Wylie:Dge sbyor bdun pa'i nyams len sgang du bsgril ba

From gDams Ngag mDzod
Jump to navigation Jump to search


Upload a file
DOWNLOAD ABOVE:
Click the picture above to view the original manuscript.

དགེ་སྦྱོར་བདུན་པའི་ཉམས་ལེན་སྒང་དུ་བསྒྲིལ་བ་
dge sbyor bdun pa'i nyams len sgang du bsgril ba

Damngak Dzö Volume 10 (ཐ་) / Pages 209-221 / Folios 1a1 to 7a7


Property "Author" has a restricted application area and cannot be used as annotation property by a user.


[edit]
༢༠༩ དགེ་སྦྱོར་བདུན་པའི་ཉམས་ལེན་སྒང་དུ་བསྒྲིལ་བ་བཞུགས་སོ།། །
༢༡༠ བཀྲ་ཤིས་ཚོན་གྱིས་རབ་སྦགས་ཞབས་མཐིལ་ལ། །མཆོད་དེ་འཇིག་རྟེན་ཆོས་ལ་གུས་ཐལ་ནས། །ཞེན་ལོག་སྒྲུབ་པའི་ཕྱོགས་སུ་ལྷུང་བའི་ཕྱིར། །མཚན་ལྡན་བླ་མར་ངེས་པ་འབྲུག་པ་ཁོང་། །གསུང་གི་ཟླ་ཉ་ལས་འཛག་བདུད་རྩིའི་རྒྱུན། །སུས་འཐུངས་དྲང་དོན་བསྙད་པའི་ཆང་གི་རོར། །མ་ཆགས་ཞི་ལ་རེག་ནས་བདེར་འཚོ་བས། །འབྲེལ་ཚད་དོན་ལྡན་ཁོང་ལས་གཞན་པ་སུ། །ཡིད་ཀྱི་ངོས་གཙང་གང་གི་རྣམ་ཐར་གྱི། །རི་ངོས་འགེངས་དེར་ངེས་ལེགས་ཡོན་ཏན་ཚོགས། །མ་བོས་ལྟད་མོ་ལྟ་བཞིན་འདུ་བས་ཀྱང་། །ཤེས་ལྡན་གཏན་གྱི་སྐྱབས་སུ་ཁོང་གི་འོས། །འདིར་གང་ཐོས་པས་ཉམས་ལེན་དུ་བསྒྲིལ་བ། །ཆོས་ཆོས་བརྒྱད་ཀྱི་གྲོགས་སུ་མི་གཏང་བ། །ཁ་དང་ཞེ་ཕུགས་སུ་བསྟུན་པ། །སྒོ་གསུམ་དགེ་སྦྱོར་གྱི་སྲང་དུ་བཅུག་ནས། །ཚེ་འདི་ལ་ཞེན་པའི་འཕྲི་བ་གཅད་དེ། །མཚོར་བར་ཐར་པའི་གོ་འཕང་དུ་འཛེགས་པ། ཆོས་རྗེ་འབྲུག་པའི་ཁྱད་པར་གྱི་གདམས་ངག་འདི་ལ། སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་ལས། །དང་པོ་ནི། །སེམས་ཅན་གྱི་ཁམས་ཐམས་ཅད་ལ་དམིགས་
༢༡༡ ཏེ། བདེ་བ་དང་ལྡན་པར་འདོད་པའི་བྱམས་པ་དང་། །སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང་། བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་བ་དང་། བདེ་སྡུག་ཐམས་ཅད་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་བསྒོམ་པར་བྱའོ། །ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་ཀྱི་ངང་ལས་བྷྲཱུཾ་ལས་རྡོ་རྗེའི་ས་གཞི་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལས་གྲུབ་པ། ཕྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན། །མཚམས་བྱང་ཆུབ་ཤིང་གིས་ལེགས་པར་བརྒྱན་པ། །ནང་རྡོ་རྗེའི་གདན་གྱི་གཞལ་མེད་ཁང་། །བྲེ་ཡན་ལ་རྩ་བའི་བླ་མ་དཀར་བརྒྱུད་དང་བཅས་པ་ཐོ་བརྩེགས་སུ་བཞུགས་པ། །བུམ་ནང་དུ་རྣལ་འབྱོར་བླ་མེད་དང་བང་རིམ་ལ་རྣལ་འབྱོར་དང་། །སྤྱོད་པ་དང་། བྱ་བའི་རྒྱུད་ཀྱི་དུས་གསུམ་གྱི་སངས་རྒྱས་དཔའ་བོ་མཁའ་འགྲོ་དགེ་འདུན་དང་བཅས་པ། ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་པ་དང་། འཇིག་རྟེན་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་རྣམས་རིམ་པ་བཞིན་འཁོད་པ་སེང་ཁྲིར་གཞི་བདག་གིས་གཙོས་
༢༡༢ པའི་སྡེ་བརྒྱད་རིགས་དྲུག་གི་ཚོགས་ཐམས་ཅད་མཆོད་རྟེན་འདེགས་པའི་ཚུལ་དུ་ཡོད་པའི་བུམ་ནང་གི་དབུས་སུ་རང་ཉིད་ཀྱི་ལུས་སྐུའི་ཁྲོ་བོ་འཇམ་དཔལ་གཤིན་རྗེ་གཤེད་དཀར་པོ་བེ་ཅོན་འཕྱར་བ། །དེའི་སྙིང་གར་རང་གི་ངག་གསུང་གི་ཁྲོ་བོ་ཧ་ཡ་གྲཱི་བ་དམར་པོ་དབྱུག་ཐོ་འཕྱར་བ། དེའི་ཐུགས་ཀར་རང་གི་ཡིད་ཐུགས་ཀྱི་ཁྲོ་བོ་ཕྱག་ན་རྡོ་རྗེ་མཐིང་ནག་རྡོ་རྗེ་འཕྱར་བ། གཡོན་རྣམས་ཐུགས་ཀར་སྡིགས་མཛུབ་མཛད་ཅིང་། ཤིན་ཏུ་ཁྲོས་པའི་ཞལ་མཆེ་བ་བཞི་གཙིགས་ཤིང་། སྤྱན་གསུམ་བགྲད་དེ་སྡང་མིག་ཏུ་གཟིགས་པ། སྨིན་མ་དང་ཨག་ཚོམ་མེར་སྣང་ཞིང་། །རལ་པ་གཤོར་པོ་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པའི་སྐུ་ཐུང་ལ་གེལ་ཞིང་ལྷུ་ལག་རགས་པ། གཡས་བརྐྱང་གིས་ཉིན་མོར་བྱེད་པ་ལ་བཞུགས་པ། བ་སྤུའི་ཁུངས་ནས་ཁྲོ་བོ་དང་ཁྲོ་མོ་དང་། གནམ་ལྕགས་ཀྱི་ཐོག་སེར་དང་། །རྡོ་རྗེ་དང་། རལ་གྲི་ལ་སོགས་པའི་མཚོན་རྣོན་པོ་དང་བཅས་པའི་རབ་ཏུ་འབར་བའི་མེ་ལྕེ་འཕྲོ་བས་ཀུན་ནས་བསྐོར་བར་གསལ་བཏབ་སྟེ། ༀ་ཨཱཿཧཱུྃ། བརྒྱ་རྩ་བརྒྱད་འཛབ་ཏུ་བཟླའོ།། །།གཉིས་པ་དངོས་གཞི་ལ། དང་པོ་སེམས་བསྐྱེད་གསོལ་བ་གདབ། །དགོས་མེད་བསྒོམ་ཞིང་ཟློག་བསྒོམ་བྱ། །ཞིང་ཁམས་སྦྱང་ཞིང་སྙིང་རྗེ་བསྒོམ། །ཆིག་ཆོག་བསྒོམ་ཞིང་རྩལ་རྫོགས་བསྒོམ། ལས་འབྲེལ་གཞག་ཅིང་སྤེལ་སྦྱངས་བྱ། །དབང་བཞི་བསྐུར་ཞིང་གདམས་ངག་བསྒོམ། །རྟེན་འབྲེལ་བསྒྲིག་ཅིང་སྨོན་ལམ་གདབ། །ཅེས་བཅུ་བཞི་ཡོད་པ་ལས། དང་པོ་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་མི་བཟད་པའི་འཁོར་བ་ལས་བསྒྲལ་ནས་བདེ་བ་ཆེན་པོའི་ས་ལ་གཞག་པའི་ཕྱིར། རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ། །ཞེས་སྨོན་པ་དང་། དེའི་ཆེད་དུ་དགེ་སྦྱོར་བདུན་པ་ཉམས་སུ་བླང་བ་ནི་འཇུག་པ་ཡིན་ཏེ། ངག་ཏུ་ཕྱོགས་བཅུ་དུས་གསུམ་
༢༡༣ གྱི་ཞེས་པ་ནས། བདག་གི་དགེ་སྦྱོར་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཅེས་པའི་བར་ལན་གསུམ་བརྗོད་དོ། །གཉིས་པ་གསོལ་བ་གདབ་པ་ནི། རང་གི་སྤྱི་བོའི་ཐད། བྲེའི་ནང་གྱད་དང་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲིར། །པདྨ་ཟླ་ཉི་བརྩེགས་པའི་གདན་ལ་བཞུགས་པའི་རྩ་བའི་བླ་མ་རང་ལ་དགྱེས་པས་གཟིགས་པ། ཞལ་འཛུམ་བག་བལྟས་ཀྱིན་ངོམས་པ་མེད་པའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་སྤྲུལ་སྐུ། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོངས་སྐུ། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆོས་སྐུ། དེ་གསུམ་ཐ་དད་དུ་ཕྱེའམ་གཉིས་མིན་དུ་རོ་གཅིག་པའི་སྤྱི་གཟུགས་ངོ་བོ་ཉིད་ཀྱི་སྐུ་སྟེ། སྐུ་གཞི་ཡེ་ཤེས་ལྔའི་ངང་བཞིན་རིགས་ཐམས་ཅད་ཀྱི་བདག་པོ། །དཀྱིལ་འཁོར་ཀུན་གྱི་གཙོ་བོ། །དཀོན་མཆོག་གསུམ་གྱི་འདུས་པ་ཡིན་པར་ཐེ་ཚོམ་དང་སོམ་ཉི་ཡོད་རི་སྙམ་པས་སྙིང་ཁོང་རུས་པའི་གཏིང་ནས། འདི་དང་བར་དོ་ཕྱི་མ་ཐམས་ཅད་ཀྱི་སྐྱབས་མགོན་རེ་ས་གཏད་ནས། ཕར་ཐིམ་འགྲོ་བ་ལྟ་བུ། ཚུར་འབྲལ་མི་ཕོད་པ་ལྟ་བུར་དཀར་བརྒྱུད་དང་བཅས་པ་ལ་དམིགས་ཏེ། བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཐམས་ཅད་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཆེན་པོར་དམིགས་ཏེ་ཡན་ལག་བདུན་པས་ཕུལ། མ་ནམ་བཞི་སྐོར་སོགས་ཀྱིས་གསོལ་བ་དྲག་པོ་མཆི་མ་ཐུལ་ཐུལ་དུས་དང་རྣམ་པ་ཐམས་ཅད་དུ་གདབ་པར་བྱའོ། །དེ་ཡང་། ཆོས་འབྲེལ་ཡོད་པའི་བླ་མ་ཐམས་ཅད་དེ་ལ་བསྟིམས་ནས་གསོལ་བ་བཏབ་ན་བླ་མ་ཐམས་ཅད་ལ་གསོལ་བ་བཏབ་པར་འགྲོ་ཞིང་། །དེ་བཞིན་དུ་ཡི་དམ་ཐམས་ཅད་བསྟིམ་ཞིང་གསོལ་བ་འདེབས་ཀྱིས་ངག་ལ་སྔགས་བསྟིམས་པས་ལྷ་ཐམས་ཅད་བསྙེན་པར་འགྲོ། ཆོས་སྐྱོང་
༢༡༤ ཐམས་ཅད་བསྟིམས་ཏེ་གསོལ་བ་བཏབ་ན་འགལ་རྐྱེན་ཐམས་ཅད་སེལ་ཞིང་། མཐུན་རྐྱེན་ཐམས་ཅད་སྒྲུབ་པས་མཚོན་ཏེ། ཞིང་བསམ་དངོས་གསུམ་གྱི་རྟེན་འབྲེལ་བླ་མ་ལ་བསྒྲིག་ཤེས་ན་ཆོས་ཀྱི་དགོས་པ་ཐམས་ཅད་དེའི་ལག་པའི་རྩེན་སྣང་ངོ་། །གསུམ་པ་དགོས་མེད་སྒོམ་པ་ནི། ཕྱི་སྐྱེས་པའི་ཡུལ། བྱམས་པའི་གཉེན། བསགས་པའི་ནོར། གཅེས་པའི་ལུས། འཇིག་རྟེན་མི་ཆོས་ཀྱི་བླང་བ་དང་དོར་བར་བྱ་བ་ཐམས་ཅད་ལ་ཞེན་པ་གཏིང་ནས་མ་ལོག་གི་བར་དུ། གང་ལ་ཆགས་པ་དང་། ཞེན་པ་དང་། སྲེད་པ་སྐྱེ་བ་དེ་བློས་རྒྱང་གིས་བསྐྱུར་ནས། དངོས་སུའང་དེ་སྦྲུལ་ནག་པོའི་དུག་ལྟ་བུར་བལྟས་ལ་དོར་ཏེ། ཅིས་ཀྱང་དགོས་པ་མེད་ཅེས་ངག་ཏུ་བརྗོད་ཅིང་། ཡིད་ཀྱིས་ཞེ་ཐག་པ་ནས་བསྒོམ་མོ། །འཇིག་རྟེན་མིག་ཉེའི་དབང་དུ་མ་ཤོར་བར། ཆགས་ཞེན་སྲེད་པ་སྐྱེ་བའི་རྐྱེན་ངན་དང་ནམ་འཕྲད་པའི་དུས་དེ་ཉིད་དུ་གཉེན་པོ་དེ་ལྟ་བུའི་ཐོག་བརྫིས་སུ་བྱའོ། །དེ་བཞིན་དུ། ནང་ཆོས་ཀྱི་ཐོས་པ་དང་བསམ་པ་དང་། གསང་བ་སྒོམ་པའི་ཉམས་མྱོང་ཡོན་ཏན་ལའང་མ་ཆགས་མ་ཞེན་མི་སྲེད། བློས་ཆིལ་གཏད་ནས་དགོས་མེད་ཀྱི་དྲག་སྔགས་དྲག་པོས་གཅུད་ལ་འབོར་རོ།། །།བཞི་པ་ཟློག་བསྒོམ་བྱ་བ་ལ། གཉན་ས་རི་ཁྲོད་འགྲིམ་པ་ཕྱིའི་སྤྱོད། །ཕུང་པོ་གཟན་དུ་བསྒྱུར་བ་ནད་གི་སྤྱོད། །གཟུང་འཛིན་སྙེམས་ཐག་གཅོད་པ་གསང་བའི་སྤྱོད་པ་གསུམ་ལས། དང་པོ་ནི། གནས་གང་གཉན་ཅིང་འཚུབས་པ། ཡང་བ། སྐྱིན་བུན་པ། སྐྱེ་བོའི་རྒྱུ་འགྲུལ་གྱིས་དབེན་པ། མི་མ་ཡིན་དང་། གཅན་གཟན་གཏུམ་པོ་འགྲིམ་པ། ཟོས་ཀྱིས་དགོས་པ། ཁྱེར་གྱིས་དོགས་པ། སྲོག་བཅད་ཀྱིས་དོགས་པ་དེར་ཕྱིན་ནས། ཅིས་ཀྱང་དགོས་པ་མེད་ཅེས་བརྗོད་ཅིང་། ཡིད་ལ་བསྒོམས་པས་རེ་བའི་འཕྲང་ཐམས་ཅད་བཀབ། །ཅི་འོང་བ་ཤོག་
༢༡༥ གང་ལྟར་འགྲོ་བ་སོགས་ཞེས་བརྗོད་ཅིང་བསྒོམས་པས། དོག་པའི་གཡང་གང་ཟ་བ་ལ་བསྒྱུར། མདོར་ན་སྐྱིད་སྡུག་གཉིས་ཀྱི་སྐྱིད་པ་རྒྱབ་ཏུ་བསྐྱུར། སྡུག་པ་དང་དུ་ལེན་པས་མཚོན་ནས་གང་མི་ཕོད་པ་ལ་ཐོག་བརྫིས་བྱས་ནས་འཇོག་པས། གཞན་དག་མི་འདོད་པའི་སྤང་བྱར་བྱེད་པ་ཐམས་ཅད་འདིར་བསྒྲུབ་བྱར་བྱེད་པ་སྟེ། སྙིང་པོའི་མིང་ཟློག་པའི་སྒོམ་པ་ཞེས་བྱའོ། །ཚུལ་དེ་ལུས་སེམས་ལ་གཟན་ཆ་ནམ་བྱུང་གི་དུས་སུ་བྱས་ལ། དེ་དུས་ཕན་དུ་རེ་བའི་རྐུན་བུས་མ་ཁྱེར་བ་གལ་ཆེའོ། །གཉིས་པ་ནི། དེར་ལྷ་འདྲེ་ལ་སོགས་པའི་ཆོ་འཕྲུལ་བྱུང་བའམ། གཞན་དུའང་སེམས་ཅན་ཐམས་ཅད་ཕ་མ་ཡིན་པས། དེ་རྣམས་ལ་ལེན་ཆགས་ལེན་ཅིང་། ཤ་འཁོན་གཉེར་བ་ཡོད་པས། དེ་རྣམས་ཀྱི་གླུད་དུ་ད་ལྟ་ཁོ་བོའི་ལུས་འདི་གཏོང་ངོ་སྙམ་དུ་བསམས་ནས། སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་མདུན་དུ་བོས་ཏེ། ལུས་ཀྱི་ལྷུ་བཅུ་གཉིས། མགོ་དང་བཅུ་གསུམ། དབང་པོ་ལྔ། དོན་སྙིང་ལྔ། ནང་ཁྲོལ་དྲུག །ཤ་རུས། རྐང་དང་ཚིལ། ཀླད་པ་དང་ཀླད་རྒྱ། ཞག་དང་ཁྲག །སྐྲ་དང་སེན་མོ། །པགས་པ་དང་དྲི་མ། དབུགས་དང་ཚེ་སྲོག །མདངས་དང་བཀྲག་ལ་སོགས་པ་སོ་སོའི་ཡིད་ལ་གང་འདོད་པ་རྣམས་ད་ལྟ་ཉིད་དུ་ཁྱེར་ཅིག་ཅེས་བརྗོད་དེ། ལུས་ལ་གཅེས་འཛིན་དོར་བས། དེ་དག་གིས་ཧབ་ཤར་བྱས་ནས་ཟོས་པས་ཚིམས་པར་བསམ་ལ། ཤ་ཁྲག་ལུས་ཀྱི་མཆོད་སྦྱིན་འདི་ལ་བརྟེན་ནས། ད་ཕྱིན་ཆད་ལྷ་འདྲེ་འདིར་འཚོགས་པ་རྣམས་ཞེ་སྡང་གདུག་རྩུབ་ཀྱི་བསམ་པ་ཞི་ནས། སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་རྣམས་ལ་གནོད་ཅིང་འཚེ་བ་ལས་ལོག་སྟེ་ཟག་པ་མེད་པའི་སྙིང་རྗེ་ཆེན་པོས་ཡོངས་སུ་གང་ནས་ཕན་འདོགས་པའི་བྱང་ཆུབ་ཀྱི་སེམས་ལ་གནས་པས་རྣམ་པ་ཐམས་
༢༡༦ ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པར་གྱུར་ཅིག །ཅེས་བརྗོད། དེ་ལྟར་ལུས་ནི་ལྷ་འདྲེ་ལ་སྦྱིན་ཟིན། སེམས་སྟོང་པ་ཉིད་ལ་ནི་ཚངས་པའི་འཇིག་རྟེན་མན་ཆད་དགྲར་ལངས་ཀྱང་བར་དུ་གཅོད་མི་ནུས་པར་ཤེས་པར་བྱས་ལ། ཕྱི་འཁྲུལ་པ་གདོན་གྱི་བར་ཆད་ཐམས་ཅད་ནད་རྣམ་པར་རྟོག་པའི་ཉེར་ལེན་ལས་བྱུང་བ་ཡིན་པས། ཡིད་འགྱུ་བ་ཕྱི་ནང་གི་འཕྲང་བཅད་ནས་སེམས་མ་བཅོས་པའི་ངང་དུ་གློད་ལ་གཞག་གོ། །།གསུམ་པ་ནི། གཟུང་བའམ་འཛིན་པ་ཏོལ་སྐྱེས་པའི་རྟོག་པ་ཐམས་ཅད་སྐད་ཅིག་མ་དང་པོ་ལ་ངོས་བཟུང་ལ། ཕཊ་དྲག་པོ་གཅིག་བརྒྱབ་ལ་གནས་ལུགས་ཀྱི་ངང་དུ་གཅུད་ལ་བོར། དེ་ལ་མི་གནས་པར་ཤེས་པ་ཡུལ་ཕྱིར་འབྲང་ན། ཕཊ་ཅེས་བརྗོད་ནས་རྣམ་པར་རྟོག་པ་འཐོར་བ་བསྡུའོ། །དམིགས་པ་བརྗེད་པའི་དུས་སུ་ཕཊ་ཅེས་བརྗོད་པས་རིག་པ་བྱིང་བ་བསང་ངོ་། །ཚུལ་དེ་ལྟ་བུས་སེམས་ཡེངས་སུ་མི་འཇུག་གོ །ལྔ་པ་ཞིང་ཁམས་སྦྱོང་བ་ནི། ཅིར་སྣང་ཐམས་ཅད་སྣ་ཚོགས་གཟུགས་བརྙན་བླ་མའི་སྐུ་རྣམ་པ་ཐམས་ཅད་པ་ཡིན་པས། ནམ་མཇལ་བའི་དུས་དེར་མོས་གུས་གྱིས་ཐུགས་ཡིད་བསྲེས་ནས་མཉམ་པར་གཞག་པས་སྣང་སྟོང་ཟུང་འཇུག་ཏུ་འཆར་ཏེ། སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཅེས་བྱའོ། །ཅི་ཐོས་པ་ཐམས་ཅད་གཞོམ་དུ་མེད་པའི་སྒྲ་བརྙན་བླ་མའི་གསུང་རྣམ་པ་ཐམས་ཅད་པ་ཡིན་པས། གང་ཐོས་པའི་དུས་དེ་ཉིད་དུ་གྲགས་སྟོང་དུ་ཉན་པས་གསལ་སྟོང་ཟུང་འཇུག་ཏུ་འཆར་ཏེ། གསུང་རྡོ་རྗེའི་ཏིང་ངེ་འཛིན་ནོ། །གང་དྲན་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བླ་མའི་ཐུགས་རྣམ་པ་ཐམས་ཅད་པ་ཡིན་པས། ནམ་ཤར་དེ་ཉིད་དུ་སོ་སོ་རང་གིས་རིག་པར་བྱས་ན་བདེ་སྟོང་ཟུང་འཇུག་ཏུ་འཆར་ཏེ། ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ནོ། །ཚུལ་འདིས་སྣང་སྲིད་འཁོར་
༢༡༧ འདས་ཀྱི་ཆོས་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་འཕྲུལ་དུ་ཤེས། རྐྱེན་སྣང་གང་ཤར་ཐམས་ཅད་བྱིན་རླབས་དང་ཐུགས་རྗེའི་རྩེལ་ཁར་རྟོགས་པས་བླ་མ་སྐུ་གསུམ་གྱི་རང་བཞིན་དུ་སངས་རྒྱའོ། །དྲུག་པ་སྙིང་རྗེ་བསྒོམ་པ་ནི། སེམས་ཅན་དང་། ཆོས་དང་། དམིགས་པ་མེད་པ་གང་ལ་རང་གི་རྒྱུད་ཚོད་དང་མཐུན་པར་ཞུགས་ཏེ། སེམས་ཅན་ཕ་མ། ཕ་མ་ཐམས་ཅད་དྲིན་ཅན། དྲིན་ཅན་འདི་དག་ཁམས་གསུམ་དུ་འཁོར། རིགས་དྲུག་ཏུ་འཁྱམ། སྡུག་བསྔལ་དྲག་པོས་མནར། ཐར་པའི་དུས་ནི་མེད་པས། འདི་དག་སྡུག་བསྔལ་དེ་དང་བྲལ་ན་ཅི་མ་རུང་སྙམ་དུ་བསྒོམ་མོ། །དེས་སེམས་ཅན་ཐམས་ཅད་འཁུ་གཅིག་པུ་སྙིང་དུ་སྡུག་པ་ལ་དེའི་མས་བཞིན་དུ་མཐོང་ནས། བདག་གཞན་མཉམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ། བདག་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པར་མཉམ་པས་ན། བདག་དང་སེམས་ཅན་འདི་དག་མཉམ་པ་ཉིད་ཡིན་པས། བདག་གིས་གཞན་གྱིས་སྡུག་བསྔལ་ཐམས་ཅད་བསལ་བར་བྱ་སྟེ། བདག་གི་སྡུག་བསྔལ་བ་བཞིན་ནོ། །བདག་གིས་གཞན་ལ་ཕན་པ་ཐམས་ཅད་བསྒྲུབ་པར་བྱ་སྟེ། བདག་གི་ཕན་པ་བཞིན་ནོ་ཞེས་བསྒོམ་མོ། །དེ་ནས་བདག་ལས་སེམས་ཅན་ལྷག་པར་བསྒོམ་སྟེ། བདག་ལ་ནད་དང་ཡིད་མི་བདེ་བ་ལྟ་བུ་གཅིག་བྱུང་དུས་སུ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །ཅེས་དམ་བཅས་ནས། དེ་དག་གིས་སྡུག་བསྔལ་ཇི་ཙམ་འཁུར་དགོས་པ་དེ་ཙམ་དུ། དེ་ལ་སྤོང་བློ་མ་ཞུགས་པར་བྱེད་ཅིང་། བདག་གི་ལེགས་པའམ་དགེ་བ་ནམ་འབྱོར་བའི་དུས་བདག་གིར་མི་བྱ་བར་གཞན་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །དེ་
༢༡༨ ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །མཐར་སྡུག་བསྔལ་གྱི་རང་ཞལ་བལྟས་པས་སྡུག་བསྔལ་གྱི་དམིགས་པ་ཉེ་བར་ཞི་ནས་གཉུག་མའི་ངང་དུ་གནས་པར་འགྱུར་ཏེ། དོན་དམ་པའི་སེམས་སྒོམ་པའོ། །ཚུལ་འདི་ལ་སློབ་པ་ན་དངོས་སུ་བདག་གི་ཕུན་སུམ་ཚོགས་པ་གཞན་ལ་སྦྱིན་ཞིང་། གཞན་གྱི་དུཿཁ་བ་རང་གིས་བདག་གིར་ལེན་པ་ལ་པདྨའི་མཚོ་ལ་ངང་པ་བཞིན་དུ་འཇུག་པར་བྱའོ། །བདུན་པ་ཆིག་ཆོག་སྒོམ་པ་ནི། བྱར་མེད་བློ་ལས་འདས་པའི་དོན་ཏེ། བྱས་ཆོས་བློའི་དྲི་མས་མི་སྤགས་པར་བསྒོམ་དུ་མེད་ཅིང་། ཡེངས་སུ་མེད་པའི་སེམས་ཀྱི་རང་བཞིན་ཉིད་དུ་རང་བབས་སུ་ཁྲེས་སེ་འཇོག་པའོ། །འདི་ནི་སངས་རྒྱས་པའི་ལམ་རྣལ་མ་དེ་ཀ་ཡིན་པའི་ཕྱིར་ཆིག་ཆོག་མ་ཞེས་བྱའོ། །འོ་ན་སངས་རྒྱས་པ་ལ་ཐབས་ཤེས་ཟུང་འཇུག་གི་ཉམས་ལེན་དགོས་པ་མ་ཡིན་ནམ་ཞེ་ན་བདེན་མོད། འདིར་སྟོང་པར་མ་བསྒོམས་པས་སྣང་བ་མ་སྤངས། དེས་ན་སྣང་བ་མི་དགག་པ་ཐབས་ཀྱི་ཆ། དངོས་པོར་མ་བཟུང་པས་སྟོང་པ་མ་སྤངས་ལ། སྟོང་པ་མ་བོར་པས་ཤེས་རབ་ཀྱི་ཆ། དེ་གཉིས་ཆུ་ལ་ཆུ་བཞག་པ་ལྟ་བུར་ངོ་བོ་ཉིད་ཀྱི་དབྱེར་མེད་དུ་གནས་པ་ལ་དབྱེར་མེད་དུ་ཉམས་སུ་བསྟར་བས་ཐབས་ཤེས་ཟུང་འཇུག་ཅེས་བྱ་སྟེ། ཕྱོགས་རེ་རེ་བར་ལྷུང་པའི་སྐྱོན་མེད་དོ། །དེས་ཁ་ཕྱིར་ལྟའི་ཤེས་པ་ཐམས་ཅད་སོ་སོ་རང་གི་རིགས་པའི་དབང་དུ་འདུ་བའི་ཕྱིར་གཞན་སྣང་དབང་དུ་སྡུད་པ་ཞེས་བྱའོ། །བརྒྱད་པ་རྩལ་རྫོགས་སྒོམ་པ་ནི། དལ་འགྲོའམ། འདུག་གམ། ཟའམ། ཉལ་བའི་དུས་གར་ཡང་དེའི་རྐྱེན་རྟོག་ཤར་པའི་དུས་སུ་དེ་ལ་སྐྱོན་དུ་མི་འཛིན་ཅིང་། སྤོང་བློ་མི་བྱ། རྟོག་པ་དེ་ཉིད་རང་བཞིན་སྟོང་པ་ཡིན་པས་བློས་སྟོང་བར་མི་སྒོམ། རྟོག་པ་ལྟར་སྣང་ཡང་ངོས་གཟུང་མེད་པས། དངོས་པོར་ཡང་མི་གཟུང་བར། དེ་ཉིད་ངོས་ཚིར་གྱིས་ཟིན་པའི་ངང་དེར་
༢༡༩ ཀར་མ་བཅོས་པར་གློད་པས། དེར་སྣང་གི་དམིགས་པ་ཞིག་ནས་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་འཇུག་པ་ཡིན་ནོ། །འདིའི་གནད་ཀྱིས་ཟིན་ན། འགྲོ་འདུག་སྐོར་བ། ཟས་གང་ཟོས་ཚོགས་འཁོར། གཉིད་དམ་ཉལ་འོད་གསལ། སྤྱོད་ལམ་གང་བྱས་ཆོས་སུ་འགྲོ་བ་ཡིན་ནོ། །དགུ་པ་ལས་འབྲེལ་གཞག་པ་ནི། དུས་དང་རྣམ་པ་ཐམས་ཅད་དུ་ལུས་ངག་ཡིད་གསུམ་གྱི་བྱ་བ་ཅི་བྱེད་ཐམས་ཅད་གཞན་དོན་འབའ་ཞིག་ཏུ་སྤྱད་ནས་རང་འདོད་ཀྱི་འཁྲིས་ཡེ་མ་ཞུགས་པས། ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཐམས་ཅད་ལ་མ་ཆགས་མ་ཞེན་པར་སེམས་ཅན་ཐམས་ཅད་ལ་ལྟོས་མེད་དུ་སྦྱིན་པར་བྱའོ། །རང་ལ་ལོག་པར་སྒྲུབ་པ་བྱུང་ན། དེ་ལ་དེའི་རྐྱེན་གྱིས་ལྷག་པར་བརྩེ་བས། གནོད་པར་བྱས་པའི་རྒྱུ་འདིས་འདི་སྡུག་བསྔལ་བར་མི་འགྱུར་བར་བདག་གིས་ཚེ་རབས་ཐམས་ཅད་དུ་འདི་ལ་ཕན་པ་དང་བདེ་བ་ཐམས་ཅད་བསྒྲུབ་སྟེ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་འཇུག་པར་བྱའོ་སྙམ་དུ་དམ་བཅའོ། །དགེ་བའི་རྩ་བ་དེ་ལ་སྦྱིན་པར་བྱའོ། །གལ་ཏེ་མཐུ་དང་ལྡན་ན་མ་རུངས་པ་དག་དྲག་པོའི་ལས་ལ་སོགས་པས་ཀྱང་རྗེས་སུ་འཛིན་པར་གསུངས་སོ།། །།བཅུ་པ་སྤེལ་སྦྱོང་ནི། སྡིག་པའམ་དགེ་བའི་རྟོག་པ་སྐད་ཅིག་འགྱུས་པ་ཡན་ཆད་སྟོང་ཉིད་དུ་སྦྱངས་ཤིང་། རྗེས་ལ་སྡིག་པ་སྟོབས་བཞིས་བཤགས་པ་དང་། དགེ་བ་དོན་གཉིས་ལྡན་པའི་རྒྱུ་རུ་བསྔོས་པས། ལུས་ངག་ཡིད་གསུམ་ཐ་མ་ལ་དུ་མི་ལུས་པར་སྒྲིབ་གཉིས་འདག་ཅིང་། ཚོགས་གཉིས་ངམ་ངམ་གྱིས་རྫོགས་པར་འགྱུར་རོ། །བཅུ་གཅིག་པ་དབང་བཞི་བསྐུར་བ་ནི། བླ་མ་ཡི་དམ་གྱི་ཚོགས་ལ་གསོལ་བ་བཏབ་པས། ཐུགས་ཀ་ནས་ཡུམ་ལྔས་རིན་པོ་ཆེའི་བུམ་པ་ཧེ་རུ་ཀ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་
༢༢༠ བས། བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱིས་ལྷ་རྣམས་ཀྱི་སྤྱི་བོ་ནས་རིམ་པས་ཞུགས་པས་ལུས་ངག་ཡིད་བཞི་པའི་དྲི་མ་ཐམས་ཅད་ནག་འདུར་འདུར་ཞབས་ཀྱི་མཐེ་བོང་ནས་ཟགས་པས་དྲི་མ་མེད་པར་གྱུར་པའི་སྐུ་ལུས་བདུད་རྩིས་གང་བར་བསམ་པ་ཕྱིའི་དབང་ངོ་། །དེས་ཕུང་ཁམས་སྐྱེ་མཆེད་ལྷར་རིག །རླུང་སྔགས་ཟུང་འཇུག་ཏུ་རིག །ཐིག་ལེ་བདེ་བའི་ངོ་བོར་རིག །བདེ་བའང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཟུང་འཇུག་ཏུ་རིག་པས་ནང་གི་དབང་། བདག་གི་ལུས་དང་སངས་རྒྱས་ཀྱི་སྐུ་རྡོ་རྗེ། ངག་དང་གསུང་རྡོ་རྗེ། ཡིད་དང་ཐུགས་རྡོ་རྗེ། ཡེ་ཤེས་དང་ཡེ་ཤེས་རྡོ་རྗེ་དབྱེར་མི་ཕྱེད་པ་ཆུ་དང་འཁྱག་རོམ་ལྟར་བྱིན་གྱིས་བརླབས་པ་དོན་གྱི་དབང་ངོ་། །བཅུ་གཉིས་པ་གདམས་ངག་སྒོམ་པ་ནི། ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱི་ལྷ་ཡིན་པས་རྣམ་པའི་བསྒྱུར་སྒོམ་མི་དགོས། རང་ངོ་ཤེས་པར་བྱས་པས་བཅོས་མའི་ཟོལ་རྡིབ་སྟ། ཀུན་ཁྱབ་སྒྱུ་འཕྲུལ་གྱི་སྣང་བ་འཆར་བ་ལྷའི་དེ་ཁོ་ན་ཉིད་དོ། །རླུང་སྔགས་ཟུང་འཇུག་ཡིན་པས་བགྲང་འདྲེན་གྱི་བཟླས་བརྗོད་མི་དགོས། རང་ངོ་ཤེས་པར་བྱས་པས་ལས་རླུང་དག་སྟེ། གཞོམ་དུ་མེད་པའི་སྐད་དུ་འཆར་འཆར་བ་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དྲན་རྟོག་སྟོང་ཉིད་ཀྱི་རང་མདངས་ཡིན་པས་བཅོས་མའི་རྒྱས་བཏབ་མི་དགོས། རང་ངོ་ཤེས་པར་བྱས་པས་འཁྲུལ་པའི་གཟུང་འཛིན་ཞིག་སྟེ། འཁྲུལ་མེད་ཀྱི་བདེ་བར་ཤར་བས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དེ་གསུམ་ཡང་ཐ་དད་དུ་བཤད་ཀྱང་ཟུང་འཇུག་ཏུ་གནས་པས་བློས་བརྟགས་ནས་བསྲེ་མི་དགོས། ཁྱབ་གདལ་དུ་བསྐྱངས་པས་གཞི་ཐོག་ཏུ་ཐིམ་པ་བདག་གི་དེ་ཁོ་ན་ཉིད་དོ། །བཅུ་གསུམ་པ་རྟེན་འབྲེལ་བསྒྲིག་པ་ནི། ཕྱིར་ལུས་ཀྱིས་བཟང་ངན་འབྲིང་གསུམ་སྤྱི་བོར་ཁུར། །ངག་གིས་ཐམས་ཅད་ལ་སྙན་པར་འབའ་ཞིག་བརྗོད། ཡིད་ཀྱིས་ལོག་སྒྲུབ་བཟོད་པའི་དག་སྣང་ལ་སྦྱང་། ནང་དུ་ལུས་ཐོག་ཏུ་སྐུ་རྡོ་རྗེའི་རྟེན་འབྲེལ་བསྒྲིགས་པས་འབྲས་བུ་སྤྲུལ་པའི་སྐུར་འཆར། ངག་ཐོག་ཏུ་གསུང་རྡོ་རྗེ་ལོངས་སྐུ། ཡིད་ཐོག་ཏུ་ཐུགས་རྡོ་རྗེ་ཆོས་སྐུ། གསང་
༢༢༡ བར་བདེ་སྟོང་མཉམ་པ་ཉིད་ཀྱི་རྟེན་འབྲེལ་བསྒྲིགས་པས་ནང་གིས་གསལ་སྟོང་རོ་མཉམ། དེ་ལས་ཕྱིའི་སྣང་སྟོང་རོ་མཉམ་ཞིང་། དེས་འབྲས་དུས་སུ་ཐུགས་ལས་གསུང་དུ་སྣང་། གསུང་ལས་སྐུ་སྟེ། བདག་གཞན་གྱི་དོན་གཉིས་འབྲུབ་པ་ཡིན་ནོ། །བཅུ་བཞི་པ་སྨོན་ལམ་གདབ་པ་ནི། ལྷག་པའི་བསམ་པས་དགེ་བ་ཐམས་ཅད་ཀྱི་མཇུག་ཏུ། འདི་ཉིད་ནས་བཤད་བའི་སྨོན་ལམ་རིང་མོའམ་བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་ཡོངས་སུ་བསྔོ་བར་བྱའོ། །གསུམ་པ་རྗེས་ནི། རྟེན་བརྟེན་པར་བཅས་པའི་ལྷ་ཚོགས་ཐམས་ཅད་དང་། རང་གི་ལུས་ངག་ཡིད་གསུམ་ལན་ཚྭ་ཆུ་ལ་སིམ་པ་ལྟར་མི་ཕྱེད་པར་བསྒོམས་ལ་མཉམ་པར་གཞག་ཅིང་། མཐར་བྱ་བ་ཐམས་ཅད་གཞན་དོན་དུ་མོས་པས་ལྡང་བར་བྱའོ། །དེ་ལྟར་ཐུགས་དམ་དགེ་སྦྱོར་བདུན་པའི་ཁྲིད། ཉམས་སུ་བླང་བྱའི་སྙིང་པོར་བསྒྲིལ་བ་འདིའང་། གཞུང་ལུགས་རབ་འབྱམས་སྨྲ་བའི་སྟོན་སྒོམ་གཡའ་བཟང་པ་དཔལ་འབྱོར་གྲགས་པའི་ངོར་དགེ་སློང་པདྨ་དཀར་པོས་སྲོང་གཙན་བང་སོའི་རྒྱལ་པོའི་ཁབ་ཏུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །འཇིག་རྟེན་མིག་ངོར་སུ་འཕྱོར་འཁྱེར་ལེགས་པ། །དེང་སོང་ཀུན་གྱིས་ཆོས་ལ་བཟང་པོར་བྱས། །སྙེམས་ཆུད་ཉོན་མོངས་ཐུལ་དེ་བཙུན་པ་ཞེས། །ཟས་གཙང་སྲས་ཀྱི་གླེགས་གམ་ཁོ་ནར་གྲགས། །ཐམས་ཅད་གཟིགས་དེས་འདོད་པ་ཉེས་དམིགས་རྒྱུར། །དགོངས་ནས་རང་གི་སློབ་མར་སྤོངས་ཞེས་གསུངས། །ལྷག་པའི་ནོར་མེད་ད་དུས་ཆོས་པའི་ཁྲོད། །མ་ཚུད་དོགས་ནས་ཐེ་ཚོམ་འཁྱོག་ལ་བརྟེན། །སྙིགས་དུས་སྐྱེ་དགུ་དགའ་བའི་ཟོལ་མ་མཁྱེན། །ཚེ་འདིའི་ཞེན་པ་དང་ཡང་མ་འདྲིས་པས། །མི་ཁྱུར་མ་ཚུད་ཁོ་བོའི་བླ་མ་དག །དབེན་པའི་རིར་གབ་ཆགས་མེད་ཞི་ལ་སེམས།། །།


[edit]

WYLIE TEXT WILL APPEAR HERE

Footnotes



Research Information
Translator's notes
Note from Ringu Tulku
The Seven Practices to Bring to Everyday Life.
Notes on the text itself
Notes on authorship
Notes on individuals related to text
Other notes
Genre from Richard Barron's Catalog
Instruction manual
Genre from dkar chag
'brug pa bka' brgyud
BDRC Link
VolumeI1CZ3972
BDRC Content Information
No note on contents


Related Content
Recensions
Other Translations
Commentary(s) of this Text in the DNZ
Text(s) in the DNZ of which this is a commentary
Related Western Publications
Related Tibetan Publications
Other Information

Information about Unicode Tibetan and the digitization of this text

As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of fall 2017 that project has not been finished. Note that the folio numbers that appear throughout were added by Nitartha Input Center at the time of input.

Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion.

View JSON

JSON Export