པ་རྟོག་པ་བསྡུ་བ་ནི། རྟོག་པ་ཐམས་ཅད། ནས། བྱིན་མི་རློབས། ཅེས་གསུངས་པས་དབང་གི་ཚིག་རྣ་བ་གཏད་དེ་མི་ཉན་པ་དང་། དོན་ཇི་བཞིན་ཏུ་འཛིན་པར་མི་བྱེད་པ་རྣམས་སྣོད་མིན་སྤང་བྱར་གསུངས་ཤིང་དེ་ལྟ་བུ་ལ་དབང་རྫོགས་པར་བསྐུར་ཡང་དབང་དོན་གྱི་ཡེ་ཤེས་ཇི་བཞིན་སྐྱེ་བར་མི་འགྱུར་བས་རྩེ་གཅིག་ཏུ་དད་པས་ཉན་ཅིང་ནན་ཏན་དུ་འཛིན་པར་དགོས་སོ། །དྲུག་པ་སྡོམ་གསུམ་བསྟན་པ་ནི། དཀོན་མཆོག་ཀུན་འདུས་ཀྱི་བདག་ཉིད་སློབ་དཔོན་གཙོ་བོར་བཞུགས་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བ་དང་། སོ་སོར་ཐར་པའི་འདུལ་བ། བྱང་ཆུབ་སེམས་དཔའི་བསླབ་བྱ། རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས་ཚུལ་བཞིན་ཏུ་སྲུང་ཞིང་གཞན་ལ་ཕན་པར་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། བཅོམ་ལྡན་དཀྱིལ་འཁོར་དེས་གསུངས་ཆོས། སོགས་ནས། སྟོན་པར་བགྱི། ཞེས་ལན་གསུམ། བདུན་པ་ཡན་ལག་བདུན་པ་བྱ་བ་ནི། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ལ་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབས་པ་ལྟ་བུས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་
༢༢༢ བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་ཤིང་། འཁོར་འདས་ཀུན་གྱི་དགེ་བ་ལ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་ཞིང་ལུས་འབུལ་བ་བཅས་ཡན་ལག་བདུན་པ་ཚུལ་བཞིན་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བདག་གིས་སྡིག་པ་བགྱིས་པ་དང་། སོགས་སྒྲུབ་ཐབས་དབུ་ནས་འབྱུང་བ་ལྟར་ལ། ཁྱོད་ཀྱི་སྐུ་གསུམ་འགྲུབ་པར་ཤོག །བར་ལན་གསུམ། བརྒྱད་པ་དྲིས་ལན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོགས་ནས་ཁྱོད་འདོད་དམ། ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། དེ་བཞིན་གཤེགས་པ་སོགས་ནས། བདག་ཉིད་ཆེན་པོ་བདག་འཚལ་ལོ། །ཞེས་ལན་བཏབ། དགུ་པ་སྡོམ་པ་བསྒྲགས་པ་ནི། རྡོ་རྗེ་ཐེག་པའི་རྩ་བ་དམ་ཚིག་དང་། སྡོམ་པ་ལ་རག་ལས་པས་ཤིན་ཏུ་གལ་ཆེ་བས་སྲུང་སྡོམ་བྱ་དགོས་པ་ནི་འདི་དག་ཡིན་ནོ་ཞེས་བསྒྲགས་པ་འདི་ལ་གསན་འཚལ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། སོགས་ནས། ཡང་དག་བཤད། བར་ལན་གསུམ། བཅུ་པ་སྡོམ་པ་བཟུང་བ་ནི། ཇི་སྐད་གསུངས་པའི་དམ་ཚིག་དང་སྡོམ་པ་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། སློབ་དཔོན་འདིར་ནི་སོགས་དང་། ཇི་ལྟར་དུས་གསུམ་མགོན་པོ་སོགས་སྒྲུབ་ཐབས་ནས་འབྱུང་བ་ལྟར་ལན་གསུམ་རྗེས་ཟློས་བྱ། བཅུ་གཅིག་པ་གནས་གསུམ་བྱིན་རླབས་ནི། སློབ་མ་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་གྱུར་པའིབའི་དཔྲལ་བར་ཟླ་བ་ལ་ༀ་ལས་འཁོར་ལོ་
༢༢༣ ༀ་གྱིས་མཚན་པ་ལས་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། མགྲིན་པ་སྣ་ཚོགས་པདྨ་ལ་ཨཱ་ལས་པདྨ་དམར་པོ་ཨཱཿས་མཚན་པ་ལས་གསུང་རྡོ་རྗེ་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་ལས་རྡོ་རྗེར་ཧཱུྃ་གིས་མཚན་པ་ལས་ཐུགས་རྡོ་རྗེ་སྐུ་མདོག་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྣམས་སུ་གྱུར། སློབ་མའི་གནས་གསུམ་དུ་བདུད་རྩི་ལྔ་དང་དྲི་བཟང་སྦྱར་བའི་ཐིག་ལེ་བྱ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས་སློབ་མའི་གནས་གསུམ་དུ་ཐིམ་པར་གྱུར། ཉེར་སྤྱོད་ལྔ། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། དེ་ལྟར་བྱས་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གདོད་མ་ནས་རྡོ་རྗེ་གསུམ་གྱི་ངོ་བོར་གནས་པ་དེ་ཆོ་ག་འདིས་ངོ་འཕྲོད་ཅིང་དེ་གསལ་བར་བྱས་པ་ཡིན། དེ་ལྟར་སེམས་བསྐྱེད་ཅིང་སྒོ་གསུམ་ལྷར་བྱས་མ་ཐག་པ་དེ་མཆོད་ཡུལ་དུ་བཟུང་བ་ཡིན། མེ་ཏོག་དབུ་ལ་ཕུལ་ནས་མཆོད་པར་མོས་པ་མཛོད། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། བདུག་སྤོས་ཤངས་ལ དྷུ་པེ མར་མེ་སྤྱན་ལམ་དུ ཨཱ་ལོ་ཀེ དྲིའི་བྱུགས་པ་ཐུགས་ཀར གནྡྷེ ཞལ་ཟས་ལྗགས་ལ ནཻ་ཝི་དྱ་ཨཱཿཧཱུྃ། ཞེས་པས་མཆོད་པ་ནི་ལུས་ངག་ཡིད་གསུམ་ལྷར་ཤེས་པའི་སྒོ་ནས་འདོད་ཡོན་ལ་མ་ཆགས་པར་ལོངས་སྤྱོད་ཅིག་ཅེས་པའི་དོན་ཡིན་ནོ། །དུས་འདི་ནས་ནི་བཟུང་ནས་སུ། །འཁོར་བའི་ཉེས་པས་མ་གོས་པར། །མཆོད་པ་ཀུན་དང་ལྡན་པ་ཡི། །དུས་ཀུན་ཏུ་ནི་དགེ་བར་མནོས། ཞེས་བརྗོད། ཁྱེད་རང་རྣམས་ཀྱིས་རང་གི་གནས་གསུམ་གྱི་རྡོ་རྗེ་གསུམ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་
༢༢༤ མཛོད། ༀ་སྐུ་ཡི་རྡོ་རྗེ་སྐུ་ཡི་མཆོག །ཡེ་ཤེས་དང་ལྡན་གཏི་མུག་སེལ། །བཅོམ་ལྡན་གཙོ་བོ་སྐུ་རྡོ་རྗེ། །སྐུ་ཡི་རྡོ་རྗེར་ཕྱག་འཚལ་ལོ། །ཞེས་གསོལ་བ་བཏབ་པས། །སྐུ་རྡོ་རྗེ་སློབ་མའི་ལུས་ལ་ཐིམ་པས། །ལུས་སྐུ་རྡོ་རྗེའི་ངོ་བོར་མོས་ལ། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་འཛིན་དུ་གཞུག །དེ་བཞིན་དུ། གསུང་གི་རྡོ་རྗེ་གསུང་གི་མཆོག །སོ་སོར་རྟོག་པས་འདོད་ཆགས་འཇོམས། །བཅོམ་ལྡན་གཙོ་བོ་གསུང་རྡོ་རྗེ། །གསུང་གི་རྡོ་རྗེར་ཕྱག་འཚལ་ལོ། །ཞེས་གསོལ་བ་བཏབ། གསུང་རྡོ་རྗེ་སློབ་མའི་ངག་ལ་ཐིམ་པས། ངག་གསུང་རྡོ་རྗེའི་ངོ་བོར་གྱུར་པར་མོས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། །དེ་བཞིན་དུ། ཐུགས་ཀྱི་རྡོ་རྗེ་ཐུགས་དམ་བསྐུལ། །དག་པའི་རང་བཞིན་ཞེ་སྡང་སྦྱོང་། །བཅོམ་ལྡན་གཙོ་བོ་ཐུགས་རྡོ་རྗེ། ཐུགས་ཀྱི་རྡོ་རྗེར་ཕྱག་འཚལ་ལོ། །ཞེས་གསོལ་བ་བཏབ་པས་ཐུགས་རྡོ་རྗེ་སློབ་མའི་ཡིད་ལ་ཐིམ་པས། ཡིད་ཐུགས་རྡོ་རྗེའི་ངོ་བོར་གྱུར་པ་མོས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ སོགས་ཀོ྅ཧཾ། ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ཅིང་བརྟན་པར་ཡང་བྱའོ། །བཅུ་གཉིས་པ་སོ་ཤིང་དོར་བ་ནི། བ་བྱུང་གིས་བྱུགས་པའི་མཎྜལ་ཐིག་བཞིས་ལིང་ཚེ་དགུར་བགོས་པ་ཞིག་བྱས་ལ། བྱང་ཆུབ་ཀྱི་ཤིང་དུ་མོས་པའི་སོ་ཤིང་ཨཱ་ཁཾ་ཝཱི་ར་ཧཱུྃ་ཞེས་བརྗོད་པས་སློབ་མའི་ལག་ཏུ་གཏད་ལ་འཆའ་བའི་ཚུལ་བགྱིས་པས་སྡིག་སྒྲིབ་ཐམས་ཅད་སྐྱུགས་པར་བསམ་ལ་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་སོ་ཤིང་གི་རྭ་བར་དོར་ཞིག །ༀ་ཨཱཿཁཾ་ཝཱི་ར་ཧཱུྃ། ཞེས་འདོར་དུ་གཞུག །དེ་ལྟར་དོར་བས་ལྟས་ཀྱི་མཚན་མ་བཤད་པ་ནི། སྤྱི་རྒྱུད་ལས། དེ་ཚེ་བདག་ལ་ལྟ་བ་དང་། །རྩེ་མོ་གྱེན་དུ་འགྲེང་གྱུར་
༢༢༥ ན། དེ་ནི་དངོས་གྲུབ་མཆོག་ཅེས་བྱ། དེ་བཞིན་ཤར་དུ་ཁ་བལྟས་ན། །དེ་ནི་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་འགྲུབ། །སོ་ཤིང་དོར་བ་བརྒྱ་ལམ་ཞིག །གལ་ཏེ་ཐུར་དུ་ཁ་བལྟས་ན། །དེ་ནི་ངེས་པར་ས་འོག་གི། དངོས་གྲུབ་དེ་ནི་ཐེ་ཚོམ་མེད། །ཞེས་གསུངས་པ་ལྟར་རོ། །དེས་ནི་གནས་སྐབས་སུ་སྡིག་སྒྲིབ་འདག་ཅིང་དངོས་གྲུབ་ཀྱི་མཚན་ལྟས་ཤེས་པ་དང་མཐར་ཐུག་འཚང་རྒྱ་བའི་ཚེ་བྱང་ཆུབ་ཀྱི་ཤིང་རྩོལ་མེད་དུ་འབྱུང་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །བཅུ་གསུམ་པ་སྲུང་སྐུད་གདགས་པ་ནི། སྲུང་སྐུད་ཁ་དོག་ལྔ་ལྡན་ཁྲུ་གང་བར་མདུད་པ་གསུམ་བཏབ་ལ། ཧཱུྃ་ལས་བྱུང་བའི་སྲུང་སྐུད་མདུད་པ་གསུམ་ལ་ༀ་ཨཱཿཧཱུྃ་ཡོངས་སུ་གྱུར་པ་ལས། སྐུ་གསུང་ཐུགས་རྡོ་རྗེའི་ལྷ་གསུམ། སློབ་དཔོན་གྱི་སྙིང་གའི་ཧཱུྃ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་སྲད་བུ་རྡོ་རྗེ་གསུམ་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ལྷ་གསུམ་ཞུ་བ་ལས་མདུད་པའི་རྣམ་པར་གྱུར། སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་བཅིངས། འདིའི་གནས་སྐབས་ཀྱི་དགོས་པ་ཁམས་བྱང་ཆུབ་ཀྱི་སེམས་འཕོ་བའི་བར་ཆད་མཐའ་དག་བསྲུང་བ་དང་། མཐར་ཐུག་གི་དགོས་པ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་སངས་རྒྱས་ནས་བདུད་ཀྱིས་མི་ཚུགས་པའོ། །ཞེས་བརྗོད། བཅུ་བཞི་པ་ཁྱོར་ཆུ་སྦྱིན་པ་ནི། དྲི་བཟང་དང་སྦྱར་བའི་ཆུ་འདི་ཉིད་ཕྱག་གཡས་གཡོན་གང་རུང་གི་ཁྱོར་བ་བཟེད་དེ་ཞལ་དུ་བཞེས་ཏེ་འཕོ་བས་ངག་གི་ཉེས་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་གྱུར་པའི་མོས་པ་མཛོད། ཅེས་པའི་མཐར། ༀ་ཧྲཱིཿབི་ཤུདྡྷ་དྷརྨཱ་སརྦ་པཱ་པཾ་ནིཤྩ་ཨ་སྱ་ཤོ་དྷ་ཡ་
༢༢༦ སརྦ་བི་ཀ་ན་ཡཱ་པ་ན་ཡ་ཧཱུྃ། ཞེས་ལན་གསུམ་གྱི་ཁྱོར་ཆུ་སྦྱིན། དེས་ནི་གནས་སྐབས་ཀྱི་དགོས་པ་ཁ་དག་པ། ངག་སྒྲིབ་སྦྱོང་བ། རྨི་ལམ་གསལ་བོར་འབྱུང་བ་གསུམ་དང་། མཐར་ཐུག་གི་དགོས་པ་རང་ཉིད་འཚང་རྒྱ་བའི་ཚེ་ན་སྐུ་གསུང་ཐུགས་ཀྱི་དག་པ་གསུམ་འཐོབ་པའོ། །བཅོ་ལྔ་པ་ཀུ་ཤ་སྦྱིན་པ་ནི། དྷཱིཿལས་བྱུང་བའི་ཀུ་ཤ །ༀ་ཨཱཿབཛྲ་དྷྲིཀ་ཧཱུྃ་ཞེས། ལག་པ་གཡས་སུ་བྱིན་ཏེ་སྔས་ཀྱི་དོན་དང་། ཧཱ་ལས་བྱུང་བའི་ཀུ་ཤ་ༀ་ཨཱཿཁཾ་ཝཱི་ར་ཧཱུྃ་ཞེས། ལག་པ་གཡས་སུ་སྦྱིན་ཏེ་སྟན་གྱི་དོན་དུ་ཟུངས་ཤིག །འདིའི་གནས་སྐབས་ཀྱི་དགོས་པ་ཀུ་ཤ་འདི་དག་བྱེད་ཀྱི་རྩྭ་གཙང་ཞིང་དགེ་བ་ཡིན་པས་རྨི་ལམ་མི་འཁྲུལ་བ་དང་བར་ཆད་ཐམས་ཅད་སྲུང་། མ་འོངས་པར་རང་ཉིད་འཚང་རྒྱ་བའི་ཚེ་ཀུ་ཤའི་གདན་རྩོལ་མེད་དུ་འབྱུང་བའི་རྟེན་འབྲེལ་བསྒྲིགས་པའོ། བཅུ་དྲུག་པ་ཆོས་བཤད་པ་ནི། དེ་ནི་ཕྱིར་མི་ལྡོག་པ་ཟབ་མོའ་ཆོས་བཤད་པ་ནི་རྒྱུད་ལས་གསུངས་པ་འདི་ལ་གསན་པས་ཁྱབ་པར་གདའ། འཇིག་རྟེན་དུ་ནི་སོགས་བརྗོད་ལ་མཐར། ཞེས་གསུངས་པའི་དོན་ཐུགས་ལ་ངེས་པས་གསང་སྔགས་ཀྱི་ཐེག་པ་རྙེད་དཀའ་ཞིང་རྙེད་ན་ཕན་ཡོན་ཆེན་པོ་དང་ལྡན་པ་དང་། དེ་ལྟར་རྙེད་པ་ལ་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་མཛོད། བཅུ་བདུན་པ་གཟིང་བསྟོད་པ་ནི། ནངས་པར་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་བས་དགའ་བ་རྒྱ་ཆེན་པོ་གྱིས་ལ། ཀུ་ཤའི་གདན་ལ་སེང་གེའི་ཉལ་སྟབས་དང་། དགེ་བའི་སེམས་ཀྱིས་ཉོལ་ཤིག །རྨི་ལམ་ཅི་མཐོང་བ་དེ་ཡང་ནངས་པར་ང་ལ་ལེགས་པར་སྨྲོས་ཤིག །ཅེས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་བཏང་ངོ་། །གསུམ་པ་ལྷག་གནས་མཇུག་གི་བྱ་བ་ནི། སྟ་གོན་གྱི་དཀྱིལ་འཁོར་ནམ་མཁར་འདེགས་པའི་སྔགས་རྒྱ་སོགས་དང་མཆོད་བསྟོད་གསོལ་གདབ་བཅས་
༢༢༧ དཀྱིལ་འཁོར་ལྟར་བྱའོ། །དེ་ནས་ཚོམ་བུ་སོགས་བསྡུས་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། དཀྱིལ་འཁོར་ལྔ་པོའ་དབུས་སུ་མཉྫའི་སྟེང་དུ་སྔར་སྟ་གོན་བྱས་པའི་བུམ་པ་ལྔ་པོ་ཕྱོགས་མ་ནོར་བ་དགོད། གཙོ་བུམ་ཁར་དུང་ཆུ་གཟུངས་རྡོར་བཅས་དང་། ལས་བུམ་བྱང་དུ་བཞག །དབང་ཆས་གཞན་གང་བདེར་བཞག་ཆོག་ཀྱང་ཀར་ལུགས་ཕྱག་བཞེས་ལྟར་ན་དཀྱིལ་འཁོར་གྱི་ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། །མདུན་དུ་རྡོར་དྲིལ་ལྷན་ཅིག་བཅིངས་པ་རྣམས་དང་། ཁ་ཾ་ག་ལ་ཌཱར་དྲིལ་བཏགས་པ། གྲི་གུག་ཐོད་པ་དངོས་སམ་ཙཀླི། གསང་དབང་ཐོད་ཆང་། རིག་ཙཀ་རྣམས་ཀྱང་ཅི་བདེར་བཞག །རྒྱབ་ཕྱོགས་སུ་འབུལ་གཏོར་ལྔ་ཚོམ། སྲུང་མའི་གཏོར་འབུལ་བཅས་བཀོད། གཞུང་གསལ་ཕྱོགས་མཚམས་བརྒྱད་དུ་རྒྱལ་མཚན་བརྒྱད་དང་མཆོད་པའི་བུམ་པ་བརྒྱད་ཀྱང་དེ་མཉམ་བཀྲམ། མཆོད་པ་ལྷ་སྟ་གོན་སྐབས་བཤད་པ་ལྟར་དགོས་པས་ཆུ་བཞིའི་སྣོད་དུང་ཞལ་སོགས་བཞི་མདུན་ངོས་སུ་བཞག །མེ་ཏོག་སྤོས། མར་མེ། དྲི་ཆབ། ཞལ་ཟས་བཅས་ཉེར་སྤྱོད་ལྔ་ཚར་སུམ་ཅུ་སོ་བདུན་གྱིས་དཀྱིལ་འཁོར་མཐའ་བསྐོར། རྗེས་གནང་ཆས། མིག་ཐུར། མེ་ལོང་། དྲིལ་བུ། མདའ་གཞུ། འཁོར་ལོ། །དུང་། པུསྟི་རྣམས་ཀྱང་སྣོད་གཅིག་ཏུ་ལོགས་གང་བདེར་བཞག །གཞན་ཡང་སྔོན་འགྲོ་གཏོར་མ། ཕྱི་རོལ་གཏོར་མ། ཚོགས་ཀྱི་ཡོ་བྱད། དཀྱིལ་འཁོར་གྱི་མདུན་དུ་ནང་མཆོད་བདུད་རྩི་བཤམས། སྒྲུབ་དཀྱིལ་ལ་དགོས་པའི་ཡོ་བྱད་གཞན་རྣམས་ཀྱང་ཚོགས་པར་བྱའོ། །དེ་ནས་བརྒྱུད་པའི་གསོལ་འདེབས་སྔོན་ཏུ་འགྲོ་བས། དཀྱིལ་ཆོག་ནས་འབྱུང་བ་བཞིན་སྦྱོང་བ། ཁྲུས་གསོལ། བགེགས་བསྐྲད་པ་རྣམས་བྱ། མཆོད་པ་བྱིན་བརླབ། སྒྲུབ་ཐབས་ལྟར་སྐྱབས་འགྲོ་ནས་བརྩམས་བདག་བསྐྱེད་བསྡུ་ལྡང་གི་བར་བདག་བསྐྱེད་རྫོགས་པར་བསྒོམ། དཀྱིལ་ཆོག་ལྟར་དཀྱིལ་འཁོར་བསྐྱེད། གཟེངས་བསྟོད། སྒྲུབ་པ་ལྔ་ནས་བརྩམས་ཏེ་བཟླས་པ་མཆོད་བསྟོད་ཀྱི་བར་རྒྱས་པར་བཏང་། འདས་གཏོར་སྒྲུབ་ཐབས་ལྟར་འབུལ། མྱུར་མཛད་མགོན་པོ། མཁའ་འགྲོ་སྡེ་ལྔ། འབྱུང་པོ་ཐམས་ཅད་པའི་གཏོར་མ་རྣམས་ནང་གཏོར་
༢༢༨ དུ་འབུལ། ཕྱི་རོལ་ཏུ་ཕྱིན་ལ་ཕྱོགས་བཞི་དབུས་ལྔའི་གཏོར་མ་བཏང་། ནང་དུ་ཕྱིན་ལ་བསྐོར་བ་དང་གསོལ་གདབ་བྱས་ལ་བདག་འཇུག་རྫོགས་པར་བླང་། དཀྱིལ་འཁོར་ཡོལ་བས་སྒྲིབ་བོ། །གཉིས་པ་སློབ་མ་ལ་དབང་བསྐུར་བ་ནི། སློབ་མ་རྣམས་སྒོ་དྲུང་དུ་འདུས་ལ་ལས་བུམ་གྱི་ཆུས་ཁྲུས་བྱ། ཕྱག་བཅས་གྲལ་དུ་འཁོད་ལ་མེ་ཏོག་བཀྲམ་བསྡུ་བྱ། སེམས་བསྐྱེད་གསལ་གདབ། དེ་ལ་སྐབས་སུ་བབ་པ་རྒྱུད་ལུང་མན་ངག་ཡིད་ཆེས་ཀྱི་ཚད་མ་དང་ལྡན་ཅིང་། གྲུབ་ཐོབ་བརྒྱུད་པ་བར་མ་ཆད་པའི་སྙན་ནས་སྙན་དུ་བྱོན་པའི་བཅོམ་ལྡན་འདས་རྒྱུད་སྡེ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱེད་པ་ལ། བདག་བསྐྱེད་སྔོན་དུ་འགྲོ་བས་མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། ཕྱི་ནང་གི་གཏོར་ཆོག་བཏང་བ། བདག་ཉིད་འཇུག་པ་རྣམས་སྔོན་དུ་གྲུབ་ནས་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ། ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དང་། ཞུགས་ནས་མངོན་པར་དབང་བསྐུར་བའི་ཆོ་ག་གཉིས་ཡོད་པ་ལ། ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོར་བཅོམ་ལྡན་འདས་རྒྱུད་སྡེ་ཆེན་པོ་ལྔའི་ལྷ་ཚོགས་ཐ་མི་དད་པའི་དྲུང་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །དེ་ནས་ཁྱེད་རང་རྣམས་ཀྱི་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་སྟ་གོན་སྐབས་ལྟར་ལན་གསུམ། སླར་ཡང་ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་གྱི་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་གནང་བ་སྦྱིན་པ་ནི། དེ་བཞིན་གཤེགས་པ་སོགས་ལན་གཅིག །ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་གྱི་སྒོ་ཕྱེས་ཏེ་ནང་དུ་ཞུགས་ནས་
༢༢༩ ཤར་གྱི་ལྷ་རྣམས་ལ་གནས་པར་མོས་ལ། ཐལ་མོ་གནས་གསུམ་དུ་སྦྱར་བས་དཀྱིལ་འཁོར་གྱི་ལྷ་ལ་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་ཕྱག་མཛོད་ཅིག །ༀ་ན་མ་སྟེ་ཧཱུྃ། ན་མཿམི་ཧཱུྃ། ན་མོ་ན་མཿཧཱུྃ། རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱི་ཞབས་ལ་བཏུད་པའི་ཕྱག་བྱས་པས་ཤིན་ཏུ་མཉེས་པར་མོས་མཛོད། སྒོ་དེ་ཉིད་ནས་ཐོན་ཏེ་གཡས་བསྐོར་གྱིས་ལྷོའི་སྒོ་ཕྱེས་ཏེ་སོགས་གོང་གིས་འགྲེས་ཏེ། ལྷོ་དང་། ནུབ་དང་། བྱང་རྣམས་ནས་ཕྱག་བྱས་ཏེ། གཡས་བསྐོར་གྱིས་ཕྱིན་ཏེ་ལྷ་སྣམ་ལ་འཁོད་པར་མོས་ལ། སྟ་གོན་སྐབས་ལྟར་མཚམས་སྦྱོར་བཅས་བདུན་རྣམ་དག་བྱ། ཟབ་མོའ་དཀྱིལ་འཁོར་དུ་གཞུག་པ་ལ་རིགས་དང་སྐལ་བ་ཤེས་དགོས་པས། རིགས་ཀྱི་བུ་ཁྱོད་གང་ལ་དགའ། ཞེས་དྲིས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། སྐལ་པབ་བཟང་ལ་བདག་དགའོ། །ཞེས་དང་། སྐལ་བཟང་དེས་ཁྱོད་ཅི་ཞིག་བྱ། ཞེས་དྲིས་པའི་ལན་དུ། སངས་རྒྱས་མཆོག་འདོད་དམ་ཚིག་ཡིན། ཞེས་ལན་བཏབ། གདོང་གཡོག་སྦྱིན་པ་ནི། སྔོན་ཆད་རྒྱུད་སྡེ་ལྔའི་དཀྱིལ་འཁོར་དུ་མ་ཞུགས་པའམ། ཞུགས་ཀྱང་མཚོན་བྱ་དོན་གྱི་དཀྱིལ་འཁོར་མ་མཐོང་བས་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་རས་ཡུག་དམར་པོ་ཁ་ཚར་མ་ཉམས་རེས་གདོང་གཡོགས་བཅིངས་པའི་མོས་པ་མཛོད། ༀ་ཙཀྵུརྦྷནྡྷ་ཝ་ར་མ་ཎ་ཡེ་ཧཱུྃ། ཞེས་གདོང་གཡོགས་དམར་པོ་སྦྱིན། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་སྟོང་པར་མཇལ་དུ་མི་བཏུབ་པས་ཕྱག་རྟེན་མཚོན་བྱེད་དུ་ཨུ་དུམྦ་ར་སོགས་མཆོག་གི་མེ་ཏོག་སྣ་ལྔའི་ཕྲེང་བ་ཐལ་མོ་སྦྱར་བའི་བར་དུ་བཅུག་ནས་སྙིང་གར་ཐོགས་པར་མོས་ཤིག །ༀ་ཨཱཿཁཾ་ཝཱི་ར་ཧཱུྃ།
༢༣༠ ཞེས་མེ་ཏོག་གཏད། སྔགས་ཀྱི་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་པའི་སླད་དུ་སྔོན་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ཀྱིས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བདེ་བ་ཆེན་པོའ་བདག་ཉིད་དུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་ཐམས་ཅད་རྣལ་འབྱོར་དང་བདེ་བ་ཆེན་པོར་སེམས་བསྐྱེད་པར་བགྱིའོ་སྙམ་པས་ཐལ་མོ་སྦྱར་བ་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། སློབ་དཔོན་གྱིས་མེ་ཏོག་དང་བཅས་པའི་རྡོ་རྗེ་སློབ་མའི་སྙིང་གར་བཞག་ལ། སེམས་བསྐྱེད་པ་དེ་བརྟན་པར་བྱ་བའི་མོས་པར་མཛོད། སུ་ར་ཏེ། ནས། ཡ་ཐཱ་སུ་ཁཾ། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་མདུན་དུ་ཞུགས་པར་མོས་ཤིག །ཛཿཧཱུྃ་བཾ་ཧོ། ཨཱ་ཁཾ་ཝཱི་ར་ཧཱུྃ། ཞེས་བརྗོད་ལ་ཡོལ་བ་བསལ། དེ་ནས་ཡེ་ཤེས་པ་དབབ་པའི་སྔོན་འགྲོ་དམ་བཞག་བཞི་རིམ་པར་བྱ་བ་ཡིན་ཏེ། ཐོག་མར་ལྷའི་དམ་ཚིག་བསྒྲག་པ་ནི། རྡོ་རྗེ་མགོར་བཞག་ལ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། སོགས་བརྗོད། དེ་ནས་ཉེས་དམིགས་ཀྱི་སྒོ་ནས་དམ་བཞག་པ་ནི། སྙིང་གར་རྡོ་རྗེ་བཞག་ལ། ཧེ་རུ་ཀ་དཔལ་སོགས་བརྗོད། ཕན་ཡོན་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་ཅིང་། དམ་ཚིག་རྡོ་རྗེའི་ཆུ་སྦྱིན་པ་ནི། དུང་ཆུ་སྦྱིན་ལ། །འདི་ནི་ཁྱོད་ཀྱི་སོགས་བརྗོད། རྡོ་རྗེ་སློབ་དཔོན་གྱི་བཀའ་གཉན་པའི་སྒོ་ནས་དམ་ཚིག་བསྒྲགས་པ་ནི། རྡོ་རྗེ་སྤྱི་བོར་བཞག་ལ། དེང་ནས་བཟུང་སྟེ་སོགས་བརྗོད། དེ་རྣམས་ཀྱི་དཀྱིལ་འཁོར་ཕྱིའི་འཇུག་པ་རྣམས་སོ། །ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དེ་བཞིན་གཤེགས་པ་སོགས་ལན་གསུམ། སློབ་དཔོན་གྱི་རྡོ་རྗེ་རྩེ་གཅིག་
༢༣༡ པའི་ཕྱག་རྒྱ་སློབ་མའི་སྙིང་གར་གཏད་ལ། འདི་ནི་ཡེ་ཤེས་རྡོ་རྗེ་སོགས་བརྗོད། དེ་ནས་ལྷག་པའི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔའ་བོ་དང་རྣལ་འབྱོར་མ་སོགས་ལན་གསུམ། ཁྱེད་རང་རྣམས་ལུས་ཀྱི་གནད་དྲང་པོར་བསྲང་། ངག་གནད་སྲོག་རྩོལ་ཁ་སྦྱར་དུ་འཆིང་། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཁྱེད་རྣམས་འོད་དཔག་མེད་དམར་པོ་སོགས་དམིགས་པ་སྤྲོས། བྱིན་འབེབས་ཀྱི་སྤོས་སྦྱོར་བདུག་རོལ་མོའ་སྒྲ་དྲག་ཏུ་བྱས་ལ་བྱིན་འབེབས་སྔགས་ལན་མང་དུ་བརྗོད། དེ་ནས་བདེན་སྟོབས་བརྗོད་པ་ནི། རྡོར་དྲིལ་བཅས། ཨ་ཁཾ། ཡང་དག་པ་ཡི་སོགས་བརྗོད། དེ་ནས་སྔར་ནས་འབྲེལ་བའི་ལྷའི་རིགས་བརྟགས་པའི་སླད་དུ་མེ་ཏོག་འབུལ་བ་ནི། སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་ལས་མ་ཉམས་པའི་མེ་ཏོག་གཅིག་གི་ཕྲེང་བར་མོས་ཏེ་དཀྱིལ་འཁོར་དབུས་ལ་འདོར་བར་མོས་ཏེ་སྔར་ནས་ལས་ཀྱི་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་དུ་ལྟོས་པ་མེད་པར་ཚོམ་བུའི་དཀྱིལ་འཁོར་དུ་དོར་བ་དང་ལྷན་ཅིག་འདིའི་རྗེས་ཟློས་མཛོད། སྔོན་ནས་སྒྲུབ་པའི་སོགས་བརྗོད་དུ་གཞུག །ཁྱོད་རང་མེ་ཏོག་དཀྱིལ་འཁོར་གྱི་དབུས་སུ་ཕོག་པས་གཙོ་བོའ་རིགས་ཡིན་ནོ། །ཞེས་པ་ལྟ་བུ་ཕྱོགས་དང་རིགས་མེ་ཏོག་གང་ལ་ཕོག་པར་བསྒྱུར། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པའི་མོས་པ་མཛོད། སངས་རྒྱས་ཀུན་གྱི་སོགས་བརྗོད་ལ་མེ་ཏོག་སླར་སྤྱི་བོར་བཅིང་། མིག་དབྱེ་བ་ནི། སློབ་མའི་མིག་ཏུ་ༀ་ཡིག་རེ་རེ་གསལ། མ་རིག་པའི་སྒྲིབ་གཡོག་ཇི་མཆིས་པ་ཐམས་ཅད་མིག་དར་དང་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། ཧེ་རུ་ཀ་དཔལ་སོགས་བརྗོད་ལ། རྡོ་རྗེས་མིག་དར་དབྱེ། དེ་ལྟར་མ་
༢༣༢ རིག་པའི་སྒྲིབ་གཡོགས་བསལ་ནས་ཡེ་ཤེས་དག་པའི་མིག་ཐོབ་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མངོན་སུམ་དུ་མཐོང་བར་མོས་ཤིག །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། སོགས་བརྗོད། དེ་ནས་ལྷ་ངོ་བོ་རྒྱས་པར་བསྟན་དགོས་པས། མདུན་གྱི་དཀྱིལ་འཁོར་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་སོགས་སྒྲུབ་ཐབས་ཀྱི་མངོན་རྟོགས་ལྟར་ལ། ཨེ་ལས་དང་ཡཾ་ལས་སོགས་ས་བོན་རྣམས་བོར་ཏེ། བ་དན་ལ་སོགས་པས་བརྒྱན་པ་རྩིགས་པའི་ཕྱི་རོལ་འགྲམ་སྟེགས་ཞེས་པ་ནས། དེ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བའི་སྟེང་དུ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་མེད་ཁང་དབུས་གཙང་ཕྱུར་བུ་དང་བཅས་པ་ལྔ་ཚོམས་སུ་གནས་པ། རྟ་བབས་དང་བྲལ་བ་རྣམས་སོ། །དེ་རྣམས་ཀྱི་སྟེང་གི་ནམ་མཁའ་ལ། སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ནས་ཟླ་བའི་དཀྱིལ་འཁོར་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་དགྱེས་མཛད་རྡོ་རྗེ་སྐུ་མདོག་མཐིང་ནག་ནས། འོད་ཀྱི་ཁྱབ་པར་མཛད་པའོ། །ཞེས་པའི་བར་གཙོ་བོ་མཚོན་ཆ་ཅན་བསྒྲུབ་ཐབས་བཞིན་བསྐྱེད། འདབ་མ་བརྒྱད་ལ་ཤར་དུ་གཽ་རཱི་ནག་མོ་ནས། སའི་དཀྱིལ་འཁོར་འཛིན་པ། ལྷ་མོ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་ནས། དབུས་ན་བཞུགས་པའོ། །ནང་གི་གཞལ་ཡས་ཁང་དབུས་མའི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བའི་སྟེང་དུ། སྣ་ཚོགས་པདྨ་འདབ་མ་བརྒྱད་དང་བཅས་པའི་ལྟེ་བ་ལ་ནས། གར་གྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །གཞལ་ཡས་ཁང་ཤར་མའི་ནང་ལེའུ་ཚེ་དགུ་པ་ནས། གདུག་པ་ཅན་ཚར་གཅོད་པའོ། །གཞལ་ཡས་ཁང་ལྷོ་མའི་ནང་གི་ལྷ་སྣམརྣམས་ནས།
༢༣༣ གྲི་གུག་ཐོད་པ་བསྣམས་པའོའ་བར། གཞལ་ཡས་ཁང་ནུབ་མའི་དབུས་སུ། པདྨ་དམར་པོ་ནས། གང་བའི་བུམ་པ་བཞིའོ། །གཞལ་ཡས་ཁང་བྱང་མའི་དབུས་ཀྱི་ལྟེ་བ་ལ་སྣ་ཚོགས་རྡོ་རྗེ་ནས། གང་བ་བཞི་དང་བཅས་པའོ། །ཕྱིའི་གཞལ་ཡས་ཁང་གི་ཤར་སྒོར་རྟ་གདོང་མ་ནས། དྲིལ་བུ་འཛིན་པ། སྒོ་སྐྱོང་མ་བཞི་ཆར་ཡང་སྤྱན་གསུམ་དང་ལྡན་ཞིང་། སྟག་གི་པགས་པའི་ཤམ་ཐབས་ཅན། དབུ་སྐྲ་དམར་ནས་ནས། དབུས་ན་བཞུགས་པའོ། དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་སོགས་བརྗོད། དེ་དག་གིས་དཀྱིལ་འཁོར་དུ་ཕྱི་ནང་གི་འཇུག་པའི་རིམ་པ་རྣམས་སོ། ཞུགས་ནས་མངོན་པར་དབང་བསྐུར་བ། བུམ་དབང་། གསང་དབང་། ཤེར་དབང་། དབང་བཞི་པ་རྣམས་རིམ་བཞིན་འབྱུང་བའི་དང་པོ་བུམ་དབང་ལ་རྡོ་རྗེ་སློབ་མའི་དབང་དང་སློབ་དཔོན་གྱི་དབང་གཉིས་སུ་ཡོད་པ་ལས། ཐོག་མར་རྡོ་རྗེ་སློབ་མའི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ་མཛོད། ཞེས་དབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧེ་རུ་ཀ་དཔལ སོགས་ལན་གསུམ། དབང་གི་སྔོན་དུ་འགྲོ་བ་བགེགས་སྦྱོང་བའི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་དང་མཚོན་ཆ་མེ་དཔུང་གི་ཚོགས་དཔག་ཏུ་མེད་པ་སྤྲོས་པས་དབང་གི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད་ཅིང་བསྒོ་བ་མི་ཉན་པ་ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མོས་ཤིག །ༀ་སུམྦྷ་ནི་སོགས་དྲག་ཏུ་བརྗོད་ཅིང་ཡུངས་ཐུན། གུ་གུལ་དུད་པ། རོལ་མོ་དྲག་ཏུ་བྱའོ། །དེ་ནས་མདུན་ཏུ་ཏིལ་དང་མེ་ཆུ་བཤམས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་
༢༣༤ གར་ཡི་གེ་བཾ་གྱི་རྣམ་པར་གནས་པ། ལྟེ་བའི་གཏུམ་མོ་འབར་བའི་འོད་ཟེར་གྱིས་དེད་སྟེ། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་མདུན་གྱི་ཏིལ་ལ་ཐིམ་པར་མོས། ཞེས་བརྗོད་ལ་སྣ་བུག་གཡས་ནས་ཏིལ་ལ་རླུང་འབུད་དུ་གཞུག །བསང་སྦྱངས། འབར་བའི་མེའི་ནང་དུ་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞལ་གདངས་པའོ། །ༀ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱ་ཧཱ། ལན་གསུམ་བརྗོད་ལ། ཏིལ་གཡས་གཡོན་དུ་བསྐོར་ནས། །གཡས་སུ་མེ་དང་གཡོན་དུ་ཆུར་དོར་བས། རྡོ་རྗེ་མཁའ་འགྲོའི་ཞལ་དུ་གསོལ་བ་དང་། རྒྱ་མཚོ་ཆེན་པོར་སྐྱུར་བར་བསམ། མཐར་མེ་ཡང་ཆུ་ནང་དུ་བླུགས་སོ། དེ་ནས་དབང་དངོས་ལ་དང་པོ་རིག་པའི་དབང་ལྔ་བསྐུར་བ་ལ་ཐོག་མར་མི་བསྐྱོད་པ་ཆུ་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བསང་སྦྱང་། སློབ་མ་དང་དབང་རྫས་རྣམ་རྒྱལ་བུཾ་ཆུ་སོགས་བརྗོད་པའི་སྐབས་ལས་རྡོར་གྱིས་བུམ་པ་བཞི་པོའ་བུམ་ཆུ་གཙོ་བུམ་དུ་བསྡུ། དེ་ཉིད་ཐོགས་ལ། སློབ་དཔོན་གྱིས་ཁྲུས་སྔོན་དུ་འགྲོ་བས་བུམ་དབང་བསྐུར། བརྟན་བྱེད་ཆུ་དབང་། རྡོ་རྗེའི་རིགས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་ནས་ཁྱེད་རང་རྣམས་ལ་ཐིམ་པ་ལ་ཉེར་སྤྱོད་ལྔས་མཆོད་ཅིང་བསྟོད་པ་བྱས་པའི་མོས་པ་མཛོད། ལས་རྡོར་གྱི་སློབ་མ་མཆོད་པ་བཏེགས། ༀ་བཛྲ་པུཥྤེ་ནས། ནཻ་ཝཱི་དྱཱ་ཨཱ་ཧཱུྃ་བར་དང་རོལ་མོའམ་དྲིལ་བུ་དཀྲོལ། མི་བསྐྱོད་པ་ནི་སོགས་ཤྭ་ལོ་ཀ་གཅིག་གིས་བསྟོད། དེ་ལྟར་ཁྱོད་ལ་ཆུའི་དབང་བསྐུར་བས་སོགས་ནས། མངོན་དུ་གྱུར་པ་ཡིན་ནོ། །ཅེས་པའི་བར་དག་པ་བརྗོད། དེ་ནས་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། བསང་སྦྱངས། སློབ་མ་དང་དབང་རྫས་དབུ་རྒྱན་སོགས་ནས་དག་པར་བརྗོད་པའི་བར་གཞུང་ལྟར་བྱ། འདི་ཕྱིན་ཆད་ལ་དེས་འགྲེས་ཏེ། འོད་དཔག་མེད་རྡོ་རྗེའི་དབང་གི་སླད་དུ་དམིགས་པ་འདི་བཞིན་
༢༣༥ མཛོད། བསང་སྦྱང་། སློབ་མ་དང་དབང་རྫས་རྡོ་རྗེ་སྟོང་པའི་ངང་ལས་སོགས་ནས་དག་པར་བརྗོད་པ་ཡན་སྔར་ལྟར་བྱ། དེ་ནས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། །བསང་སྦྱང་། སློབ་མ་དང་དབང་རྫས་དྲིལ་བུ་སྟོང་པའི་ངང་ལས་སོགས་ནས་དག་པར་གྱུར་པའི་བར་སྔར་ལྟར་བྱ། དེ་ནས་རྣམ་པར་སྣང་མཛད་མིང་གི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། བསང་སྦྱང་། སློབ་མ་དང་དབང་རྫས། སོགས་ནས་དག་པ་བརྗོད་པའི་བར་དང་། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སོགས་བརྗོད། གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ་མཛོད། ཞེས་འབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །འཁོར་ལོ་ཕྱིར་མི་ལྡོག་པའི་སོགས་ལན་གསུམ། ཐོག་མར་བརྟུལ་ཞུགས་ཀྱི་དབང་གི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སོགས་ནས། ཁ་ཾ་ག་སོགས་གཏད་པའི་བར། དེ་ནས་རྡོར་དྲིལ་དང་དམ་ཚིག་གསུམ་སྦྱིན་པ་ལ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཕྱག་གི་རྡོར་དྲིལ་བསང་སྦྱང་། སྟོང་པའི་ངང་ལས་སོགས་ནས་ཤིས་བརྗོད། ཆུ་དབང་། སུ་པྲ་ཏིཥྛས་བརྟན་པའི་བར་གཞུང་ལྟར་བརྗོད། དེ་ནས་རྗེས་གནང་རྣམས་རིམ་པར་སྦྱིན་པ་ལ་ཐོག་མར་སྒེག་སོགས་བརྒྱད་ཀྱིས་མཆོད་པར་བྱས་པའི་མོས་པ་མཛོད། སློབ་དཔོན་གྱིས་སོ་སོའ་ཕྱག་རྒྱ་བྱས་ལ། སྒེག་དང་བཅས་པའོ་ཕྲེང་བ་འཕང་། སོགས་རྫོགས་པར་བརྗོད། མིག་ཐུར་གྱིས་རྗེས་གནང་ནི། པྲཾ་ལས་བྱུང་བའི་ཤེས་རབ་ཀྱི་རང་བཞིན་ཅན་གྱི་ཐུར་མའི་ཁྱེད་རང་རྣམས་ཀྱི་དེ་བཞིན་ཉིད་མཐོང་བ་ལ་བསྒྲིབ་པའི་མ་རིག་པའི་ལིང་ཐོག་གསལ་བར་མོས་ཤིག །མིག་ཐུར་གྱིས་དབྱེ་ཚུལ་བྱས་ལ། ཇི་ལྟར་མིག་
༢༣༦ མཁན་རྒྱལ་པོ་སོགས་བརྗོད། མེ་ལོང་གི་རྗེས་གནང་ནི། ཆོས་ཅན་གྱི་སྣང་བ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་ངེས་པའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག །ཅེས་ཤེས་པའི་སླད་དུ་ཨཱཿལས་སྐྱེས་པའི་མེ་ལོང་། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། སོགས་བརྗོད་ལ་མེ་ལོང་བསྟན། དྲིལ་བུའི་རྗེས་གནང་ནི། ཨཱཿལས་བྱུང་བའི་དྲིལ་བུ་འདིའི་སྒྲས་མཚོན་ཏེ་ཆོས་ཐམས་ཅད་གྲགས་སྟོང་སྐྱེ་བ་མེད་པའི་མཚན་ཉིད་དུ་རྟོགས་པར་གྱིས་ཤིག །ཐམས་ཅད་ནམ་མཁའི་སོགས་བརྗོད་ལ་དྲིལ་བུ་དཀྲོལ། མདའ་གཞུའི་རྗེས་གནང་ནི། རང་དོན་ཡིད་བྱེད་ཀྱི་བློ་སྤངས་པའི་སླད་དུ་ཧོཿལས་བྱུང་བའི་མདའ་གཞུ། ཐབས་ཀྱི་མདའ་དྲུག་ཤེས་རབ་ཀྱི་གཞུ་ལ་བཀང་སྟེ་ཕྱོགས་བཞི་དང་སྟེང་འོག་ཏུ་འཕང་པས་བདུད་བཞི་དང་ཉན་རང་གི་སེམས་ཡིད་ལ་བྱེད་པ་བཅོམ་པ་ཡིན་སྙམ་དུ་མོས་ཤིག །དེ་བཞིན་གཤེགས་པ་སོགས་བརྗོད་ལ་མདའ་གཞུ་གཏད་ཅིང་འཕང་བའི་ཚུལ་བྱར་གཞུགས། དེ་ནས་ཆོས་པ་བཤད་པའི་རྗེས་སུ་གནང་བ་ནི། རྐང་འོག་གཉིས་སུ་འཁོར་ལོ་བྱིན་པར་མོས་ཤིག །ༀ་བཛྲ་ཧི་ཏུ་མི་སོགས་བརྗོད་ལ་འཁོར་ལོ་རྐང་འོག་ཏུ་གཞུག །ཆོས་ཀྱི་དུང་ཆེན་འབུད་པར་གྱིས་ཤིག་ཅེས་པའི་དོན། ༀ་བཛྲ་བྷཱ་ཁ་རཾ་སོགས་བརྗོད་ལ་ལག་གཡས་སུ་དུང་གཏད། རྒྱུད་ལུང་མན་ངག་འདིའི་སྒོ་ནས་ཆོས་ཤོད་ལ་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་པའི་བརྡ་ལ་རྒྱུད་ཀྱི་གླེགས་བམ་གཏད་པའི་མོས་པ་གྱིས། ༀ་མ་ཧཱ་དྷརྨ་སོགས་བརྗོད་ལ་གླེགས་བམ་གཏད། ཚུལ་ཇི་ལྟ་བུས་ཆོས་འཆད་ན་སྐབས་སོ་སོར་བབས་པའི་རིགས་ལྔའི་ཏིང་ངེ་འཛིན་གྱི་ཕྲིན་ལས་རྣམས་སྒྲུབ་ཅིག་ཞེས་པའི་དོན་ཏུ་རིགས་ལྔའི་རྗེས་སུ་གནང་བ་ནི། འཁོར་ལོ་སོགས་རིགས་ལྔའི་ཕྱག་མཚན་རིམ་པར་གཏད་ལ། འཇིག་རྟེན་ཁམས་ནི་སོགས་བརྗོད། སེམས་ཅན་གྱི་དོན་གང་ལ་གང་འཚམས་ཀྱི་
༢༣༧ བྱ་བའི་སླད་དུ་ཕྲིན་ལས་བཞི་དང་གྲུབ་པ་བརྒྱད་ཀྱི་རྗེས་སུ་གནང་བར་མོས་ཤིག །མཆོག་སྦྱིན་གྱི་ཕྱག་རྒྱ་བསྟན་ལ། ཞི་དང་རྒྱས་དང་སོགས་བརྗོད། རང་ཉིད་ལྷག་པའི་ལྷའི་ང་རྒྱལ་གྱིས་འདོད་ཡོན་ལྔ་ཚོགས་སུ་རོལ་པའི་རྗེས་སུ་གནང་བ་བྱིན་པར་མོས། བདག་ཉིད་སངས་རྒྱས་སོགས་བརྗོད། སྣང་སྟོང་དབྱེར་མེད་ཀྱི་ལྷ་སྒོམས་པའི་རྗེས་སུ་གནང་བ་བྱིན་པར་མོས། འདིར་འཛོམས་ན་རྒྱུད་སྡེ་གཙོ་བོའམ་ཙཀླི་སོགས་བསྟན། མ་འཛོམས་ཀྱང་ཆོག །འདོད་ཆགས་བྲལ་བ་སོགས་བརྗོད། གསུང་གསང་སྔགས་ཀྱི་རྗེས་གནང་སྩལ་བར་མོས་ཤིག །མེ་ཏོག་འཐོར་ལ། རིགས་ལྔ་འདི་ལ་སོགས་ལན་གསུམ། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་འབུལ་བཞིན་པས་འདིའི་རྗེས་ཟློས། རིགས་ལྔ་བདག་ལ་སོགས་ལན་གསུམ། སླར་མེ་ཏོག་འཐོར་ལ། སྔགས་ཀྱི་དངོས་གྲུབ་སོགས་བརྗོད། དེ་ལྟར་དབང་གིས་རྒྱུད་སྨིན་པའི་སློབ་མ་རྣམས་བྱང་ཆུབ་མཆོག་ཏུ་ལུང་བསྟན་པ་ཡིན་ཏེ། སློབ་དཔོན་གྱིས་སྣམ་སྦྱར་མནབ། གྲྭ་གཉིས་རི་དྭགས་ཀྱི་རྣ་བ་ལྟར་བྱས་ཏེ་ཕྱག་གཡོན་པས་ཐུགས་ཀར་བཟུང་གཡས་མི་འཇིགས་པའི་རྒྱས་རྡོར་དྲིལ་བཟུང་ལ། སློབ་དཔོན་བཅོམ་ལྡན་འདས་སོགས་བརྗོད། སྣམ་སྦྱར་ཕུད་ལ་སྐྱབས་སྦྱིན་གྱིས་རྒྱས། ཁྱེད་རང་རྣམས་དེང་ནས་བཟུང་ཏེ་སྲིད་པའི་ངན་འགྲོ་ལས་རྟག་ཏུ་བཏོན་པར་དབུགས་དབྱུང་བར་མོས་ཤིག །གསང་ཆེན་མཆོག་གི་སོགས་བརྗོད། དེ་ནས་བརྟུལ་ཞུགས་ཀྱི་རྗེས་གནང་བྱིན་པར་མོས་ཤིག །དབང་རྫས་རྡོ་རྗེ་བསང་སྦྱང་། སྟོང་པའི་ངང་ལས་སོགས་གཞུང་ལྟར་བརྗོད་ལ་གཏད། །དེ་ནས་རྟེན་བརྟེན་པའི་དཀྱིལ་འཁོར་བ་རྣམས་ཀྱི་དག་པ་བརྗོད་པ་འདི་ལ་གསན་འཚལ། སེམས་ཅན་དོན་ཕྱིར་སེམས་བསྐྱེད་པས་སོགས་དང་། དེ་ལྟར་ན་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཞུགས་སོགས་བུམ་དབང་གི་དག་པའང་བརྗོད། དེ་ནས་དབང་གོང་མ་གསུམ་
༢༣༨ ཞུ་བའི་ཡོན་ཐུན་མོང་དུ་དམིགས་ཏེ་མཎྜལ་ཕུལ། ཐུན་མོང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདག་ནི་འཁོར་བ་བྱིང་བ་སོགས་ལན་གསུམ། སློབ་དཔོན་བཅོམ་ལྡན་སོགས་ནས། ཡབ་ཀྱི་གསང་གནས་ཧཱུྃ་སོགས་མཁའ་གསང་བྱིན་བརླབས་སྒྲུབ་ཐབས་ལྟར་ལ། ཐུགས་ཀར་རྗེས་སུ་ཆགས་པའི་མོས་སོགས་ནས། ཨཱཏྨ་ཀོ྅་ཧཾ་བར་བརྗོད། གཉིས་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ༀ་བཅོམ་ལྡན་ཞི་བ་ཆེན་པོ་སོགས་ལན་གསུམ་བརྗོད། དེ་ནས་དམིགས་པ་འདི་བཞིན་ཏུ་མཛོད། ༀ་ཨཱཿཧཱུྃ་སོགས་ནས་ཛཿཧཱུྃ་བཾ་ཧོཿབར། ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིངས་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མིག་དར་བཅིངས། བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པར་མོས་ལ་འདིའི་རྗེས་ཟློས། ༀ་བཛྲ་ཡོ་ག་སོགས། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའ་མཁའ་གསང་ནས་བྱོན་པའི་དཀར་དམར་བྱང་ཆུབ་སེམས་ཀྱི་རྒྱུན་ཁྱེད་རང་རྣམས་ལ་བྱིན་པ་མོས་ཤིག །བདུད་རྩི་སྦྱིན་ལ། ཇི་ལྟར་བཅོམ་ལྡན་སོགས་སྔགས་བཅས་བརྗོད། ཁྱེད་རྣམས་ཀྱིས་སྔགས་འདིའི་རྗེས་ཟློས་དང་བཅས་བདུད་རྩི་མྱོང་ཞིག །ཨ་ཧོ་མ་ཧཱ་སུ་ཁཾ། དེ་བཞིན་ཏུ་ཤེས་རབ་རྡོ་རྗེ་སོགས་ཀྱིས་བདུད་རྩི་སྦྱིན་པའི་ཚིགས་བཅད་བཅས་ལན་གཅིག་བསྐུར་ཏེ་སྦྱིན། བྱང་སེམས་དཀར་མར་གྱིས་ལུས་ཀྱི་རྩ་གནས་ཐམས་ཅད་ལ་རང་བཞིན་བརྒྱད་ཅུའི་རྟོགས་པ་དབྱིངས་སུ་ཐིམ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ལ་མཉམ་པར་ཞོག་མཛོད། དར་གཅིག་བཞག །ལུས་ཀྱི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོག་སོལ་མཛོད། ༀ་ཨཱཿཧཱུྃ། ཞེས་གདོང་གཡོགས་བཀྲོལ། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་སོགས་རྟོག་པ་
༢༣༩ བརྗོད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཕྱིར་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་སོགས་ལན་གསུམ། བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། སྔགས་བཅས་མིག་དར་བཅིང་། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་སོགས་ནས། དངོས་གྲུབ་མེད། བར་བརྗོད་ལ་རིག་ཙཀ་གཏད། དེ་ལྟར་བྱོན་པའི་ལྷ་མོ་དེས་ཀྱང་འདི་སྐད་དྲིས་པའི་མོས་པ་མཛོད། བདུད་རྩི་བཟའ་དང་སོགས་ནས་བདེ་བྱེད་སྨྲོས། བར་བརྗོད། སྤྲོ་བས་ལན་འདེབས་པར་མོས་ལ་འདིའི་རྗེས་ཟློས། ལྷ་མོ་ཅི་ཕྱིར་ནས། འོ་བྱེད་པར་བརྗོད། ལྷ་མོ་དགྱེས་ནས་འདི་སྐད་གསུངས་ཏེ་པང་དུ་བྱོན་པར་མོས་ཤིག །ཨ་ཧོ་ང་ཡི་སོགས་བརྗོད། དེ་ནས་ཁྱེད་རང་རྣམས་དགྱེས་མཛད་རྡོ་རྗེ་མཚོན་ཆ་ཅན་སོགས་དང་། མཁའ་གསང་བྱིན་རླབས་གོང་ལྟར་བྱ། སློབ་དཔོན་གྱི་ཐུགས་ཀའི་སོགས་ནས། བརྟན་པར་གྱུར་པར་མོས་ལ་མཉམ་པར་ཞོག་མཛོད། བྷ་གའི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོག་སོལ་མཛོད། ༀ་ཨཱཿཧཱུྃ། གདོང་གཡོག་བཀྲོལ། དེ་ལྟར་བྷ་གའི་དཀྱིལ་འཁོར་སོགས་རྟོག་པ་བརྗོད། བཞི་པ་ཆེན་པོ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཁྱེད་ཞབས་པདྨོའི་སོགས་ལན་གསུམ། རྡོ་རྗེའི་ཚིག་འདིའི་དོན་རྗེས་སུ་དྲན་པས་གང་དུའང་རྣམ་པར་རྟོག་པའི་ཡེ་ཤེས་ཆེན་པོའ་དབྱིངས་སུ་བལྟར་མེད་པའི་ཚུལ་གྱིས་ལྟོས་ལ་མཉམ་པར་ཞོག་མཛོད། ཡེ་ཤེས་འདི་ནི་སོགས་ནས། སྐད་ཅིག་དེ་ལ་སྒོམ། བར་བརྗོད་ལ་ཅུང་ཟད་མཉམ་པར་བཞག །ཐུན་མོང་མ་ཡིན་པའི་དམ་ཚིག་བསྒྲགས་པ་འདི་ལ་གསན་འཚལ། དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་
༢༤༠ ཀྱི་སོགས་རྟོག་པ་བརྗོད། དེ་དག་རྣམས་ཀྱིས་རིན་ཆེན་རྒྱ་མཚོའ་རྒྱུད་ཀྱི་དགོངས་དོན་སློབ་དཔོན་རྡོ་རྗེ་གདན་པའི་ཐུགས་དམ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལས་བརྒྱུད་པའི་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ལེགས་པར་གྲུབ་པ་ཡིན་པས་དེ་དག་གི་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པ་མཐའ་དག་ཚུལ་བཞིན་ཏུ་སྲུང་བའི་མོས་པས་འདིའི་རྗེས་ཟློས། གཙོ་བོའ་ཇི་ལྟར་སོགས་གསུམ། དབང་བསྐུར་རྫོགས་པར་ཐོབ་པའི་བཏང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟར་སྤྲུལ་ཏེ་འབུལ་ན་ཆ་ཤས་ནས་བཞེས་ཏེ་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་སོགས་གསུམ། རྣམ་དཀར་གྱི་དགེ་རྩ་མཐའ་དག་འཁོར་གསུམ་རྣམ་པར་མི་རྟོག་པའི་དབྱིངས་སུ་བསྔོ་བས་རྒྱས་འདེབས་པ་དང་འདི་ཉིད་ཀྱི་སྒོ་ནས་ཀྱང་རང་གཞན་གྱི་དོན་རྒྱ་ཆེན་པོར་བསྒྲུབ་པར་མཛོད་ཅིག །བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་ཤིས་བརྗོད་གང་འོས་བྱའོ། །དེ་ནས་རྗེས་ཀྱི་ཆོ་ག་ནི། ཚོགས་མཆོག་འདོད་ན་བདེ་མཆོག་ལྷ་ལྔ་ལྟར་བྱ། གཞུང་དུ་མ་བཤད་པས་མ་གྲུབ་ཀྱང་ཆོག །དཀྱིལ་ཆོག་གི་གཤམ་ནས་འབྱུང་བ་ལྟར་མཆོད་པ་རྣམས་ཁ་གསོས་བྱིན་བརླབ། མཆོད་བསྟོད་བྱ། བཅོམ་ལྡན་འདས་དཔལ་དགྱེས་མཛད་རྡོ་རྗེའི་སོགས་བརྗོད་ལ་དངོས་གྲུབ་ཞུ། ཡིག་བརྒྱ་ལན་ཉེར་གཅིག་བཟླ། བཟོད་གསོལ་བྱ། དཀྱིལ་འཁོར་རས་བྲིས་སྐབས། ཕྱོགས་བཅུ་ན་བཞུགས་པའི་སོགས་སྤྱི་ལྟར་བརྗོད་ལ་ཡེ་ཤེས་པ་རྣམས་རྟེན་དང་དཀྱིལ་འཁོར་ལ་རྟན་བཞུགས་བྱ། དམ་ཚིག་པའི་དཀྱིལ་འཁོར་ༀ་ཨཱཿཧཱུྃ་གིས་རང་གི་སྙིང་གར་ཐིམ་པར་གྱུར། ཞེས་མོས། སྔར་ཕུར་གདབ་བྱས་ན། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་
༢༤༡ སརྦ་ཨཱརྠ་ས་དྷ་ནི་སྭཱ་ཧཱ། ཞེས་སྤྱན་མའི་སྔགས་ཀྱི་ཕུར་བུ་རྣམས་དབྱུང་། སྔགས་དེ་ཉིད་ཀྱིས་ཕུར་ཁུང་དགང་། སྐྱེ་ཞིང་སྐྱེ་བར་རིགས་མཆོག་ཏུ། སོགས་ཐུན་མོང་མ་ཡིན་བསྔོ་སྨོན་རྒྱས་པ་དང་ཤིས་བརྗོད་བྱས་རོལ་མོ་སྙན་པར་དཀྲོལ་བཞིན་མེ་ཏོག་གི་ཆར་དབབ་སོ། །མི་བསྐྱོད་རྡོ་རྗེ་བཞི་ཡི་ཡེ་ཤེས་ནི། མི་ཟད་རྒྱན་འཁོར་ལྔ་ཡི་དཀྱིལ་འཁོར་དུ། ཤར་བའི་དབྱངས་དང་མཉམ་པར་ཉིད་གྱུར་ནས། སྲིད་འགྲོ་དེ་ཡིས་ཕྱག་རྒྱས་ཐེབས་པར་ཤོག །འདིའང་རྗེ་བཙུན་རིན་པོ་ཆེ་ནས་མཛད་པའི་སྒྲུབ་དཀྱིལ་གྱི་ཞབས་འདེགས་དང་། སྔ་ཕྱིར་བསྐུལ་པ་པོ་མང་ཞིག་གི་སླད་དུ་ཀརྨ་བཀའ་བརྒྱུད་ཀྱི་བྲལགྲལ་མཐའ་འཁོད་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་རང་ལོ་གྱ་བདུན་པར་དཔལ་སྤུངས་ཡང་ཁྲོད་ཤྲཱི་དེ་བི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གིས་སྒྲུབ་གནས་སུ་བགྱིས་པའི་ཡི་གེ་པ་ནི་གམ་དུ་འཁོད་པ་བློ་གསལ་གསང་སྔགས་བསྟན་འཛིན་ནས་བགྱིས་པ་དགེ་ལེགས་འཕེལ།། །།


Notes


Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion.