Tibetan:ཆོས་དྲུག་རྡོ་རྗེའི་གཞུང་
Jump to navigation
Jump to search
ཆོས་དྲུག་རྡོ་རྗེའི་གཞུང་
chos drug rdo rje'i gzhung
Damngak Dzö Volume 10 (ཐ་) / Pages 327-347 / Folios 1a1 to 10a4
chos drug rdo rje'i gzhung
Damngak Dzö Volume 10 (ཐ་) / Pages 327-347 / Folios 1a1 to 10a4
Tibetan Text
༣༢༧
ཆོས་དྲུག་རྡོ་རྗེའི་གཞུང་བཞུགས་སོ། །
༣༢༨
བླ་མ་དང་དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྡོ་རྗེའི་ལུས་ལ་རྡོ་རྗེའི་རྟེན་འབྲེལ་བསྒྲིགས། རྡོ་རྗེ་སེམས་དཔའ་རྡོ་རྗེའི་ལུས་བུག་ནས། །རྡོ་རྗེ་གསུམ་བརྙེས་རྡོ་རྗེའི་བརྟུལ་ཞུགས་ཅན། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །ཚེ་གཅིག་སངས་རྒྱས་སྟེར་བ་རྡོ་རྗེའི་ཐེག །སྤང་བྱ་ལམ་དུ་བྱེད་པ་ཁྱད་འཕགས་ལམ། །རྟེན་འབྲེལ་ལུས་ལ་སྒྲིག་པ་ཟབ་པའི་གནད། །མྱུར་སྐྱོབས་བདེ་བའི་ལམ་མཆོག་འདི་བཀོད་བྱ། །གང་ཞིག་དངོས་པོའི་གནས་ལུགས་ལུས་དང་སེམས། །ཇི་བཞིན་མངོན་དུ་བྱེད་པ་ཟབ་མོའི་ལམ། །དེ་དོན་མངོན་དུ་གྱུར་པ་འབྲས་བུའི་མཆོག །གཞི་ལམ་འབྲས་བུ་གསུམ་འདིར་ཐམས་ཅད་འདུས། །རྩ་རླུང་ཐིག་ལེ་སྐྱོན་མེད་རྡོ་རྗེའི་ལུས། །གནད་དུ་སྣུན་པར་བྱེད་པ་གཏུམ་མོའི་ལམ། །སྦྱོར་བ་དངོས་གཞི་རྗེས་ཀྱི་རྣལ་འབྱོར་གསུམ། །རིམ་པ་གསུམ་ལ་ངེས་པར་འབད་པར་བྱའོ། །སྐྱོན་མེད་ལུས་ལས་ཡོན་ཏན་འབྱུང་བའི་ཕྱིར། །ལུས་ཀྱིས་ལུས་ལ་གནད་དུ་སྣུན་པའི་ཕྱིར། །ལུས་ཀྱི་སྐྱོན་རྣམས་ལུས་ཀྱིས་དག་བྱེད་པས། །ལུས་ཀྱི་བྱ་བ་འཁྲུལ་འཁོར་
༣༢༩
འབད་པར་བྱ། །བཅུ་ཕྲག་ལྔ་དང་དྲུག་གིས་ལྷག་པ་ཡིས། །འཁྲུལ་འཁོར་རྣམས་ནི་ཉི་མ་རེ་རེ་བཞིན། །དུས་ཚོད་གསུམ་ལ་རེ་རེ་མ་ཆག་པར། །ལྷ་དང་སྟོང་རའི་སྦྱོར་བ་ལྡན་པས་བྱ། །ལུས་ནི་ཆོས་བདུན་ལྡན་པས་གནས་བྱས་ལ། །ལྷ་དང་བླ་མའི་རྣལ་འབྱོར་རྣམས་བྱས་ནས། །རྔུབ་དང་དགང་དང་འབུད་པའི་སྦྱོར་བ་ཡིས། །བུམ་པ་ཅན་གྱི་རླུང་ནི་སྦྱང་བར་བྱ། །ལུས་དང་རྩ་ཡི་སྟོང་ར་གཉིས་ལྡན་པས། །དབུ་མ་ཆོས་བཞི་ལྡན་པ་བསྒོམས་བྱས་ལ། །དྷཱུ་ཏིའི་མར་སྣར་རིག་པ་བཙུད་པར་བྱ། །རྩ་ལམ་སྦྱངས་པས་རྩ་ཡི་ཟུག་རྔུ་མེད། །རླུང་རྣམས་འདུ་ཞིང་རྩ་ཡི་མདུད་པ་དྲལ། །ཁམས་རྣམས་གཡོས་པས་སྲིད་པ་གསུམ་པོ་འཇིག །ཡོན་ཏན་ཀུན་འབྱུང་གསང་བའི་ལམ་མཆོག་སྟེ། །སྲོག་གིས་ལུས་ཕུག་ཟླ་བ་ནམ་མཁར་བརྟན། །སུམ་ཅུའི་ཞག་གིས་རླུང་རེ་གནས་སུ་ཞི། །དབུ་མ་དག་པས་རླུང་རྣམས་འདོད་དོན་འབྱིན། །དེ་དོན་བླ་མ་དམ་པ་ལས་ཤེས་ཤིང་། །མཐོང་བ་བརྒྱུད་ལས་རྟོགས་འགྱུར་གཞན་དུ་མིན། །རླུང་སེམས་དབང་དུ་སྡུད་ཅིང་རྩ་མདུད་
༣༣༠
འཇིག །དྭངས་མ་གཡོ་བར་བྱེད་པ་ལུས་ཀྱི་གནད། །མེ་ཐབས་དྲུག་ཆིངས་བདེ་དྲོད་རང་འབར་ཏེ། །བཅུ་ཕྲག་གསུམ་ན་ལུས་ཀྱིས་མངོན་གསུམ་མོ། །དྲག་པོ་གསུམ་དང་གཅུད་དང་འཇམ་པ་གསུམ། །གསུམ་གསུམ་དགུ་ཡིས་འབུང་པ་དགུ་ཕྲུགས་ཏེ། །རོ་སྟོད་ཁེངས་དང་རླུང་གི་ནད་རྣམས་སེལ། །འབུད་པ་འབྱོངས་པས་རྡུབ་པ་ལས་སུ་རུང་། །འཇམ་ལ་རིང་བས་ཕྱི་ནས་ནང་དུ་དྲང་། །ཁེངས་པར་བཟུང་ལ་གང་བའི་དུས་ན་གཞིལ། །མི་ཐུབ་དུས་ན་བཅག་ཅིང་སྤྲུགས་པར་བྱ། །དྲག་པོས་འབུད་ལ་བར་མཚམས་མེད་པར་བསྒོམ། །རྩ་གསུམ་འཁོར་ལོ་བཞི་ལ་བརྒྱ་དང་ནི། །བཅུ་ཕྲག་གཉིས་དང་གསུམ་གྱིས་ལྷག་པའི་རྩ། །གདུགས་ཀྱི་རྣམ་པ་མེ་ཡི་རང་བཞིན་ཅན། །གསལ་བར་སྒོམ་པ་རྩ་ཡི་རྣལ་འབྱོར་རོ། །རྩ་གསུམ་འཇོམ་པར་ཨ་ཐུང་རྒོད་མ་ཁ། །ཤད་ཀྱི་རྣམ་པ་སོར་མོ་དག་གི་ཚད། །རླུང་གིས་གཙུབས་པས་མེ་ཡི་རང་བཞིན་འགྱུར། །རྩེ་གཅིག་བསྒོམས་པས་ཕྲ་བའི་རླུང་ཉིད་འགོག །སོར་མོ་བཞི་སྙོམས་འཁོར་ལོ་རབ་བཅིངས་ཏེ། །ཐུར་སེལ་བསྐུམ་པས་གཏུམ་མོའི་མེ་ཆེན་འབར། །འཐུར་དུ་འགྲོ་བ་གཡོ་མེད་བརྟན་པར་བཅིང་། །རླུང་གི་ཡོན་ཏན་མ་ལུས་འདི་ལས་བྱུང་། །སྦོ་འདྲིལ་གཟེར་ཟུག་འཁྲུལ་འཁོར་དྲུག་གིས་བཤིག །ངག་འདྲེན་གནད་ཀྱིས་འོག་རླུང་སྟེང་དུ་འདོན། །གཞང་སྲིད་ཟ་བ་དྲོད་ཀྱི་སྦྱོར་བས་བསལ། །སྲིན་ལམ་བསྡམས་ན་འཁྲུལ་འཁོར་དག་གིས་བསལ། ཚ་ཟུག་ལ་སོགས་སུམ་ཅུའི་ཞག་ན་ཞི། །མ་ཟོས་བཀྲེས་མེད་ཟོས་ན་ཐམས་ཅད་འཇུ། །རླུང་མཁྲིས་བན་ཀན་འདུས་པའི་ནད་རྣམས་སེལ། །གཏུམ་མོའི་མེ་འབར་ཟླ་བ་ཟས་སུ་འཛིན། །ཨ་ཤད་སྲོག་ཐུར་གཉིས་ཀྱིས་གཙུབས་པ་ལས། །སོར་མོ་བཞི་དང་བཞི་ཡི་བར་དུ་འབར། །སྐུ་བསྲིངས་ནས་ནི་སྙིང་ཁ་མགྲིན་པའི་བར། །གཏུམ་
༣༣༡
མོ་འབར་ནས་གྲང་བའི་རེག་བྱ་འཇོམས། །མེ་ཡི་དྲོད་ཀྱིས་སུམ་ཅུ་རྩ་གསུམ་ཁམས། །དངས་མ་ཀུན་རྡར་རྩེ་ལ་འདུས་པ་ཡིས། །འཁོར་ལོ་བཞི་པོ་རིམ་པས་གང་པ་ལས། །དགའ་བ་བཞི་ཡི་ཡེ་ཤེས་དྲན་པར་བྱ། །མཐར་ནི་ཉི་མ་ཟླ་བས་ནོན་པ་ལས། །མགོ་ཞབས་མེད་པར་བདེ་བས་གང་བྱས་ལ། །འབྲོས་འདེད་ལ་སོགས་ཉམས་དང་བསྟུན་ལ་བྱ། །འཁོར་ལོ་གཉིས་ན་ཐིག་ལེའི་འབར་འཛག་བསྒོམ། །སྲིན་པོའི་གནད་དང་དྲང་ཚུགས་གསུམ་པོ་སོགས། །བཟུང་ཟློག་ལ་སོགས་ཉམས་མྱོང་དུས་དང་བསྟུན། །རྩ་ཁ་སྡོམ་དང་གློད་པ་ལ་སོགས་པ། །དུས་ཚོད་མ་ཤེས་ལོག་པའི་ལམ་དུ་འགྱུར། །སྟེང་དུ་འཐེན་ཅིང་འོག་ཏུ་དྲག་པོར་གཅུད། །སྟེང་འོག་རླུང་གཉིས་དྲག་པོར་ཁ་སྦྱར་ལ། །དྲོད་དང་བདེ་བ་སྟོབས་ལྡན་རབ་ཏུ་འབར། །མ་ཞུ་སྐྲན་སོགས་གྲང་བའི་ནད་རྣམས་འཇོམས། །དེས་ཀྱང་བགོས་ཆུང་གཙུབས་ཤིང་མེའི་འཁོར་ལོ། །སྔོན་དུ་འགྲོ་བའི་འཁོར་ལོ་ལྔ་བརྩེགས་དང་། །རྔུབ་དང་དགང་དང་གཞིལ་བ་དག་གི་མཐར། །བསད་པ་གསུམ་གྱི་མཐར་ནི་དགྲམ་དང་དབབ། །གསུམ་ཚན་གསུམ་གྱི་མེ་ཐབ་དགུ་སྐོར་ཡིན། །མགོ་བོའི་འཁྲུལ་འཁོར་ལྔ་དང་ལག་པའི་དྲུག །རྐང་པའི་བཞི་སྟེ་རྗེས་ཀྱི་འཁྲུལ་འཁོར་གསུམ། །སྦྱོར་བ་ལྔ་དང་དངོས་གཞིའི་འཁྲུལ་འཁོར་གཅིག །རྗེས་ཀྱི་གསུམ་པོ་བསྡོམས་པས་དགུ་སྐོར་ཡིན། །ཕྱི་ནང་མེད་པ་མེ་ཕུང་བཞིན་དུ་འགྱུར། །མེ་སྟོབས་ཆུང་ན་ཐིག་ལེ་ཞལ་སྦྱོར་བྱ། །ལོངས་སྤྱོད་རྦ་རླབས་སྦོམ་པོའི་སྟོབས་ཀྱིས་མནན། །གཡོ་བ་མེད་འགྱུར་མི་རྟོག་འོད་གསལ་འཆར། །འཕར་སྤྲུགས་བདེ་བ་གླུམ་སྤང་ཁོལ་བ་བཞིན། །གནད་ཀྱི་གེགས་སེལ་བླ་མའི་ཞལ་ལས་ཤེས། །བརྐྱང་བསྐུམ་གར་གྱིས་ཐུར་སེལ་དབང་དུ་བྱ། །དེ་ལ་གོམས་ནས་དྲང་ཚུགས་རྣམ་གསུམ་གྱིས། །
༣༣༢
རྒྱ་མཚོའི་སྟོབས་ཀྱིས་སྦྱོར་བ་སྟེང་དུ་དྲངས། །རྒྱ་མཚོ་དགང་ཞིང་གཅུ་བའང་མན་ངག་ཡིན། །ཡི་དྭགས་འདུག་སྟངས་གསང་བའི་ལུས་གནད་ལ། །ལག་པའི་ཕྱག་རྒྱ་ཨཾ་གུ་ལི་ཉིད་ནི། །ཚིམས་པར་མཉེས་པས་གཏུམ་མོའི་མེ་འབར་བས། །རིམས་གྱིས་དབབ་ཟློག་དྲང་ཞིང་གནས་སུ་བསྐྱལ། །ཡིད་འཕྲོག་ཕྱག་རྒྱ་མདུན་བསམ་འདུ་ཤེས་ཉིད། །གསུམ་དང་ལྡན་པས་མཁའ་གསང་བྱིན་གྱི་རླབས། །སྲུབ་སྐྱོང་དམིགས་པས་དབབ་ཅིང་བཟུང་བར་བྱ། །ཚིམས་པར་གྱུར་ནས་རང་གི་གནས་སུ་བསྐྱལ། །པདྨ་ཅན་སོགས་བུ་མོ་རྣམ་པ་དྲུག །རབ་འབྲིང་ཐ་མ་རེ་རེའང་གསུམ་གསུམ་སྟེ། །བརྟག་དང་དགུག་དང་སྦ་ཞིང་དབང་བྱས་ཏེ། །ཁྲིམས་བཅུ་ནོར་སོགས་དབང་གིས་སྨིན་པར་བྱ། །དབེན་པའི་གནས་སུ་བཅུད་ལྡན་བཟའ་བཏུང་གིས། །ལུས་ཁམས་རྒྱས་པར་བྱ་ཞིང་རྣལ་འབྱོར་བསྒོམ། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི། །འདོད་ཡོན་ལྔ་ལ་རིམ་གྱིས་བྲིད་ཅིང་བསླབ། །སྔོན་འགྲོ་ཁམས་ལ་རང་དབང་མ་ཐོབ་ན། །དངོས་གཞིའི་དུས་སུ་རྗེས་ཆགས་དབང་གྱུར་པས། །མདའ་འཕང་བཞིན་ཏུ་བྱང་སེམས་གནས་ནས་འཕོ། །ཁུ་བ་ཉམས་པ་མནར་མེད་དམྱལ་བའི་རྒྱུ། །གསུམ་དང་ལྡན་པས་མཁའ་གསང་བྱིན་གྱིས་བརླབ། །རོལ་རྩེད་བྱས་པས་གསང་བའི་རྩ་ཁ་བྱེ། །སྙོམ་པར་ཞུགས་ལ་རུས་སྦལ་འགྲོས་བཞིན་བྱ། །གོམས་པ་ཆུང་བས་གཡོ་བ་ཉིད་ནས་བཟུང་། །གོམས་པར་གྱུར་ན་དགའ་བཞི་རྫོགས་པར་དབབ། །ཟབ་མོའི་སྦྱོར་བས་འཕོ་མེད་བརྟན་པར་བཅངས། །རྣམ་པར་མི་རྟོག་ཟླ་བ་ནམ་མཁར་འགྲོ། །ཟློག་དང་དགྲམས་པས་བདེ་བ་རྒྱས་པར་བྱེད། །ལུས་ཀྱི་འཁྲུལ་འཁོར་ངག་གི་དྲག་རླུང་དང་། །སེམས་ཀྱི་དམིགས་པ་གནད་ཀྱི་གདམས་པ་རྣམས། །བླ་མ་དམ་པའི་ཞལ་ལས་རྟོགས་པར་གྱིས། །གཞན་དུ་བྱིས་པ་བསླུ་
༣༣༣
བ་མཚངས་སྟོན་བཞིན། །བཅུ་གཉིས་ལྡན་པའི་ལུས་གནད་ཀྱིས་གནས་པས། །ཉི་ཟླ་གཡོ་མེད་ནམ་མཁའི་དབྱིངས་སུ་བཅིངས། །འཇམ་རླུང་ཁ་སྦྱོར་འབུད་རྔུབ་དགང་བ་གསུམ། །ཡི་གེ་གསུམ་དམིགས་གཉུག་མའི་ངང་དུ་བཞག །འགྲངས་ཆེས་ལྟོགས་ཆེས་མི་སྒོམ་མེ་ཆུ་སྤང་། །རྐང་རྗེན་དྲག་ཤུལ་ལུས་པོ་མཉེ་བ་དང་། །ལན་ཚྭ་ཆེས་དང་རྒ་དང་གཡེར་མ་དང་། །སྒོག་བཙོང་གྲིབ་ཟས་སྐྱི་ཆགས་གོས་སོགས་སྤང་། །བཅུད་ཆེན་ཟས་དང་ཏིལ་མར་བྱུག་པ་དང་། །ཁ་ཟས་ཟ་ཚེ་རླུང་རོ་བུས་ལ་ཟ། །འགྱེལ་བུབ་མེད་པར་རྟག་པར་ལུས་པོ་བསྲང་། །རྩ་རླུང་མི་ཉམས་ཟས་སྤྱོད་བརྟེན་པར་བྱ། །ཕྱི་ནང་གསང་བའི་བདུད་རྩི་ལྔ་སོགས་ཀྱི། །རོ་བཅུད་སྦྱོར་བས་ལུས་ཀྱི་སྟོབས་རྒྱས་ནས། །སྙིགས་མ་རྣམས་སྦྱངས་རྡོ་རྗེའི་སྐུ་འགྲུབ་ཕྱིར། །དྭངས་མའི་རོ་བཅུད་ཀྱི་ནི་སྦྱོར་བས་སྤེལ། །སྟོང་ཕྲག་བདུན་ཅུ་གཉིས་སོགས་རྩ་རྣམས་ནི། །ཕལ་ཆེར་སྐམ་དང་འབྱར་དང་ཞར་བས་ན། །དེ་དག་རླུང་སོགས་རྩ་ཡི་ཟུག་རྣམས་འབྱུང་། །ལུས་སྦྱོང་འཁྲུལ་འཁོར་འབད་པས་ཟུག་ལས་གྲོལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལས་ཀྱི་རླུང་། །རང་རང་གནས་སུ་སྦྱོར་བ་མ་སྙོམས་པས། །ལོག་དང་རེངས་དང་བྱེར་དང་འཐས་པ་དང་། །འཐུམས་པས་རླུང་གི་ནད་རྣམས་ཐམས་ཅད་སྐྱེད། །རང་གནས་བཟུང་དང་གཞིལ་དང་སྡུད་པ་དང་། །དབབ་དང་གསེང་བའི་འཁྲུལ་འཁོར་རླུང་སྦྱོར་དང་། །དམིགས་པ་སྒོམ་དང་རྟེན་འབྲེལ་ཟབ་མོ་ཡིས། །རླུང་གི་ནད་ལས་རྣལ་འབྱོར་རྒྱལ་བར་བྱ། །སུམ་ཅུ་རྩ་གཉིས་གཟའ་སྐར་སྙིགས་མའི་ཚོགས། །བསྒོམས་པས་དྭངས་སྙིགས་ཕྱེད་ཅིང་གཡོ་བ་ལས། །དངོས་དང་རྨི་ལམ་ལ་སོགས་འཛག་པ་ལ། །འཁྲུལ་འཁོར་རླུང་སྦྱོར་རྟེན་འབྲེལ་
༣༣༤
ཟབ་མོས་བཅིང་། །རྩ་རླུང་ཐིག་ལེ་གནད་ཀྱིས་སྒོམ་པའི་ཉམས། །འཕེལ་འགྲིབ་ལ་སོགས་ཉམས་སྣང་སྣ་ཚོགས་པ། །གང་ཤར་ནང་གི་རྟེན་འབྲེལ་ཉིད་ཡིན་ཞིང་། །འབོར་ལེན་གནད་ཀྱི་གདམས་པས་ལམ་དུ་བྱ། །མ་རིག་བ་དང་ཉོན་མོངས་ལས་དབང་དང་། །འབྱུང་བཞི་ཆ་མ་སྙོམས་པ་ལས་བྱུང་བའི། །རླུང་མཁྲིས་བད་ཀན་འདུས་པའི་ནད་ལ་སོགས། །ཕྱི་ནང་ནད་རིགས་བྱེ་བྲག་བསམ་མི་ཁྱབ། །གྲོགས་སུ་འཁྱེར་དང་རོ་སྙོམས་དམིགས་པ་དང་། །འཁྲུལ་འཁོར་དབྱུག་པ་རིན་ཆེན་སྦྱོར་བ་སོགས། །ནད་རིགས་བཅོས་དགོས་སོ་སོར་མ་འཛོལ་བར། །ཉམས་ཀྱི་དཔགས་ལ་འདུ་བ་འཁྲུགས་པ་བསལ། །གེགས་སྐྱོན་བསལ་ཞིང་རྩེ་གཅིག་བསྒོམ་པ་ལས། །སྡུག་བསྔལ་དུས་དང་འདོད་ཆགས་འབར་བའི་དུས། །གཏུམ་མོ་ཡོན་ཏན་དུས་དང་རྣམ་པ་གསུམ། །དྲོད་དང་བདེ་བ་རྣམ་པར་མི་རྟོག་པས། །རླུང་ལྔ་ཟིན་དང་ལས་རང་དབང་དུ་འགྱུར། །རྩ་འཛིན་ཉམས་དང་བྷ་ག་རྩ་ཉམས་གསུམ། །ཟིན་དང་སྟོབས་འཕེལ་ཆ་སྙོམས་རླུང་ཉམས་གསུམ། །བདུད་རྩི་ཆ་སྙོམས་སྟོབས་འཕེལ་རྒྱས་པ་གསུམ། །འདུ་བ་གསུམ་སོགས་གནས་སྐབས་ལམ་གྱི་རྟགས། །གསང་གནས་ཕྱེད་དུ་གང་ཞིང་བརྟན་པ་ལས། །སྟོང་དང་བརྒྱད་བརྒྱའི་ལས་རླན་དབུ་མར་ཐིམ། །མཐོང་བའི་ལམ་སྟེ་སྟོང་དང་བརྒྱད་བརྒྱའི་བར། །བཅུ་གཉིས་ཐིམ་པས་སྒོམ་པའི་ལམ་གྱིས་ནི། །བཅུ་གཅིག་ས་ནི་ཡོངས་སུ་བགྲོད་པའོ། །ཐོག་མའི་ས་ལ་དབུ་མའི་མདུད་པ་རེ། །བར་དུ་ས་རེས་གསུམ་གསུམ་སུམ་ཅུ་གྲོལ། །དབུ་མའི་ཐོག་མའི་མདུད་པ་གྲོལ་བ་ལས། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་བརྙེས། །རོ་རྐྱང་རྩ་དག་རྩོལ་བ་སྲོག་གི་རླུང་། །དབུ་མར་ཐིམ་པས་ལོངས་སྤྲུལ་སྐུ་གསུམ་བརྙེས། །ཡབ་ཡུམ་ཞལ་སྦྱོར་མཚན་དཔེས་བརྒྱན་པ་དང་། །སྟོབས་བཅུ་མི་འཇིགས་
༣༣༥
སོ་སོར་རིག་པ་བཞི། །མངོན་ཤེས་དྲུག་དང་མ་འདྲེས་བཅོ་བརྒྱད་ཆོས། །ཕྲིན་ལས་བཞི་ཡིས་འགྲོ་བའི་དོན་མཛད་དོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཚེ་འདིར་མངོན་དུ་བྱེད་པ་གཏུམ་མོའི་བདེ་དྲོད་རྩོལ་མེད་དུ་སྐྱེ་བའི་གདམས་པ་རྫོགས་སོ།། །རང་བཞིན་དག་པ་གདོང་ནས་འོད་གསལ་ཞིང་། རྒྱུ་རྐྱེན་གཉིས་བྲལ་ལྷུན་གྲུབ་འདུས་མ་བྱས། །ཡོད་མེད་ཅིར་ཡང་མ་ངེས་སྤྲོས་པས་དབེན། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །དབེན་པའི་གནས་སུ་འདུ་འཛི་ཀུན་སྤངས་ལ། །ཚ་ཟེར་མི་བསྟེན་བཅུད་ཅན་ཟས་དག་བརྟེན། །བླ་མའི་མོས་གུས་གསོལ་འདེབས་གནད་ནས་སྐུལ། །རླུང་དྲག་གཅུད་ཅིང་སྤྲོས་མེད་དོན་ལ་བསྒོམ། །ཁ་བས་དྭངས་སྙིགས་ལེགས་པར་ཕྱེད་སོགས་དུས། །མིའི་སེང་གེའི་ཉལ་ཐབས་ཅོག་པུ་ལ། །ལྷ་དང་བླ་མའི་རྣལ་འབྱོར་སྔོན་སོང་ནས། །ཧཱུྃ་གི་སྤྲོ་བསྡུས་པདྨའི་སྐབས་བཞིན་བསྒོམ། །མིག་གཉིས་སོར་བཞག་དམིགས་པ་ཡང་ཡང་བསྟེན། །ཞག་ལྔའི་དུས་ལས་མི་འདའ་འདོད་པ་འགྲུབ། །དེ་ལ་བརྟེན་ནས་རིམ་གྱིས་ཇེ་ཆེར་འཕེལ། །གཅིག་ལ་མི་བརྟན་སྦྱོར་བ་སྤོ་མི་བྱ། །སྐྱ་རེངས་ཤར་ནས་ཉི་མ་བཅུ་སྙེད་བར། །སེང་གེའི་སྟབས་སོགས་གང་བདེའི་ངང་གནས་པས། །སྲོག་རླུང་གཅུད་ཅིང་སྲོག་རྩོལ་གཉིས་ཀྱི་དབུས། །འདམ་སྐྱེས་སྟེང་དུ་ཧཱུྃ་ཡིག་གསལ་བར་བསམ། །གནད་བཞི་ལྡན་པས་གཉུག་མའི་ངང་དུ་གཉིད། །སྐབས་སུ་འདུན་པ་དྲན་པའི་ལྕག་གིས་བསྐུལ། །སྣང་མཆེད་ཐོབ་ཐིམ་ལྟ་ཐབས་ངོ་སྤྲོད་བྱ། །དོན་མ་འགྲུབ་ན་དབུགས་དང་མཛོད་སྤུར་གཅུད། །གཉིད་མཐུག་གྱུར་པ་སྲོད་ཀྱི་དུས་དག་ཏུ། །སྙིང་གི་ཆུ་སྐྱེས་འདབ་མ་བཞི་པ་ལ། །ཨ་ནུ་ཏ་ར་ཧཱུྃ་ཡིག་ལྔ་རིམས་བཞིན། །ཤེས་པ་གཏད་ལ་གནད་ཀྱི་མན་ངག་བསྟེན། །ཚེས་གཅིག་ནས་ནི་གཉིས་ལ་གཉིད་གཅིག་ལ། །གསུམ་
༣༣༦
ནས་བཟུང་ནས་འདོད་དོན་མ་འགྲུབ་བར། །ཨ་ནུ་ལ་སོགས་གནད་ཀྱི་མན་ངག་གིས། །འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། །གྲིབ་ལ་འཛེམ་ཞིང་བཅུད་ཅན་ཁ་ཟས་བསྟེན། །དབེན་བའི་གནས་སུ་ལེགས་པར་མཚམས་བཅད་ནས། །རླུང་བཟུང་མི་རྟོགས་ངང་ལ་མ་ཡེངས་བསྒོམ། །བླ་མའི་མོས་གུས་གསོལ་འདེབས་གནད་དུ་ཆེ། །ཀུན་དྷ་མི་ཉམས་དམ་ཚིག་འདི་དྲུག་བསྲུང་། །ཆོས་ཉིད་དྲི་མས་དབེན་ཞིང་འོད་གསལ་སྟེ། །རང་གསལ་ཡེ་གསལ་ཁ་གཏིང་མེད་པར་གསལ། །གསལ་ཞིང་དྭངས་པས་རྐྱེན་གྱི་དབང་བཞིན་འཆར། །སྤང་རྟོགས་རིམ་བཞིན་ལམ་གྱི་འོད་གསལ་ཏེ། །བརྒྱལ་དང་སྙོམས་འཇུག་ཤི་དང་གཉིད་ལོག་དང་། །ཏིང་འཛིན་དབུ་མར་རླུང་ཚུད་གནས་སྐབས་དྲུག །ཇི་ལྟ་ཇི་སྙེད་མཁྱེན་པ་འབྲས་བུའོ། །ཉམས་ཀྱི་འོད་གསལ་མངོན་པར་ཤེས་པའི་རྒྱུ། །སྲབ་དང་འཐུག་པས་རིམ་བཞིན་བར་དོ་དང་། །འཆི་བའི་དུས་ལ་ཆོས་སྐུ་མངོན་དུ་བྱེད། །ཉིན་མཚན་མེད་སྒོམ་འཇའ་ལུས་རྡོ་རྗེའི་སྐུ། །འོད་གསལ་གཏི་མུག་ལམ་འཁྱེར་གྱི་གདམས་པ་རྫོགས་སོ།། །།གང་གི་བློ་གྲོས་ཉིན་མོར་བྱེད་པའི་མཐུས། །གཉིས་སྣང་མུན་པའི་སྨག་རུམ་ལེགས་བསལ་ནས། །གནས་ལུགས་མ་ནོར་གསལ་བར་སྟོན་མཛད་པའི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །དངོས་པོ་ཀུན་གྲུབ་སྣ་ཚོགས་ཇི་སྙེད་ཀུན། །ཇི་ལྟར་སེམས་ཀྱིས་བཟུང་ཞིང་དེར་སྣང་ཕྱིར། །སྣང་བ་གཞན་དུ་དེར་ནི་མ་སྐྱེས་ཏེ། །མ་སྐྱེས་པ་ལ་གནས་དང་འགག་པ་མེད། །ཕྱོགས་ཀྱི་ཆ་མེད་དངོས་པོའི་རྫས་མི་སྲིད། །ཆ་ཤས་ཡོད་ན་རྫས་ཀྱི་ཆུང་མཐའ་མིན། །ཆུང་མཐའ་ཡོད་ན་ཆ་ཤས་ཇི་ལྟར་རུང་། །གཅིག་མ་གྲུབ་ཕྱིར་དུ་མ་ག་ལ་ཡོད། །ཇི་ལྟར་སྣང་བ་རྒྱུ་ལས་སྐྱེས་པ་ན། །ཐོག་མའི་རྒྱུ་དེ་གང་ལས་སྐྱེ་བར་འགྱུར། །དེ་ལ་རྒྱུ་ཡོད་ཐོག་མར་མི་རུང་ལ། །རྒྱུ་མེད་པས་ན་རྒྱུ་ལས་ཇི་
༣༣༧
ལྟར་སྐྱེས། །སྔ་མ་འགག་པ་མེད་ཕྱིར་སྐྱེ་བ་མེད། །ཕྱི་མ་ད་ལྟར་མེད་ཕྱིར་གང་ལས་སྐྱེ། །ད་ལྟར་བ་ལ་རྒྱུ་འབྲས་གཉིས་མི་སྲིད། །དེ་ཕྱིར་རྒྱུ་ལས་མེད་འབྲས་རྐྱེན་ལ་མཚུངས། །རྒྱུ་ཉམས་པ་ལས་འབྲས་བུ་མི་སྐྱེ་སྟེ། །ས་བོན་རུལ་བའི་མྱུ་གུ་ཇི་བཞིན་ནོ། །རྒྱུ་མཉམ་ས་ལ་འབྲས་བུ་མི་སྲིད་དེ། །ས་བོན་རང་སར་གནས་པའི་འབྲས་མི་སྲིད། །འབྲས་བུ་གྲངས་མཉམ་དེ་ཡཾ་རྒྱུ་ཡོད་ན། །རྒྱུ་གཅིག་ལས་སྐྱེས་འབྲས་བུར་ག་ལ་འགྱུར། །འབྲས་བུ་རེ་ལ་རྒྱུ་རེ་མེད་པ་ན། །རྒྱུ་ལས་སྐྱེས་པའི་འབྲས་བུར་ག་ལ་འགྱུར། །རང་ལས་རང་མ་སྐྱེས་ཏེ་རང་ལས་ནི། །ཐ་དད་པས་ནི་རང་ལས་སྐྱེ་བ་མིན། །གཞན་ལས་རང་ནི་སྐྱེ་བ་གང་ལ་སྲིད། །རྒྱུ་ལ་ཇི་ལྟར་རྐྱེན་ལས་ཤེས་པར་བྱ། །རྒྱུ་རྐྱེན་འཚོགས་པས་འབྲས་བུ་སྐྱེད་བྱེད་ན། །རྒྱུ་ཡང་རྐྱེན་དེ་བྱེད་པའང་རྐྱེན་ཡིན་ཕྱིར། །དེ་དག་བྱར་མེད་འདུས་མ་བྱས་སུ་འགྱུར། །རྒྱུ་རྟག་པ་ལས་འབྲས་བུ་སྐྱེད་མི་ནུས། །མི་རྟག་པ་ནི་མེད་ཕྱིར་སྐྱེ་མི་ནུས། །ནུས་པ་མཐུན་ན་རྒྱུ་རྐྱེན་གཉིས་མ་ཡིན། །ནུས་པ་མི་མཐུན་གཅིག་གིས་གཅིག་འཇོམས་པས། །རྒྱུ་རྐྱེན་གཉིས་འཛོམ་འབྲས་བུ་སྐྱེད་པ་མེད། །རང་བཞིན་གཅིག་ནས་འབྲས་བུ་མང་པོ་མིན། །ཐ་དད་པས་ན་རྒྱུ་གཅིག་ལས་སྐྱེས་མིན། །སྟོང་པ་ཡིན་ན་མེད་ཕྱིར་འབྲས་མི་སྐྱེ། །སྟོང་མིན་སྣང་ཞིང་བདེན་ནའང་འབྲས་མི་སྐྱེ། །བསྐྱེད་བྱ་སྐྱེད་བྱེད་གཅིག་ན་རྒྱུ་འབྲས་མིན། །རིགས་མ་མཐུན་ན་རྒྱུ་འབྲས་འཆོལ་བར་འགྱུར། །འདས་དང་མ་འོངས་ད་ལྟར་དུས་མཉམ་ལས། བསྐྱེད་བྱ་སྐྱེད་བྱེད་རྒྱུ་རྐྱེན་འབྲས་བུ་མེད། །རྒྱུ་ལ་འབྲས་བུའི་མཚན་ཉིད་དག་ཡོད་ན། །ཡོན་ཏན་འབྲས་བུ་གསར་དུ་སྐྱེད་ཅི་དགོས། །མེད་ན་རྐྱེན་གྱིས་འབད་པ་དོན་མེད་དོ། །དབྱིབས་དང་ཁ་དོག་དྲི་རོ་ནུས་པ་སོགས། །ལྷན་ཅིག་གྲུབ་ཕྱིར་སོ་སོར་བྱེད་པོ་མེད། །བྱེད་པོ་མེད་ན་འདུས་མ་བྱས་སུ་འགྱུར། །བྱེད་པོ་ཡོད་ན་རྒྱུ་ལ་རྐྱེན་དག་གིས། །འདི་ཡིས་འདི་བྱས་ཇི་ལྟར་ཤེས་པར་འགྱུར། །རྒྱུ་མ་འགགས་པར་འབྲས་བུ་མི་འབྱུང་ལ། །འབྲས་བུ་སྨིན་ཚེ་རྒྱུ་
༣༣༨
མེད་འཕྲེལ་པ་མེད། །སྔ་མའི་དངོས་ཚོགས་ཕྱི་མ་སྐྱེས་ཆོ་འགག །རིང་ཐུང་སྦོམ་ཕྲ་དུས་གཅིག་འབྲེལ་པ་མེད། །རྩེ་མོ་མ་སྐྱེས་རྩ་བ་ཇི་ལྟར་རུང་། །རྩ་བ་མེད་པའི་རྩེ་མོ་ཇི་ལྟ་བུ། །རྩ་བ་རྩེ་མོ་ཐོག་མར་གང་ཞིག་སྐྱེས། །གང་སྐྱེས་རྩ་བ་རྩེ་མོ་གཉིས་ཀ་མིན། །དེ་གཉིས་མཉམ་དུ་བྱུང་བའང་མ་ཡིན་ནོ། །དུས་དང་གནས་དང་ངོ་བོ་ཐ་དད་ནས། །ཐ་དད་ཕྱིར་ན་གཅིག་པའི་འབྲེལ་བ་མེད། །འདུས་བྱས་ཆོས་ལ་ཆོས་གསུམ་ཚང་བ་མེད། །འདུས་བྱས་ཆོས་ལ་ཚང་ན་འདུས་བྱས་མིན། །འབྲས་བུའི་རང་བཞིན་ཡོན་ཏན་སྐྱེ་མི་འགྱུར། །འབྲས་བུར་གྲུབ་ཕྱིར་སྐྱེ་བ་གང་ལ་སྲིད། །རང་བཞིན་མེད་ན་སྐྱེ་བར་ག་ལ་འགྱུར། །དེ་མེད་པ་ལས་དེ་ནི་སྐྱེ་བ་མེད། །མ་སྐྱེས་པར་ནི་སྐྱེ་བ་གང་ཡང་མེད། །སྐྱེས་ཟིན་པ་ནི་སླར་ཡང་ཇི་ལྟར་སྐྱེ། །དངོས་དེ་ལས་ནི་དངོས་པོ་དེ་མི་སྐྱེ། །དེ་ལས་ཐ་དད་པ་ནི་གང་ལ་སྐྱེ། །དངོས་མེད་ལས་ནི་དངོས་པོ་གང་ལས་སྐྱེ། །སྔ་མ་འགགས་དང་ཕྱི་མ་མ་སྐྱེས་བས། །ད་ལྟར་གནས་པ་ཉིད་ནི་ག་ལ་འབྱུང་། །གནས་ཚར་བ་ལ་གནས་པ་ཉིད་ནི་མང་། །མ་གནས་པར་ནི་གནས་བར་ག་ལ་འགྱུར། །འགགས་ཟིན་ཕྱིར་ན་སླར་ཡང་འགག་པ་མེད། །མ་འགགས་པར་ནི་དེ་བས་འགགས་པ་མེད། །མ་སྐྱེས་པ་ལ་འགག་པ་མེད་པ་སྟེ། །གནས་པ་གནས་པའི་ཕྱིར་ན་འགག་པ་མེད། །སྐྱེ་བ་སྐྱེ་བའི་ཕྱིར་ན་འགག་པ་མེད། །ཆད་དང་རྟག་ལ་འགག་པ་ཡོད་མ་ཡིན། །ཀུན་རྫོབ་ཆོས་རྣམས་རྒྱུ་དང་རྐྱེན་ལས་བྱུང་། །བདེན་མིན་རྫུན་མིན་སྒྱུ་མ་ལྟ་བུའི་ཆོས། །སྣང་ཙམ་ཉིད་ནས་མ་གྲུབ་རྟེན་འབྲེལ་ཡིན། །དེ་ལྟར་རྟོགས་ན་སྤངས་རྟོགས་གང་ཡང་མེད། །རྒྱུ་དང་འབྲས་བུ་གཅིག་དང་ཐ་དད་མིན། །ཆ་ཤས་བཅས་ལ་རྫས་གཅིག་མི་སྲིད་ལ། །རྫས་དེའི་རྫས་སུ་གཅིག་པས་ཐ་དད་མིན། །བྱེ་བྲག་སོ་སོའི་རྫས་རྣམས་གཅིག་པ་མིན། །བྱེ་
༣༣༩
བྲག་ཇི་སྙེད་ཡོད་པ་དངོས་པོར་གཅིག །དངོས་པོ་དངོས་མེད་གཉིས་ཀྱང་གཅིག་པ་མིན། །གཉིས་ཀ་ཤེས་བྱ་ཡིན་ཕྱིར་ཐ་དད་མིན། །སྤྱི་ཡིས་མ་ཁྱབ་བྱེ་བྲག་རྫས་མེད་ལ། །བྱེ་བྲག་རྫས་ནི་སྤྱི་ཉིད་མ་ཡིན་ནོ། །ཆོས་ཉིད་ལས་གཞན་ཆོས་ཅན་གཅིག་ཀྱང་མེད། །ཆོས་ཅན་སྣ་ཚོགས་ཆོས་ཉིད་མ་ཡིན་ནོ། །འཁོར་བ་ཉིད་ལས་མྱང་འདས་ཐ་དད་མིན། །མྱ་ངན་འདས་པ་འཁོར་བ་ཉིད་མིན་ནོ། །ཤིང་དང་ལྤགས་པ་རྔ་ཡོག་ལག་པ་སོགས། །ཀུན་ལས་འབྱུང་ཕྱིར་སྒྲ་དེ་ཐ་དད་མིན། །སྒྲ་དེ་ཤིང་སོགས་མིན་པས་གཅིག་པ་མིན། །གང་ལས་མ་སྐྱེས་མི་གནས་འགག་པ་མེད། །འདུས་བྱས་ཐམས་ཅད་རྨི་ལམ་སྒྱུ་མ་ཡིན། །ཉི་ཟླ་གང་ཤར་ཀུན་གྱི་ཤར་ཡིན་ཕྱིར། །ཤར་ནུབ་ལྷོ་བྱང་གཅིག་ཏུ་ངེས་པ་མེད། །ཤར་སོགས་ཕྱོགས་ལ་ངེས་པ་མེད་པའི་ཕྱིར། །མཐའ་མེད་པས་ན་དབུས་ཉིད་ག་ལ་ཡོད། །ཐོག་མར་སྐྱེས་སམ་འོན་ཏེ་ཐོག་མར་ཤི །གཅིག་ལ་གཅིག་ལྟོས་ཐོག་མ་ག་ལ་སྲིད། །ཟད་པ་མེད་ཕྱིར་འཁོར་བའི་མཐའ་མ་གང་། །ཐོག་མཐའ་མེད་པས་དབུས་ཉིད་ག་ལ་རུང་། །དུས་མཐའི་སྐད་ཅིག་ཞག་དང་ཟླ་བ་ལོ། །བསྐལ་པའི་ཐོག་མཐའ་མ་དམིགས་དབུས་དེ་བཞིན། །འདས་དང་མ་འོངས་འགགས་དང་སྐྱེ་མེད་ཕྱིར། །བར་དུ་གནས་པའི་སྐད་ཅིག་མ་དེ་མེད། །སྐྱེ་བཞིན་པ་ནི་འདས་དང་མ་འོངས་མིན། །སྐྱེ་བ་མ་ཚར་བར་དུ་གནས་པའང་མིན། །སྐྱེ་བ་མེད་ལ་དུས་གསུམ་ག་ལ་སྲིད། །འགགས་ཟིན་ན་ནི་ད་ལྟ་གནས་པ་མེད། །སྔ་མ་མ་ཡིན་གཞན་པ་གནས་མེད་ཕྱིར། །སྔ་མ་ཡིན་ཕྱིར་ད་ལྟ་གནས་པ་མེད། །ད་ལྟར་བ་ཡི་སྐད་ཅིག་མ་འདི་ནི། །སྔ་མ་ལ་ལྟོས་ཕྱི་མ་ཉིད་ཡིན་ལ། །ཕྱི་མ་ལ་བལྟོས་སྔ་མ་ཡིན་པས་སྟེ། །སྔ་ཕྱི་གཉིས་འགལ་དུས་གསུམ་
༣༤༠
གཅིག་པ་འགལ། །དུས་བཞི་སོ་སོར་སྣང་ཚུལ་ཐ་དད་པ། །བྱེད་པ་པོ་མེད་འདུས་མ་བྱས་སུ་འགྱུར། །བྱེད་པ་ཡོད་ན་མི་དམིགས་སུ་ཡིས་བྱས། །རང་སེམས་འཁྲུལ་པའི་འཁྲུལ་སྣང་སྒྱུ་མ་བཞིན། །སྐྱེས་ནས་ད་ལྟའི་བར་གྱི་བདེ་སྡུག་འདི། །འགགས་ཕྱིར་མེད་པས་རྨི་ལམ་སད་པ་བཞིན། །བག་ཆགས་རྒྱུན་ཙམ་མིན་པ་ཕྱོགས་ན་མེད། །ལོ་ཟླ་ཞག་དང་སྔ་དྲོའི་དུས་སོགས་མཚུངས། །བར་དོའི་ཤེས་པ་རིགས་དྲུག་སྐྱེ་གནས་ཏེ། །ཤར་བ་ལུས་མེད་པ་ཡི་བླང་བྱའི་ཡུལ། །ལེན་པོ་ཡིན་ན་བླང་ཡུལ་མེད་པར་འགྱུར། །སྐྱེ་གནས་ཡིད་ཡུལ་ཤར་བ་ལེན་པ་པོ། །ཡིན་ཕྱིར་བླང་ཡུལ་ཐ་དད་མེད་པའི་ཕྱིར། །བླང་ཡུལ་ཡིན་ན་གོང་བཞིན་ལེན་པོ་མེད། །བག་ཆགས་མིན་པ་སྐྱེ་གནས་གྲུབ་པ་མེད། །རྣམ་ཤེས་དངོས་པོ་མེད་ཕྱིར་ལུས་སྒྱུ་ཡིན། །འབྱུང་ལྔའི་རྒྱུ་ལས་ལུས་ཤིག་གྲུབ་པ་མེད། །ནུར་ནུར་པོ་ནས་ལུས་པོ་རྫོགས་པའི་བར། །བྱེད་པོ་མེད་པས་འདུས་མ་བྱས་སུ་འགྱུར། །རིམ་པས་འགྱུར་བས་རྟག་པ་མེད་པས་ཏེ། །བྱས་དང་རྟག་པ་མེད་པས་སྒྱུ་མའི་ཆོས། །དངོས་པོས་མཐོང་ན་རོ་ཡིས་མཐོང་ཐོས་འགྱུར། །སེམས་ཀྱིས་མཐོང་ན་ལོ་སོགས་མེད་པར་འགྱུར། །མེད་བཞིན་སྣང་བ་འཁྲུལ་པའི་མཐོང་ཚུལ་སྟེ། །འཁྲུལ་པ་དག་ནས་འཁྲུལ་སྣང་རང་སར་གྲོལ། །ཡན་ལག་ལྔ་དང་དབང་ལྔ་དོན་སྙིང་ལྔ། །སྣོད་དྲུག་ལུས་མིན་དབང་པོ་གཅིག་ཏུ་འགྱུར། །ལུས་པོ་མིན་ན་ལུས་གཞན་གཅིག་ཏུ་འགྱུར། །དེ་དག་ལྷུ་དང་སྡུམ་དང་ཁམ་ཚད་དང་། །རྡུལ་ཕྲན་བར་དུ་ཆ་ཤས་ཕྲ་མོར་གསིལ། །འདུས་མ་བྱས་སོགས་ལུས་ཀྱིས་བདག་བཙལ་ལོ། །གླུ་དང་དབྱངས་དང་ཡི་གེ་སྣ་ཚོགས་རྣམས། །ངག་གི་རྒྱུན་ཡིན་དེ་དག་རེ་རེ་ལས། །ངག་འབྱུང་ལྷག་མ་གཞན་གྱིས་དགོས་པ་མེད། །བཞི་ཀ་དགོས་ན་རྒྱུ་མ་འབྲས་ཞིག་འབྱུང་། །གྲེ་བ་ཁ་དང་ལྕེ་རྐན་སོ་
༣༤༡
མཆུ་སྣ། །རེ་རེའང་ཐམས་ཅད་འདུས་པ་ག་ལ་སྐྱེ། །དེ་དག་སྔ་མ་བཞིན་དུ་ཤེས་པར་བྱ། །ཁོང་ནས་འབྱུང་ན་ཡོད་པའམ་མེད་པ་འབྱུང་། །ཡོད་པ་འབྱུང་ན་གྲེ་སོགས་རྐྱེན་མི་དགོས། །རྐྱེན་ལ་ལྟོས་ན་ཡོད་པ་མ་ཡིན་ནོ། །མེད་ན་ཁོང་ནས་འབྱུང་བ་མ་གྲུབ་པོ། །གྲེ་སོགས་སོ་སོ་ལས་ནི་འབྱུང་བ་ན། །ཐམས་ཅད་དགོས་མིན་མ་ཚང་འབྱུང་བ་མེད། །ཁ་དོག་དབྱིབས་སོགས་མ་དམིགས་སྒྲ་དེ་རུ། །མ་སྐྱེས་ཕྱིར་ན་འགག་པ་ཡོངས་མེད་དོ། །དཔང་པོ་དབང་ཡུལ་རྒྱུ་ལ་འབྲས་གནས་ལ། །རྒྱུར་མི་རུང་སྟེ་འབྲས་བུར་གྲུབ་ཟིན་ཕྱིར། །འབྲས་དུས་མ་གནས་རིགས་གཞན་རྒྱུར་མི་རུང་། །རྒྱུ་མེད་པ་ཡིས་གཟུགས་སོགས་འབྲས་བུ་མེད། །གཟུགས་སྒྲ་ལ་སོགས་སེམས་ཉིད་སྣང་བ་ན། །ཡུལ་དང་ཡུལ་དུ་དུས་མཉམ་སྐྱེ་བ་མེད། །སྔ་ཕྱིར་སྐྱེས་ན་ཤེས་པས་ཡུལ་མི་འཛིན། །འདས་དང་མ་འོངས་མེད་ཕྱིར་ཡུལ་མ་སྐྱེས། །མ་སྐྱེས་མི་སྐྱེ་སྐྱེས་ཟིན་སྐྱེ་བ་མེད། །གཟུགས་སོགས་སྤྱི་དོན་མ་ཡིན་སེམས་ཀྱང་མིན། །ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་རྣམས། །སྤྱིར་བསྟན་སྔ་མ་བཞིན་དུ་ཤེས་པར་བྱ། །དམིགས་གསལ་ཀུན་གཞི་ཤེལ་དང་ཚོན་བཞིན་དུ། །ཆོས་དབྱིངས་ཡུལ་རྐྱེན་གཅིག་དང་ཐ་དད་མིན། །དུས་གསུམ་རྒྱུ་ལ་གནས་ཕྱིར་སྐྱེ་མི་དགོས། །རྒྱུ་ལ་མི་གནས་གང་ལས་སྐྱེ་བར་འགྱུར། །ལུས་ནི་བེམ་པོ་ཡིན་ཕྱིར་བྱེད་པོ་མེད། །ལས་ཉིད་མ་གྲུབ་ཕྱིར་ན་འབྲས་མ་སྐྱེས། །གྲུབ་ན་བདེན་ཕྱིར་འབྲས་བུ་གང་ལ་སྐྱེས། །སེམས་དང་ལས་གཉིས་གཅིག་པའམ་ཐ་དད་ན། །རྙེད་དང་མ་རྙེད་གྲགས་དང་མ་གྲགས་དང་། །བསྟོད་སྨད་བདེ་སྡུག་འཇིག་རྟེན་ཆོས་བརྒྱད་པོ། །རྙེད་སོགས་ཆགས་སྡང་འཕེལ་ཕྱིར་སྡུག་བསྔལ་རྒྱུ། །སྔ་མ་ལས་འཛད་ཕྱི་མ་བདེ་པར་བྱེད། །བླང་དོར་མེད་པར་སྒྱུ་མར་རོ་མཉམ་མོ། །ངོ་ཚ་ཞིམ་དང་མི་ཞིམ་ལེགས་མ་ལེགས། །སྐྱིད་སྡུག་
༣༤༢
དགྲ་གཉེན་ཕྱོགས་གཅིག་མ་ངེས་པས། །ཇི་ལྟར་འཛིན་པ་དེ་ལྟར་འཆར་བས་ན། །བདེན་པར་མ་གྲུབ་སྒྱུ་མའི་རང་བཞིན་ཅན། །རས་བྲིས་མེ་ལོང་གཟུགས་བརྙན་ཇི་ལྟ་བར། །ལྷ་དང་ལྷ་མོ་གང་བསྒོམ་དེ་དག་གི །དབུ་དང་སྤྱན་དང་ཕྱག་སོགས་རིམ་གྱིས་བསྒོམ། །ཕྱི་ནང་སྣོད་བཅུད་གཞལ་ཡས་ཁང་པ་དང་། །ལྷ་དང་ལྷ་མོར་མི་བརྟན་བར་དུ་བསྒོམ། །གོམས་འདྲིས་བརྟན་པ་དག་པའི་སྒྱུ་ལུས་ཡིན། །སེམས་འཁྲུལ་བག་ཆགས་བཞིན་དུ་དེར་སྣང་སྟེ། །སྣང་བཞིན་མ་གྲུབ་སྒྱུ་མའི་རང་བཞིན་ཡིན། །འཁྲུལ་པས་སྣང་ལ་མ་འཁྲུལ་མི་སྣང་བས། །སེམས་དང་སེམས་ལས་གཞན་པ་མ་ཡིན་ནོ། །སྒྱུ་ལུས་གཉིས་ལ་གོམ་པ་བརྟན་པ་ལས། །སྒྱུ་མ་གསུམ་བསྲེས་འཁྲུལ་སྣང་བདེན་འཛིན་འཇིག །དག་སྣང་བརྟན་པས་ཅིར་སྣང་ལྷ་རུ་འཆར། ལོངས་སྤྱོད་རྫོགས་སྐུར་མངོན་པར་སངས་རྒྱའོ། །སྒྱུ་ལུས་དངོས་འཛིན་རང་གྲོལ་གྱི་གདམས་པ་རྫོགས་སོ།། །སྐྱེ་འགག་མེད་པ་འོད་གསལ་ངང་ཉིད་ལས། །སྣ་ཚོགས་རོལ་པ་སྒྱུ་མའི་སྐུར་ཤར་ནས། །རྨི་ལམ་ལྟ་བུའི་འགྲོ་བ་འདྲེན་མཛད་པའི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །སྒྱུ་ལུས་བསྒོམས་པས་བདེན་འཛིན་བདེན་མ་གྲུབ། །གང་སྣང་སྤྱོད་པ་རྨི་ལམ་ཉིད་དུ་བལྟ། །སྣང་གྲགས་སྤྱོད་ལམ་ཉིན་མཚན་ཁྱད་པར་མེད། །འདུན་པ་རྩེ་གཅིག་རྨི་ལམ་ཉིད་དུ་སྦྱངས། །ནམ་ཕྱེད་ཡོལ་ནས་ཉི་མ་མ་དྲོས་བར། །སེང་གེའི་ཉལ་ཐབས་ཙོག་བུ་སྐྱིལ་ཀྲུང་སོགས། །གང་བདེར་གཉིད་ཅིང་མཛོད་སྤུ་སོགས་གསུམ་དུ། །ཨ་ལ་དམིགས་པས་འདུན་པ་ཡང་ཡང་བསྐུལ། །རྟེན་འབྲེལ་ཐབས་ཀྱིས་རྨི་ལམ་སྦར་འཛིན་བྱ། །དེས་མ་ཟིན་ན་དམིགས་པ་གཞན་ཡང་བསྒོམ། །བག་ཆགས་ཆེ་ལ་ཉིན་མཚན་གཉིས་སུ་བསྒོམ། །གང་སྣང་ལས་སྤྲུལ་ཡི་དམ་ལྷ་རུ་བསམ། །ཡ་ང་བག་ཚ་ཐོག་རྫིས་འདུན་པ་བསྐྱེད། །
༣༤༣
རྨི་ལམ་ངང་ནས་ཕྱག་རྒྱ་ཆེ་ལ་བཞག །ཀུན་ལ་ཉིན་དང་མཚན་མོ་གཉིས་ཀར་སྦྱང་། །མོས་གུས་ཆུང་དང་དམ་ཚིག་ཐིག་ལེ་ཉམས། །གོམས་ཆུང་ཞེན་ཆེ་རྣམ་གཡེང་ཁྱེར་བ་རྣམས། །རྨི་ལམ་མི་ཟིན་དེ་ལས་བཟློགས་པར་བྱ། །འཁྲུལ་འབྱམས་སད་འབྱམས་དྲན་འབྱམས་སྟོང་འབྱམས་རྣམས། །རྨི་ལམ་གེགས་ཏེ་འདུན་པ་དྲག་པོ་བཏང་། །གནད་ཀྱི་གདམས་པ་ཤེས་པས་སྐྱོན་རྣམས་བསལ། །རང་བཞིན་རྨི་ལམ་འཁྲུལ་པའི་རྨི་ལམ་དང་། །བག་ཆགས་ཉམས་དང་དག་པའི་རྨི་ལམ་ལྔ། །རྨི་ལམ་རྨི་དང་འོད་གསལ་ཁ་སྒྱུར་དང་། །ཟིན་དང་རྒྱུན་ཆད་པ་དང་རྣམ་པ་བཞི། །ཉིན་སྣང་མཚན་སྣང་འཁྲུལ་པའི་བག་ཆགས་ཉིད། །རང་ངོ་ཤེས་དང་འོད་གསལ་ཤར་བ་ལས། །བར་དོ་གཉིས་ལ་མངོན་པར་སངས་རྒྱའོ། །རྨི་ལམ་ཉིང་འཁྲུལ་ཁྲེགས་གཅོད་ཀྱི་གདམས་པ་རྫོགས་སོ།། །གང་གི་དྲིན་གྱིས་བདེ་ཆེན་ཡེ་ཤེས་ནི། །སྐད་ཅིག་ཉིད་ལ་འཆར་བར་བྱེད་པ་ཡི། །དབང་གི་རྒྱལ་པོ་ལྟ་བུའི་རིན་པོ་ཆེ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །བུམ་པ་ཅན་ལ་རབ་འབྲིང་ཐ་མར་སྦྱང་། །རྡོ་རྗེའི་དཀྱིལ་འཁོར་རང་གནས་ལྷག་པའི་ལྷ། །གསལ་བའི་ཁོང་ལ་སྟོང་པའི་དྷཱུ་ཏིར་བསམ། །དེ་སྟེང་བླ་མ་ནང་དུ་རང་སེམས་ཧཱུྃ། །དྷཱུ་ཏིའི་རྒྱབ་ཏུ་ཆུ་སྐྱེས་དམར་པོ་སྟེ། །གཅིག་གིས་ལྷག་པའི་བཅུ་ཕྲག་གཉིས་བརྩེགས་བསམ། །ཧིཀ་ཀའི་ང་རོས་བདེ་ཆེན་གནས་སུ་བསྐྱལ། །ཀ་ཧིཀ་ཅེས་པས་གསང་བའི་གནས་སུ་དབབ། །ཡང་ནི་ཧཱུྃ་གི་ང་རོས་སྟེང་འོག་བསྐྱལ། །དེ་ལ་གོམས་ནས་བླ་མའི་སྙིང་གར་བསྟིམ། །དེ་ནས་འོག་མིན་གནས་སུ་འཕངས་བྱ་སྟེ། །སླར་ཡང་དྷཱུ་ཏིའི་གནས་སུ་བཞག་པར་བྱ། །རབ་འབྲིང་ཐ་མའི་རྟགས་གསུམ་བྱུང་བར་སྦྱང་། །ཡང་ན་ཉི་ཟླའི་ལོངས་སྤྱོད་འགོག་པས་སོ། །འབྱོངས་ནས་མགྲིན་པ་སྙིང་ཁ་ལྟེ་
༣༤༤
བ་དང་། །གསང་བའི་གནས་སུ་ཧཱུྃ་ཡིག་བསམ་པར་བྱ། །གང་དུ་བགྲོད་པའི་ཞིང་དེར་འགྲོ་བ་དང་། །འདུན་མོས་ཁྱད་པར་ཉིད་དུ་ནན་ཏན་བྱ། །ལུས་དང་རླུང་དང་སེམས་ཀྱི་འགྱུར་བ་ཡི། །ཕྱི་ནང་གསང་བའི་འཆི་ལྟས་ཤེས་པ་ཡིས། །འཆི་སླུ་བྱ་ཞིང་མི་སླུས་ངེས་ན་འཕོ། །དུས་ལ་བབ་ན་དག་པའི་སྨོན་ལམ་གྱིས། །མཚམས་སྦྱར་འདུན་པའི་རྟ་ཡིས་གང་འདོད་འཕངས། །ཧཱུྃ་གི་ང་རོས་རྟེན་དང་བརྟེན་པ་ཕྲལ། །དམིགས་པ་རྩེ་གཅིག་གང་འདོད་གནས་སུ་འགྲོ། །རྣམ་པར་མི་རྟོག་ཕྱག་རྒྱ་ཆེ་ལ་བཞག །རྟགས་ལས་འཆི་བའི་ངེས་པ་མ་ཐོབ་བར། །དུས་མིན་འཕོས་ན་ལྷ་བསད་ངན་འགྲོར་ལྟུང་། །དུས་ལ་བབ་ཚེ་འཕོ་བར་བྱེད་པས་ན། །མཚམས་མེད་བྱས་པའང་ཐར་པའི་གནས་སུ་འགྲོ། །བཤང་སོགས་བུ་གའི་སྒོ་བརྒྱད་འཁོར་བའི་ལམ། །ཚངས་བུག་དག་ནི་འོག་མིན་འགྲོ་བའི་ལམ། །ལམ་འདི་ནས་འཕོས་འཆི་བའི་དུས་ཀྱི་ཚེ། །རྣལ་འབྱོར་པ་ནི་ངེས་པར་མཁའ་སྤྱོད་འགྲོ། །འཕོ་བ་མ་བསྒོམས་སངས་རྒྱས་ཀྱི་གདམས་པ་རྫོགས་སོ།། །།ཆོས་དབྱིངས་མཁའ་ལ་མཁྱེན་པའི་ཉི་མ་ཤར། །ཐུགས་རྗེའི་རང་རྩལ་གཟུགས་སྐུའི་ཚ་ཟེར་ཅན། །རྨོངས་པའི་གདུང་སེལ་གདུལ་བྱའི་ལོ་ཐོག་སྨིན། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །སད་པའི་དུས་དེར་བར་དོའི་དྲན་པ་བརྟེན། །རྟགས་རྣམས་དྲུག་གིས་གང་ཡིན་ངོ་ཡིས་བཟུང་། །བསྐྱེད་རྫོགས་གཉིས་ལ་མ་ཡེངས་མཉམ་པར་བཞག །གང་འཇིགས་ཡུལ་ལ་མི་ཕོད་ཐོག་བརྫིས་བྱ། །ལྷ་དང་བླ་མའི་མོས་གུས་དྲག་པོ་བརྟེན། །འབྱུང་བཞིའི་འཇིགས་པ་དེ་ལ་ཆེད་དུ་བསྲེ། །སྣང་ཞིང་མ་གྲུབ་སྟོང་པར་ཤེས་པར་བྱ། །སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོར་བསྒོམ། །འདོད་པ་བསྟེན་པ་ཡབ་ཡུམ་ཞལ་སྦྱོར་རོ། །ཉི་མའི་འོད་སོགས་རྣམ་བྱང་འོད་དུ་ལྟ། །འོད་དེ་ཡིད་མ་མི་རྟོག་ངང་དུ་བྱ། །འགྲོ་དྲུག་
༣༤༥
སྐྱེ་གནས་རིགས་མཐུན་གང་ཡང་སྣང་། །སྤོང་སེམས་བརྟན་ཅིང་ལྷ་སྒོམ་མི་རྟོག་པས། །རླུང་དང་ཆར་ཆུ་མི་ཡི་འཇིགས་པ་དང་། །མེ་ལྕེ་ལ་སོགས་སྐྲག་སྔངས་སྐྱེ་བའི་ཡུལ། །ཆེད་དུ་བསམ་དང་དངོས་སུ་མཐོང་བ་ན། །ཐོག་བརྫིས་བྱ་ཞིང་ལྷ་དང་ཕྱག་རྒྱ་ཆེ། །དག་པའི་ཞིང་དུ་སེམས་འདུན་རྒྱུན་དུ་འཕང་། །ལོངས་སྤྱོད་རླབས་ལ་སྣང་མཆེད་ཐོབ་པ་གསུམ། །སྡུད་སྐྱེད་རིམ་པ་བར་དོ་རྣམ་པ་གཉིས། །ངོ་ཤེས་བྱ་ཞིང་རྒྱུན་དུ་ཉམས་སུ་བླང་། །གཡེང་མེད་གནས་སུ་མི་རྟོག་གཉུག་མའི་ངང་། །ཡིད་དང་མིག་ནི་ནམ་མཁའི་དབྱིངས་སུ་གཏད། །དུ་སོགས་རྟགས་བཅུ་ངོ་ཤེས་ངང་དུ་བཞག །ས་ནི་ཆུར་ཐིམ་འོག་ལྷུང་ཤེས་པ་བྱིང་། །གོས་བསལ་དུ་འཚུབ་ལྟ་བུའི་མཐོང་སྣང་འབྱུང་། །ཆུ་ནི་མེར་ཐིམ་སྣ་ཞོམ་ལྕེ་ཉིད་ནི། །སོ་སྒོར་མི་ཐོན་མལ་ཚིག་ཟ་ཞིང་འཚུབས། །སྨིག་རྒྱུ་ལྟ་བུའི་མཐོང་སྣང་འབྱུང་བར་འགྱུར། །མེ་ཉིད་རླུང་ཐིམ་དབུགས་རྒོད་ཁ་སྣ་གྲང་། །མི་ངོ་མི་ཤེས་སྲིན་བུ་མེ་ཁྱེར་མཐོང་། །རླུང་ཉིད་མཁར་ཐིམ་རྩ་ཆུ་མི་བསྡམས་འཆོར། །མཐོང་སྣང་འབྱུང་ཞིང་མར་མེའི་འོད་འདྲ་མཐོང་། །ཡན་ལག་རླུང་ལྔ་བསྡུས་པས་གཟུགས་སྒྲ་དང་། །དྲི་རོ་རེག་བྱ་མི་ཚོར་དབང་ཤེས་ཐིམ། །འཆི་ཁའི་བསམ་པ་ལས་སྟོབས་ཆེ་བའི་ཕྱིར། །དུག་གསུམ་ཀུན་སློང་ཕྲ་ནས་བཤགས་པ་བྱ། །སྐྱབས་འགྲོ་སེམས་བསྐྱེད་དམ་ཚིག་སྡོམ་པ་གསོ། །ལམ་གྱི་རྣལ་འབྱོར་ཡང་ཡང་གསལ་གདབ་བོ། །ཧཾ་ཡིག་ཐུར་བྱོན་སྣང་བ་དཀར་ལམ་འཆར། །ཨ་ཤད་ཡར་བྱོན་སྣང་བ་དམར་ལམ་འཆར། །དཀར་དམར་རླུང་སེམས་དབུ་མར་དབང་དུ་འདུས། །ཤེས་པ་འོད་གསལ་སྟོང་པ་ཉིད་ལ་ཐིམ། །དྲན་མེད་རྒྱལ་ཏེ་སྣང་བ་ནག་ཐིབ་འགྲོ། །རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པ་ལས། །ཤིན་ཏུ་སྤྲོས་མེད་འོད་གསལ་ཆེན་པོ་འཆར། །དྲན་འདུན་རྒྱུན་ཆགས་
༣༤༦
འོད་གསལ་མ་བུ་མཇལ། །འཆི་ཁ་ཆོས་སྐུའི་ཞིང་དུ་སངས་རྒྱའོ། །འོད་གསལ་མ་རྟོགས་སྔ་མའི་བག་ཆགས་ཀྱིས། །སྔ་མའི་ལུས་བཞིན་ཡིད་ཀྱི་ལུས་སུ་སྐྱེ། །རྟགས་དྲུག་སྒོ་ནས་བར་དོ་ངོ་ཤེས་བྱ། །ཡིད་ཀྱི་ལུས་དེ་ལྷ་ཡི་སྐུ་རུ་བསྒོམ། །མ་བཅོས་ཤེས་པ་གཉུག་མའི་ངང་དུ་བསྐྱང་། །དྲན་པ་རྩེ་གཅིག་ཡང་ཡང་འདུན་པ་བརྟེན། །ཤེས་པ་འཁྲུལ་མེད་གོམས་འདྲིས་བརྟན་པ་ལས། །བར་དོ་ལོངས་སྐུའི་ཞིང་དུ་སངས་རྒྱའོ། །གོམས་འདྲིས་ཞན་པས་བསྐྱེད་རྫོགས་མ་དྲན་ན། །རང་སེམས་འཁྲུལ་པས་ས་ཆུ་མེ་རླུང་གི། །འཇིགས་པ་བཞི་དང་གཡང་ལ་ལྷུང་བ་དང་། །སྲིན་པོ་གཤིན་རྗེ་ཤ་ཟ་ཁྱི་སྤྱང་སོགས། །འཁྲུལ་སྣང་འཇིགས་པས་ཤིན་ཏུ་སྡུག་བསྔལ་འགྱུར། །གཅེས་འཛིན་དོར་ལ་སླར་ཡང་དེ་ལ་བསྲེ། །ཡུལ་དེ་ལྷར་སྒོམ་གནས་ལུགས་ངང་དུ་བཞག །ཕྱེད་མཚམས་ནས་ནི་ཕྱི་མའི་སྣང་བ་འཆར། །དཀར་སེར་དམར་དང་སྔོ་དང་ནག་ལ་སོགས། །འོད་ལྔའི་ལམ་ལས་ལྷ་དང་ལྷ་མ་ཡིན། །དུད་འགྲོ་ཡི་དྭགས་དམྱལ་བའི་སེམས་ཅན་གྱི། །སྲིད་པར་སྐྱེ་བའི་སྐྱེ་གནས་འཛིན་པའི་རྟགས། །འོད་ལྔ་གང་ཤར་ལྷ་དང་བླ་མར་བསྒོམ། །འོད་དེའི་སྟེང་དུ་མ་ཡེངས་སོ་མར་བཞག །གཞལ་མེད་ཁང་དང་ནགས་ཚལ་ཉམས་དགའ་དང་། །ངང་པ་བ་གླང་རྟ་ཡིས་བརྒྱན་པའི་མཚོ། །མི་ཉིད་ཕོ་མོ་འཁྲིག་པ་བསྟེན་པའི་ཚུལ། །ལྷ་དང་ལྷ་མིན་སྒྲ་མི་སྙན་པ་དང་། །བ་གླང་སྤྱོད་དང་ལུས་འཕགས་འཛམ་གླིང་དུ། །སྐྱེ་བ་ལེན་པའི་ཕ་མའི་མཐོང་ཚུལ་ཡིན། །སྡོང་དུམ་སྦྲ་མཐོང་ཡི་དྭགས་སྐྱེ་བ་སྟེ། །སྤྱིལ་པོ་ས་ཕུག་རེ་རུལ་དུད་འགྲོའོ། །ལྕགས་ཀྱི་ཁང་པ་དམྱལ་བའི་སྐྱེ་གནས་ཏེ། །ཀུན་ཀྱང་འཇིགས་པས་སྐྱབས་ཚོལ་དེ་རུ་འགྲོ། །དེ་དག་མཐོང་ཚེ་འཇིགས་པས་ཆེར་བྲོས་ནས། །ཆགས་སེམས་མེད་པར་མི་རྟོག་ངང་དུ་བཞག །དག་པའི་ཞིང་དུ་འགྲོ་བའི་འདུན་པ་དང་། །ཕྱོགས་དང་ཁ་དོག་དབྱིབས་ཀྱི་
༣༤༧
རྣམ་པ་སོགས། །ཡིད་ལ་བསམས་པས་སྐད་ཅིག་དེ་ལ་ཕྱིན། །ཆོས་ཀྱི་འཕྲོ་མཐུད་ལམ་ལ་གོམས་བྱས་ནས། །སྐྱེ་བ་སྤྲུལ་སྐུའི་ཞིང་དུ་སངས་རྒྱའོ། །སྐྱེ་བ་སྔ་ཕྱིའི་བར་གྱི་ཡིད་ཀྱི་ལུས། །སྔོན་གྱི་ལུས་ཀྱི་རྣམ་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་གང་ལའང་མ་ཐོགས་རྒྱུ། །བསམས་བཞིན་འབྱུང་བའི་རྫུ་འཕྲུལ་ཐོགས་པ་མེད། །བར་དོ་ནང་ནས་ལྷ་ཡི་མིག་གིས་མཐོང་། །དྲི་ཡི་ཟས་ཟ་མིང་གཞིའི་ཕུང་པོ་ཅན། །སྐྱེ་འཆི་སྲིད་པ་ཏིང་འཛིན་བར་དོ་གསུམ། །བར་དོ་ཐ་མས་སྔ་མ་གཉིས་པོ་སྦྱོར། །སྐྱེ་འཆི་བར་དོས་ཏིང་འཛིན་བར་དོ་སྦྱོང་། །ཏིང་འཛིན་འབྱོངས་ནས་མཆོག་གི་དངོས་གྲུབ་ཐོབ། །བར་དོ་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པ་རྫོགས་སོ།། །ཚེ་གཅིག་སངས་རྒྱས་སྟེར་བ་ཉེ་བའི་ལམ། །གོལ་འཆུགས་མེད་པ་ཤིན་ཏུ་ཟབ་པའི་གནད། །ལམ་གྱི་ནང་ནས་མཆོག་གྱུར་རྡོ་རྗེ་ཐེག །ཆོས་ཀུན་སྙིང་པོ་རྡོ་རྗེའི་ཆོས་དྲུག་ཡིན། །ཟབ་ལམ་རྡོ་རྗེའི་ཁྲིད་ཁྱད་པར་འཕགས་པའི་ཆོས་དྲུག་རྒྱལ་མཚན་དཔལ་བཟང་པོས་བཀོད་པའོ།། །།
Notes
Other Information
Information about Unicode Tibetan and the digitization of this text |
---|
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion. |