Tibetan:འཕགས་པ་ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ་ཀྱི་ཁྲིད་ཡིག་བཀྲ་ཤིས་བིལྦའི་ལྗོན་བཟང་
(Redirected from Tibetan:འཕགས་པ་ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ་ཀྱི་ཁྲིད་ཡིག་བཀྲ་ཤིས་བིལྦའི་ལྗོན་བཟང་)
Jump to navigation
Jump to search
འཕགས་པ་ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ་ཀྱི་ཁྲིད་ཡིག་བཀྲ་ཤིས་བིལྦའི་ལྗོན་བཟང་
'phags pa klu sgrub kyi mchod rten drung thob kyi khrid yig bkra shis bil+ba'i ljon bzang
Damngak Dzö Volume 6 (ཆ་) / Pages 189-212 / Folios 1a1 to 12b2
'phags pa klu sgrub kyi mchod rten drung thob kyi khrid yig bkra shis bil+ba'i ljon bzang
Damngak Dzö Volume 6 (ཆ་) / Pages 189-212 / Folios 1a1 to 12b2
Tibetan Text
༡༨༩འཕགས་པ་ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ་ཀྱི་ཁྲིད་ཡིག་བཀྲ་ཤིས་བིལྦའི་ལྗོན་བཟང་ཞེས་བྱ་བ་བཞུགས་སོ།། །།
༡༩༠ན་མོ་གུ་རུ་བཛྲ་དྷ་ར་པཱ་དཱ་ཡ། དཔལ་ལྡན་ནཱ་་ན་དང་། །དབྱེར་མེད་རྗེ་བཙུན་གོང་མ་ལྔ། །གཅིག་བསྡུས་མཁྱེན་བརྩེའི་དབང་པོར་འདུད། །སེམས་ཐག་ཆོད་པའི་ཁྲིད་རིམ་དགོད། ལམ་སྐོར་ཕྱི་མ་བརྒྱད་ཀྱི་ནང་ཚན། འཕགས་ཡུལ་གྲུབ་ཐོབ་རྒྱ་མཚོའ་སྤྱི་མེས་བྲམ་ཟེ་ཆེན་པོ་ས་ར་ཧ་དང་། རྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་པར་གྱུར་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གདམས་པ་གནས་ལ་ལྟོས་ནས་མཆོད་རྟེན་གྱི་དྲུང་དུ་ཐོབ་པ་ཞེས་དང་། སྒོམ་ཚུལ་ལ་ལྟོས་ནས་སེམས་ཐག་གཅོད་པའི་གདམས་ངག་ཅེས་དང་། བསྒོམ་བྱ་ལ་ལྟོས་ནས་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཞེས་དང་། ཁྲིད་ཚུལ་ལ་ལྟོས་ནས་ཕྱག་རྒྱ་ཆེན་པོ་རྣལ་དུ་སྟོན་པ་ཞེས་ཀྱང་བྱ་བའི་ཁྲིད་ཀྱི་རིམ་པ་འཆད་པ་ལ་གཉིས། གང་ལས་བྱུང་བའི་བརྒྱུད་པའི་ལོ་རྒྱུས། དེ་ལས་བྱུང་བའི་གདམས་པ་དངོས་བསྟན་པའོ། །དང་པོ་ནི། དཔལ་ནམ་མཁའ་དང་མཉམ་པའི་གསང་འདུས་རྩ་རྒྱུད་ལེའུ་གཉིས་པ་མི་བསྐྱོད་པའི་བྱང་ཆུབ་ཀྱི་སེམས་ལས། དམ་པའི་དོན་དུ་དངོས་པོ་རྣམས། །སྲིད་གསུམ་དངོས་
༡༩༡པོ་མེད་པར་བསྒོམ། །དངོས་པོ་མེད་པ་བསྒོམ་པའི་དངོས། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་ལ་བརྟེན་ནས་ས་ར་ཧས་དོ་ཧ་མཛོད་ཀྱི་གླུ་མཛད། ཡང་དེ་ཉིད་ཀྱི་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་སེམས་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པར་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བ་ལ་བསྟེན་ནས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་ཀྱི་འགྲེལ་པ་མཛད་དེ། དེ་གཉིས་ཀྱི་མན་ངག་སྙིང་པོ་བསྡུས་པ་ནི་འདི་ཉིད་ཡིན་ནོ། །བརྒྱུད་པའི་རིམ་པ་ནི། རྡོ་རྗེ་འཆང་ཆེན་པོ། ཕྱག་ན་རྡོ་རྗེ། ས་ར་ཧ་ཆེན་པོ། འཕགས་པ་ཀླུ་སྒྲུབ། ཨཱ་་དེ་བ། དགེ་སློང་ནག་པོ། ཟླ་བ་གྲགས་པ། བྲམ་ཟེ་དཔལ་འཛིན། དཔའ་བོ་རྡོ་རྗེ། མུ་ཁུ་ལུང་པ། སེ་མཁར་ཆུང་བ། རྗེ་དགོན་བ་བ། རྗེ་བཙུན་ས་སྐྱ་པ་ཁུ་དབོན་
༡༩༢ནས་བར་མ་ཆད་དུ་བྱོན་ཏེ། རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བཀའ་བབ་ཀྱི་ཆུ་རྒྱུན་འདུས། དེས་ཁོ་བོ་ཅག་རྗེས་སུ་བཟུང་བའོ། །གཉིས་པ་ཉམས་སུ་བླང་བའི་གདམས་ངག་དངོས་བསྟན་པ་ལ་བདུན། ལྟ་བས་ཐག་བཅད་པ། བསོད་ནམས་ཀྱི་ཚོགས་བསགས་པ། སེམས་རང་གནས་སུ་བཟུང་བ། དེ་ཁོ་ན་ཉིད་ལ་ངོ་སྤྲད་པ། སྤྱོད་པས་མཚམས་སྦྱོར་བ། གེགས་སེལ་བ། འབྲས་བུ་ཇི་ལྟར་ཐོབ་པའོ། །དེ་ལ་དང་པོ་ལྟ་བས་ཐག་གཅོད་པ་ལ་གཉིས། གོ་དོན་སེམས་ལ་བཞག་པ་དང་། བསྒོམ་དོན་བློ་ལ་དགོད་པའོ། །དང་པོ་ལ་གསུམ། བསྒོམ་བྱའི་ངོ་བོ་ངོས་བཟུང་བ། དེ་མཉམ་གཞག་ཏུ་བསྒོམ་ཚུལ། །རྗེས་ཐོབ་ཏུ་འཆར་ཚུལ་རྣམས་ཀྱིས་བསྡུས་པ་སྟེ། དང་པོ་ནི། བྱང་ཆུབ་སེམས་འགྲེལ་ལས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི་།རྟོག་པ་རྣམས་ཀྱིས་མ་བརྟགས་པ། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །སྙིང་རྗེས་བརླན་པའི་སེམས་ཀྱིས་ནི། །འབད་པས་བསྒོམ་པར་བྱ་བ་ཡིན། །ཐུགས་རྗེའི་བདག་ཉིད་སངས་རྒྱས་ཀྱི། །བྱང་ཆུབ་སེམས་ནི་རྟག་ཏུ་བསྒོམ། །ཞེས་གསུངས་ཏེ། ཕྱི་རོལ་པས་བཏགས་པའི་བདག་ནི་ལོག་པར་རྟོག་པ་སྟེ་རྣམ་པ་ཀུན་ཏུ་སྤང་བར་བྱ་བ་ཡིན་ལ། ཉན་ཐོས་སྡེ་གཉིས་ཀྱིས་བཏགས་པའི་ཕུང་ཁམས་སྐྱེ་མཆེད་རྣམས་དང་། སེམས་ཙམ་པས་བཏགས་པའི་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་སྨྲ་བ་དང་། ཤེས་པ་བདེན་པར་འདོད་པ་ལ་སོགས་པ་རྣམས་ཀྱང་ཐར་པའི་ལམ་དང་འབྲེལ་མོད་མཐར་འཛིན་གྱི་རྟོག་པས་བསྒྲིབས་པས་ཤེས་བྱའི་སྒྲིབ་པ་སྤོང་མི་ནུས་པའི་ཕྱིར། །གཞུང་ལུགས་ནས་བཤད་པའི་རིགས་པས་དཔྱད་གཞིག་བྱས་ཀྱང་རུང་། མན་ངག་ནས་བཤད་
༡༩༣པའི་དམིགས་པས་སྒྲོ་སྐུར་བཅད་ཀྱང་རུང་སྟེ། འཁོར་བའི་རྩ་བ་ལྷན་སྐྱེས་ཀྱི་མ་རིག་པ་ལ་བརྟེན་ནས་གང་ཡང་གྲུབ་པ་མེད་བཞིན་ཏུ་ཡོད་པར་སྒྲོ་བཏགས་ནས། ཆོས་དང་གང་ཟག་སོ་སོའ་རང་བཞིན་ཏུ་ཞེན་ཅིང་འཛིན་པ་ནི་བདག་གཉིས་དང་། རང་བཞིན་མེད་པ་ནི་བདག་མེད་གཉིས་སུ་བཤད་ཅིང་། དེའང་གང་ཟག་གི་བདག་ནི་རྟག་པ་དང་གཅིག་པུར་བཟུང་ནས་ཅིར་ཡང་མ་གྲུབ་པ་ལ་ངའོ་བདག་གོ་སྙམ་དུ་ཞེན་ཅིང་འཛིན་པ་དང་། ཆོས་ཀྱི་བདག་ནི་ཕུང་ཁམས་སོགས་ཀྱི་ཆོས་རྣམས་ལ་རང་མཚན་པའི་དངོས་པོ་གཞན་ཏུ་ཞེན་པ་སྟེ། བདག་དེ་གཉིས་ཀྱིས་ལས་དང་ཉོན་མོངས་པ་ལ་སོགས་པའི་ཉེས་སྐྱོན་ཐམས་ཅད་སྐྱེད་པར་བྱེད་ཅིང་འཁོར་བ་ཐོག་མཐའ་མེད་པར་སྒྲུབ་པར་བྱེད་པས་འཁོར་བ་སྤོང་བ་ལ་བདག་མེད་ཀྱི་དོན་བསྒོམ་དགོས་ཤིང་། དེས་བདག་དང་བདག་གིར་འཛིན་པའི་འཇིག་ལྟ་ལས་ལྡོག་ཅིང་སྲེད་ལེན་གྱིས་ཕུང་པོ་ཉིད་མཚམས་སྦྱོར་བའི་སྐྱེ་བ་ཟད་ནས་ཐར་པ་ཐོབ་པར་འགྱུར་ལ། བདག་མེད་ཚུལ་ནི་བདག་ཅེས་པ་འདི་ཡོད་ན་རང་དང་གཞན་དང་གཉིས་ཀ་དང་དུས་གསུམ་གང་རུང་ལས་སྐྱེ་དགོས་པ་ལ་དེ་དག་གང་ལས་ཀྱང་མ་སྐྱེས་པ་དང་། བདག་ཡོད་ན་ཕུང་པོ་དང་གཅིག་དང་ཐ་དད་གང་རུང་དུ་ཡོད་དགོས་པ་ལ་དེ་དང་དེར་མ་གྲུབ་པ་དང་། གང་ཟག་ཏུ་གདགས་པའི་གཞི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་ཀྱང་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་སྐྱེ་བ་མ་གྲུབ་པས་བརྟགས་ཤིང་དཔྱད་ན་གཟུང་འཛིན་ཐམས་ཅད་དངོས་པོར་བདེན་པར་མ་གྲུབ་ཅིང་། མ་དག་པའི་བག་ཆགས་ལོག་ཤེས་ཀྱི་སྣང་བ་བདེན་པར་མ་གྲུབ་པ་སྒྱུ་མའི་བཀོད་པ་དང་རྨི་ལམ་གྱི་གཟུགས་ལ་སོགས་ལྟར་ཡིན་ལ། བདག་གཉིས་བཀག་པས་གཟུང་འཛིན་གྱི་དངོས་པོ་དང་མཚན་
༡༩༤ཏུ་ཞེན་པ་ལས་ལྡོག་པ་ཡིན་ཀྱང་དོན་དམ་པར་སྟོང་པར་འཛིན་པ་དང་མེད་པར་ལྟ་བ་ནི་གསོར་མི་རུང་བའི་ལྟ་ངན་ཡིན་པས་སྤང་དགོས་ཏེ། སེམས་འགྲེལ་ལས། སྐྱེ་མེད་དང་ནི་སྟོང་ཉིད་དང་། །བདག་མེད་ཅེས་བྱ་སྟོང་པ་ཉིད། །བདག་ཉིད་དམན་པ་གང་བསྒོམ་པ། །དེ་དེ་སྒོམ་པར་བྱེད་མ་ཡིན། །ཅེས་སོ། །དོན་ཏུ་གཟུང་འཛིན་གྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ཙམ་དུ་སྣང་བས་སྟོང་རྐྱང་མ་ཡིན་ཅིང་། དཔྱད་ན་སོ་སོའ་རང་བཞིན་ཏུ་གྲུབ་པ་རྡུལ་ཙམ་མེད་པས་ངོས་བཟུང་རྒྱུ་དང་བདེན་པར་མ་གྲུབ་ལ། སེམས་ཙམ་དུ་བལྟ་བར་མི་བྱ་སྟེ། དེ་ཉིད་ལས། དེ་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པས་བསྟན་པ་གང་མཛད་དེ། །བྱིས་པ་རྣམས་ཀྱི་སྐྲག་པ་ནི། །སྤང་བའི་ཕྱིར་ཡིན་དེ་ཉིད་མིན། །ཅེས་སོ། །མདོར་ན་འཁོར་བའི་རྩ་བ་བདག་དང་བདག་གིར་འཛིན་པའི་ལྷན་སྐྱེས་ཀྱི་མ་རིག་པ་གཙོ་བོར་གྱུར་པའི་ཡུལ་ཡུལ་ཅན་གྱི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་རྒྱུ་འབྲས་རྣམས་ལ། །གཅིག་ཏུ་བྲལ་སོགས་ཀྱི་རིགས་པས་དཔྱད་ནས་སྟོང་པར་གཏན་ལ་ཕབ་སྟེ་ཡོད་པའི་མཐའ་བསལ། རྟེན་འབྱུང་གི་རིགས་པས་སྣང་བ་གཏན་ལ་ཕབ་སྟེ་མེད་པའི་མཐའ་བསལ། ལྟ་བ་དངོས་གཞི་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བའི་སྣང་བ་དང་སྟོང་པ་ཟུང་འཇུག་ཏུ་བཞེད་པ་ཡིན་ལ། སྣང་བའི་ངོ་བོ་གཏན་ལ་འབེབས་པ་ན་སྣང་བའི་ངོ་བོའམ་རང་བཞིན་གང་དུའང་གྲུབ་པ་མེད་པའི་སྟོང་པ་ཉིད་དང་། སྣང་བའི་སྣང་ཚུལ་མ་འགགས་པར་སྣང་བ་གཉིས་དབྱེར་མེད་དུ་འབྱུང་དགོས་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཇི་ལྟར་བུ་རམ་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་བཞིན། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་འདོད། །ཅེས་དང་། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་
༡༩༥འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་ཇི་བཞིན་ནོ། །ཞེས་པ་ལྟར་རོ། །འདི་ལ་རྒྱ་བོད་ཀྱི་མན་ངག་པ་རྣམས་ཀྱིས། ཐོག་མར་གཟུང་འཛིན་གྱི་ཆོས་ཐམས་ཅད་རང་གི་སེམས་སུ་ཤེས་པར་བྱས། སེམས་དེའང་ཡོད་མེད་ཡིན་མིན་སྐྱེ་འགག་ལ་སོགས་པའི་ངོ་བོ་ངོས་བཟུང་གང་དུའང་མ་གྲུབ་པའི་རང་བཞིན་གྱིས་སྟོང་པ་ཉིད་དུ་གཏན་ལ་ཕབ་ནས། མཐར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་ལ་ལྟ་བར་འཇོག་པ་ཡིན་ནོ། །གཉིས་པ་ནི། སྤྱིར་ལྟ་བའི་ངང་ལས་གཞན་དུ་མི་ཡེངས་པ་སྒོམ་པ་ཡིན་ལ། དེ་ཡང་ལྟ་བའི་ངང་མ་ཤོར་ཙམ་གྱིས་དྲན་པ་དང་ཤེས་བཞིན་ལས་གཞན་པའི་དམིགས་པ་དང་ཡིད་བྱེད་ཐམས་ཅད་སྤང་སྟེ། བཟོ་བཅོས་རྟོག་དཔྱོད་མེད་པར་ཅིའང་མི་སྒོམ་པའི་ཚུལ་གྱིས་རང་བབ་ཏུ་བཞག་པ་ཡིན་ཏེ། སེམས་འགྲེལ་ལས། དམིགས་པ་དང་ནི་བྲལ་བའི་སེམས། །ནམ་མཁའི་མཚན་ཉིད་ལ་གནས་ཏེ། །ནམ་མཁའ་སྒོམ་པར་བྱེད་པ་ནི། །སྟོང་པ་ཉིད་ནི་སྒོམ་པར་བཞེད། །ཅེས་སོ། །དེའང་རྒྱུད་ལ་སྐྱེད་པ་ལ། རྟེན་ཞི་གནས་དང་བརྟེན་པ་ལྷག་མཐོང་གཉིས་དང་ལྡན་པར་དགོས། ཞི་གནས་ནི། དབེན་པར་རྒྱུ་ཚོགས་བརྟེན་ནས་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བརྟེན་ཏེ་སེམས་གནས་པའི་ཐབས་དགུས་ཉམས་ལྔ་སྐྱེས་ནས་དེའི་རྒྱུན་བསྐྱངས་པས་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་སྐྱེས་པ་ན་བསམ་གཏན་གྱི་སས་བསྡུས་པའི་ཞི་གནས་མཚན་ཉིད་པ་ཡིན་ལ། ལྷག་མཐོང་ལའང་དང་པོ་གསལ་བ་ངོས་བཟུང་། བར་དུ་མཐའ་བྲལ་ལ་བློ་བཞག །མཐར་བརྗོད་བྲལ་ལ་ངེས་པ་བསྐྱེད་དེ་ཞི་ལྷག་ཟུང་འབྲེལ་དུ་བསྐྱང་བ་ཡིན་ནོ། །གསུམ་པ་ནི། མཉམ་གཞག་ནམ་མཁའ་ལྟ་བུའི་སྐབས་སྣང་བ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་ཀྱང་རྗེས་ཐོབ་ཏུ་སྣང་ཚུལ་ཇི་ལྟར་
༡༩༦གསལ་བར་སྣང་བའི་ཚེ་སྒྱུ་མས་སྤྲུལ་པའི་རྟ་གླང་སོགས་ངོ་བོས་གྲུབ་པ་མེད་བཞིན་གསལ་བར་སྣང་བའི་ཚེ་སྒྱུ་མའི་མཁན་པོ་དང་ལྟད་མོ་བ་གཉིས་སྣང་ཚུལ་གྱི་སྒོ་ནས་འདྲའནག་གནས་ཚུལ་ལ་རྟ་གླང་རང་མཚན་པར་ཞེན་འཛིན་ཡེད་མེད་ཀྱི་ཁྱད་པར་འབྱུང་བ་བཞིན། ཐ་མལ་པ་རྣམས་སྣང་བ་ལ་ཞེན་འཛིན་འབྱུང་བ་དེ་ལ། རྣལ་འབྱོར་པ་རྣམས་ཀྱིས་སྣང་བ་ཙམ་ལས་རང་བཞིན་གྱིས་མ་གྲུབ་པ་རྟེན་ཅིང་འབྲེལ་འབྱུང་ཙམ་དུ་ཤེས་པ་ཡིན་ནོ། །དེ་དག་གིས་དོན་དམ་བྱང་ཆུབ་སེམས་ཀྱི་གནས་ལུགས་ཤེས་ནས་སྒོམ་པ་ནི་སྲིད་པའི་རྩ་བ་གཅོད་པར་བྱེད་པ་སྟེ། སེམས་འགྲེལ་ལས། དེ་ཕྱིར་ཆོས་རྣམས་ཀུན་གྱི་གཞི། །ཞི་ཞིང་སྒྱུ་མ་དང་མཚུངས་པ། །གཞི་མེད་སྲིད་པ་འཇིག་བྱེད་པ། །སྟོང་པ་ཉིད་ནི་རྟག་ཏུ་བསྒོམ། །ཞེས་སོ། །དེ་ལྟར་སྟོང་ཉིད་བསྒོམ་པ་ལས་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཤུགས་ཀྱིས་སྐྱེ། དེ་ལས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་སྤྱོད་པ་ལ་འཇུག་པས་མི་གནས་པའི་བྱང་ཆུབ་ཆེན་པོ་མངོན་དུ་གྱུར་ཏེ་སྲིད་པ་ཇི་སྲིད་བར་གང་ལ་གང་འདུལ་གྱི་ཐབས་སྣ་ཚོགས་པས་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པར་འབྱུང་བར་འགྱུར་བ་ཡིན་ཅིང་། དེ་ལའང་དང་པོ་ཚད་མེད་པ་བཞི་ཡིས་བློ་སྦྱོང་། དེ་ནས་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད། འཇུག་པའི་སྤྱོད་པ་ལ་རིམ་གྱིས་སློབ་དགོས་པ་རྣམས་བསྟན་རིམ་སྤྱི་ལྟར་བྱ་སྟེ། དེའི་དགོས་པའང་སེམས་འགྲེལ་ལས། མཉམ་པར་བཞག་པས་འབད་པ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས། །རང་དང་གཞན་དོན་སྒྲུབ་དོན་དུ། །སྲིད་ན་ཐབས་གཞན་ཡོད་མ་ཡིན། །བྱང་ཆུབ་སེམས་ནི་མ་གཏོགས་པ། །སངས་རྒྱས་ཀྱིས་ནི་ཐབས་མ་གཟིགས། །བྱང་ཆུབ་སེམས་བསྐྱེད་ཙམ་གྱིས་ནི། །བསོད་ནམས་ཕུང་པོ་གང་ཐོབ་པ། །གལ་ཏེ་གཟུགས་ཅན་
༡༩༧ཡོད་ན་ནི། །ནམ་མཁའ་གང་བ་ལས་འདིར་ལྷག །སྐྱེས་བུ་གང་ཞིག་སྐད་ཅིག་ཙམ། །བྱང་ཆུབ་སེམས་ནི་སྒོམ་བྱེད་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཅེས་སོགས་ཕན་ཡོན་དང་བཅས་རྒྱས་པར་གསུངས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་སློབ་པའི་ཚུལ་ལོ། །འདི་དག་ནི་མདོར་བསྡུས་པ་སྟེ་རྒྱས་པར་ནི་བྱང་ཆུབ་སེམས་འགྲེལ་ཉིད་ཞིབ་ཏུ་མཉན་པར་བྱ་དགོས་སོ། །གཉིས་པ་བསྒོམ་དོན་ཉམས་སུ་བླང་བའི་མན་ངག་ནི། དབེན་པའི་གནས་སུ་ལུས་སེམས་བག་ཕབ་ལ་འདི་ལྟར་བསམ་པར་བྱ་སྟེ། ཕྱི་ཡུལ་སྣང་དུ་ཤར་བའི་ཆོས་དང་ནང་འཛིན་པའི་སེམས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མུ་སྟེགས་པས་འདོད་པ་ལྟར་ཚངས་པ་དབང་ཕྱུག་ཁྱབ་འཇུག་ལ་སོགས་པས་བྱས་པ་མིན། བོད་དུ་གྲགས་པ་སྲིད་པས་བརྐོས་པའི་ཕྱས་བྱས་པའང་མ་ཡིན། ཉན་ཐོས་སྡེ་གཉིས་ཀྱིས་འདོད་པ་ལྟར་རྡུལ་ཕྲན་ལས་བརྩམས་ནས་བྱུང་བའང་མ་ཡིན་ཏེ་དེ་དག་སོ་སོར་རིག་པའི་དབང་ཕྱུག་རྣམས་ཀྱིས་བཀག་ཟིན་ཁེགས་པར་གྱུར་པའི་ཕྱིར། བྲམ་ཟེ་ཆེན་པོའ་དོ་ཧ་ལས། ཀྱེ་མ་གང་སྨྲས་བརྫུན་ཅིང་ལོག་པ་དེ་བོར་ལ། །གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས། །ཞེས་གསུངས་སོ། །འོ་ན་གང་ལས་བྱུང་བ་ཡིན་སྙམ་ན་སེམས་ཉིད་ཀྱིས་རང་གི་གནས་ལུགས་མ་རིག་ཅིང་རང་ཚོ་མ་ཟིན་པར་བདག་གཞན་གཉིས་སུ་བཟུང་། དེར་འཛིན་གྱི་རྟོག་པས་འཁོར་བ་ཐོག་མ་མེད་པ་ནས་བག་ཆགས་ཀྱིས་བསླད་ཅིང་དགེ་བ་དང་མི་དགེ་བའི་ལས་བསགས་པའི་འཁྲུལ་སྣང་བཟང་ངན་སྣ་ཚོགས་སུ་སྣང་བ་དཔེར་ན་རྨི་ལམ་དུ་མི་དང་དུད་འགྲོ་ཁང་ཁྱིམ་སོགས་བཟང་ངན་སྣ་ཚོགས་སུ་སྣང་ཡང་གཉིད་ཀྱིས་བསླད་པའི་འཁྲུལ་རྟོག་ཁོ་ན་ལས་སད་ནས་བཟང་ངན་གང་དུའང་བདེན་པར་མ་གྲུབ་པ་བཞིན་ཏེ།
༡༩༨སྔ་མ་ལས། གང་ཞིག་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མངོན་པོའ་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་སོ། །སེམས་དེ་ཉིད་བདེན་པར་གྲུབ་བམ་སྙམ་ན། སེམས་ཞེས་པ་ད་ལྟའི་ཤེས་པ་གསལ་རིག་ཏུ་རེ་བ་འདི་ལས་གཞན་དུ་མེད་ཅིང་འདི་ལ་བརྟག་དཔྱད་བྱས་པས་ཁ་དོག་དང་དབྱིབས། གནས་ས་དང་བརྟེན་ས། ངོ་བོ་དང་ངོས་བཟུང་གང་དུའང་མ་གྲུབ་པ་ནམ་མཁའ་དང་མཆུངས་པ་སྟེ། སེམས་འགྲེལ་ལས། སེམས་འདི་མིང་ཙམ་ཡིན་པ་སྟེ། །མིང་ལས་གཞན་པ་འགའ་ཡང་མེད། །མིང་ཙམ་དུ་ནི་རྣམ་རིག་ལྟ། །མིང་ཡང་རང་བཞིན་མེད་པ་ཡིན། །ནང་ངམ་དེ་བཞིན་ཕྱི་རོལ་ལམ། །ཡང་ན་གཉིས་ཀའི་བར་དག་ཏུ། །རྒྱལ་བ་རྣམས་ཀྱིས་སེམས་མ་རྙེད། །དེ་ཕྱིར་སྒྱུ་མའི་རང་བཞིན་སེམས། །ཁ་དོག་དབྱིབས་ཀྱི་དབྱེ་བའམ། །གཟུང་བ་དང་ནི་འཛིན་པའམ། །སྐྱེས་པ་བུད་མེད་མ་ནིང་སོགས། །ངོ་བོར་སེམས་ནི་གནས་པ་མིན། །མདོར་ན་སངས་རྒྱས་རྣམས་ཀྱིས་ནི། །གཟིགས་པར་མ་གྱུར་གཟིགས་མི་འགྱུར། །རང་བཞིན་མེད་པའི་རང་བཞིན་ཅན། །ཅི་ལྟ་བུར་ན་གཟིགས་པར་འགྱུར། །ཞེས་དོན་བསྡུས་ཏེ་བཤད་པ་ལྟར་དངོས་པོ་མེད་པ་དེ་ལ་རྒྱུ་མེད་པས་དང་པོ་ཁུང་འདི་ནས་སྐྱེས། དུས་འདི་ཙམ་དུ་སྐྱེས་སོགས་བཙལ་བས་མི་རྙེད། མཐར་འགགས་པའི་ཚེ་ནའང་ཡུལ་འདིར་འགྲོ། འགགས་པའི་འབྲས་བུ་འདི་ཡིན་ཅེས་ངོས་བཟུང་དུ་མེད། བར་དུ་གནས་པའི་སྐབས་སུའང་ནང་ལུས་ཀྱི་སྟོད་སྨད་བར་གསུམ་དང་ཕྱི་རོལ་གྱི་ཡུལ་སྣང་གང་དུའང་མི་གནས་ལ། བསྟན་དུ་མེད་པ། བརྗོད་དུ་མེད་པ། གཟུགས་ཅན་མ་ཡིན་པ། ངོས་བཟུང་ཐམས་ཅད་དང་བྲལ་བའི་ཆོས་ཉིད་སྟོང་པ་ནམ་མཁའ་ལྟ་བུ་ལ། གསལ་ཆ་འགགས་ནས་སྟོང་པར་སོང་
༡༩༩བའང་མ་ཡིན་པར་རང་བཞིན་གྱིས་འོད་གསལ་བས་གསལ་བའི་ངོ་བོ་སྟོང་པ། སྟོང་པའི་རང་བཞིན་གསལ་བ་དབྱེར་མེད་ཟུང་འཇུག་ཏུ་གནས་པ་སྨྲ་བསམ་བརྗོད་པ་དང་བྲལ་བ་སྟེ། ས་ར་ཧས། སེམས་ནི་ནམ་མཁའ་འདྲ་བར་གཟུང་བྱ་སྟེ། །ནམ་མཁའི་རང་བཞིན་ཉིད་དུ་སེམས་བཟུང་བྱ། །ཞེས་གསུངས། ནམ་མཁའ་དང་འདྲ་བར་གསུངས་པའང་མཚན་མ་མ་གྲུབ་པ་ལ་ཐ་སྙད་སྣ་ཚོགས་གདགས་སུ་རུང་བའི་ཆ་ནས་བསྟན་པ་ཡིན་གྱི་དོན་ལ་ནམ་མཁའ་རིག་མེད་བེམས་སྟོང་དང་སེམས་རིག་བཅས་དོན་རྟོགས་ན་རང་རིག་པའི་ཡེ་ཤེས་སུ་ཤར་བ་གཉིས་དོན་ལ་འདྲ་བ་མ་ཡིན་ཀྱང་། འདིར་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་སེམས་ལ་དཔྱད་པ་ན་དཔྱད་བྱའི་སེམས་མ་རྙེད་ཅིང་དཔྱོད་བྱེད་ཀྱི་རྟོག་པ་ཉིད་ཀྱང་ཞི་ནས་མི་རྟོག་པའི་ཡེ་ཤེས་འཆར་བར་འགྱུར་བས་དེ་དང་། ནམ་མཁའ་ལ་བལྟས་པས་མཐོང་བ་འགགས་པ་དང་འདྲ་བའང་ཤེས་པར་བྱའོ། །དེ་དག་ཀྱང་མཐོང་བ་མེད་པར་རྟོགས་པ་ལ་མཐོང་བར་བརྗོད་པ་སྟེ། སྡུད་པ་ལས། ཇི་ལྟར་ནམ་མཁའ་མཐོང་ཞེས་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བསམ་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །ཅེས་སོ། །དེ་ལྟ་བུའི་དོན་ལ་ངེས་པ་མ་ཐོབ་ཀྱི་བར་དུ་ཉི་མ་ཅི་རིགས་སུ་ཞིབ་མོར་བརྟག་ཅིང་བསམ་པར་བྱའོ། །གཉིས་པ་ཚོགས་བསགས་པ་ནི། དེའང་དོན་དམ་བྱང་ཆུབ་སེམས་གཙོར་བཏོན་པའི་སྒོམ་རིམ་འདི་རིགས་གསང་སྔགས་ལ་ལྟོས་དགོས་པ་ཁོ་ནའང་མ་ཡིན་པའི་གསེང་ལམ་དུ་འཕགས་བོད་ཀྱི་སློབ་དཔོན་རྣམས་ཀྱིས་བཞེད་པས་དབང་བསྐུར་ལ་བསྟེན་མི་དགོས་ཀྱང་། རྒྱུ་བསོད་ནམས་ཀྱི་ཚོགས་མ་བསགས་ན་གནས་སྐབས་དང་མཐར་ཐུག་གི་བདེ་བ་མི་འཐོབ་ཅིང་། ཁྱད་པར་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གསོག་བྱེད་དུའང་བསོད་
༢༠༠ནམས་ཀྱི་ཚོགས་བསགས་མེད་ན་སྟོང་ཉིད་ཀྱི་ལྟ་བ་ཇི་བཞིན་པར་མི་རྟོགས་ཏེ། སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་བར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་འགྱུར། །ཅེས་གསུངས་པ་སྟེ། དེའང་སྤྲོས་མེད་ཀྱི་བྱ་བ་གཙོར་བཏོན་པའི་སྐབས་འདིར་ཚོགས་གསོག་ཀྱང་བྱ་སླ་བ་ཕར་ཕྱིན་དྲུག་གི་ཆ་ཤས་ཚང་བ་སོགས་ཕན་ཡོན་ཤིན་ཏུ་ཆེ་བ་མཎྜལ་འབུལ་བ་སྔོན་དུ་བཏང་བ་ཡིན་པས། ཕྱི་རོལ་གཡེང་བས་འཚེ་ཞིང་རྡུལ་འཁྲིགས་པ་དང་། ནང་དུ་ཏིང་ངེ་འཛིན་མི་གསལ་ཞིང་ཉམས་མི་དགའ་བའི་མུན་པ་གནག་པའི་གནས་མ་ཡིན་པ། བསམ་གཏན་གྱི་ཁང་པ་གསལ་ཞིང་དབེན་པ་ཞིག་ཏུ་བདེ་བའི་སྟན་ལ་གོ་ཡུལ་འགྲིགས་ན་ཁ་ལྷོར་ཕྱོགས་བས་འདུག །འབྱོར་ན་མཎྜལ་བཞི་དང་མ་འབྱོར་ན་གཅིག་ཁོ་ན་བསྐྱར་ཏེ་འབུལ། དེའང་དང་པོ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་དོན་དམ་བྱང་ཆུབ་སེམས་ཀྱི་རྟོགས་པ་རྒྱུད་ལ་སྐྱེ་བའི་ཕྱིར་ཚོགས་གསོག་པར་བགྱིའོ་སྙམ་དུ་བྱང་ཆུབ་སེམས་དུང་ངེ་བ་བསྐྱེད། མདུན་གྱི་ནམ་མཁར་ཁྱབ་བདག་རྡོ་རྗེ་འཆང་། ཡི་དམ་ཞི་ཁྲོའི་ལྷ་ཚོགས། བརྒྱུད་པའི་བླ་མ་རྣམས་དང་། རང་གི་རྩ་བའི་བླ་མ་རྣམས་ཡས་རིམ་གྱིས་མངོན་སུམ་ལྟར་བཞུགས་པར་མོས། མཎྜལ་ཚོམ་བུ་སོ་བདུན་མ་བཀོད། གང་གི་མཆོད་རྫས་སོགས་ཚིགས་བཅད་ཅི་རིགས་བརྗོད་ལ་གོང་གི་ཚོགས་ཞིང་བཞི་པོ་སོ་སོར་དམིགས་ཏེ་ལན་བཞི་འབུལ། ལན་རེ་རེར་ཡང་ས་གཞི་སྤོས་བྱུགས་ལྟ་བུའི་ཚིགས་བཅད་བསྡུས་པས་གྲངས་མང་དུ་འབུལ། དེ་ནས་རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་རང་གི་སྤྱི་བོར་བཞུགས་པར་བསམ་ལ་མོས་གུས་ཀྱི་ཤུགས་དྲག་པོ་ཡང་ནས་ཡང་དུ་བྱ། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཤིང་སྐྲག་ནས་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་དཀོན་
༢༠༡མཆོག་རིན་པོ་ཆེར་སྐྱབས་སུ་འགྲོ་བ་ནི་དམ་པའི་ཆོས་སྒྲུབ་པའི་རྩ་བ་ཡིན་པས། གོང་གི་ཚོགས་ཞིང་རྣམས་དང་མཁའ་ཁྱབ་ཏུ་བཞུགས་པའི་བླ་མ་དཀོན་མཆོག་ཡིད་ཡུལ་དུ་བྱས་ཏེ་སྐྱབས་འགྲོ་བཞི་སྐོར་ལ་སོགས་པའི་ཚིག་ཅི་ནུས་སུ་བརྗོད། བརྒྱུད་པའི་གསོལ་འདེབས་དང་། འོག་མིན་ཆོས་དབྱིངས་སོགས་ཀྱིས་སྐྱབས་ཡུལ་སྤྱི་དང་། ཁྱད་པར་རྩ་བའི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་རྒྱུད་ལ་འདྲེས་ངེས་བྱ། ཡང་མཎྜལ། སྐྱབས་འགྲོ། གསོལ་འདེབས་ཀྱི་བར་དུ་བསྐྱར། དེ་ལྟ་བུའི་རིམ་པ་ཐུན་དང་ཐུན་མཚམས་ངེས་པ་མེད་པར་ཚོགས་སོགས་པ་དང་བྱིན་རླབས་ཞུགས་པའི་རྟགས་མ་བྱུང་བར་རམ། ཉི་མ་འགའ་ཤས་ལ་འབད་རྩོལ་དྲག་ཏུ་བྱས་པས་བསོད་ནམས་ཀྱི་ཚོགས་སོགས་ཤིང་རྒྱུད་དག་པས་བསྒོམ་པ་དོན་ཡོད་པར་འགྱུར་རོ། །གསུམ་པ་བར་དུ་སེམས་བཟུང་བ་ནི། བསམ་གཏན་ལ་གཡེང་བ་མི་འབྱུང་བའི་གནས་དབེན་པར་བདེ་ཞིང་འབོལ་བའི་གདན་ལ་སྐྱིལ་མོ་ཀྲུང་གིས་འདུག །ཐོག་མར་ཐེག་པ་ཆེན་པོའ་སྐྱབས་འགྲོ་སྤྱི་ལྟར་བྱ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཇི་ལྟར་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་ཏུ། བདག་གིས་ཀྱང་སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར། དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །བྱང་
༢༠༢ཆུབ་སེམས་དཔའི་གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ཀྱིས་དེ་ལྟར་ཀུན་རྫོབ་ཀྱི་རྣམ་པས་བྱང་ཆུབ་ཀྱི་སེམས་སྨོན་པའི་རང་བཞིན་ཅན་བསྐྱེད་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པའི་སྟོབས་ཀྱིས་བསྐྱེད་པར་མཛད་པ་དེ་བཞིན་ཏུ་བདག་གིས་ཀྱང་སེམས་རྣམ་པ་གཉིས་བསྐྱེད་ཅིང་བསྒོམ་པར་བགྱིའོ། །ཞེས་ལན་གསུམ་བརྗོད་ལ་སེམས་བསྐྱེད། བླ་མ་སྐུ་དངོས་སམ་རྡོ་རྗེ་འཆང་གི་རྣམ་པ་ཅན་དུ་སྤྱི་བོར་བསྒོམ་ལ་མོས་གུས་དྲག་པོས་གསོལ་བ་གདབ། ཡི་དམ་གྱི་ལྷ་གང་ཡིན་པ་ཝ་ལ་ཙམ་བསྒོམ་ལ་རླུང་ཅུང་ཟད་དལ་བར་བཞག །དེ་ནས་རྣམ་པར་རྟོག་པའི་རྒྱུ་འགྲུལ་བཅད། མིག་འབྱེད་འཛུམ་རན་པར་བྱ། བྲམ་ཟེ་ཆེན་པོས། འཇུར་བུས་བཅངས་པའི་སེམས་འདི་ནི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པས་ལུས་སེམས་གཉིས་ཀ་ཁོང་ཀློད་དེ་དལ་བར་བཞག །ཀློད་པའང་ལུས་དང་རླུང་བཙིར་ཅིང་སེམས་ཧ་ཅང་སྒྲིམ་པ་མ་ཡིན་པར་བདེ་ལུགས་སུ་བཞག་པ་ལས་བསམ་གཏན་གྱི་ལུས་གནད་ནི་རྣམ་པ་ཀུན་ཏུ་གལ་ཆེ་བས་བག་ཡངས་སུ་འཁོད་པར་མི་བྱའོ། །དེ་ལ་བཞག་ཐབས་གསུམ་སྟེ། སོ་མ། ལྷུག་པ། མ་བཅོས་རང་དྭངས་སུ་བཞག་པར་གསུངས་པས། སོ་མར་བཞག་པ་ནི། དཔེར་ན་གསེར་ས་ལེ་སྦྲམ་ལ་རང་ལུགས་གང་ཡོད་དེ་ལ་བཅོས་མ་ཕོག་ཀྱང་དེ་ཀ་ནོར་གྱི་མཆོག་ཏུ་གྱུར་པ་ལྟར། གདོད་ནས་ངོ་བོ་སྤྲོས་པ་དང་བྲལ་ཞིང་ངོས་བཟུང་མེད་པའི་རང་ལུགས་སོ་མ་རྩིས་གདབ་དང་བྲལ་བ་གུ་ཡངས་སང་ངེར་བཞག་པ་ཡིན་ལ། ལྷུག་པར་བཞག་པ་ནི། དཔེར་ན་སོག་ཕོན་གྱི་ཐག་པ་བཀྲོལ་བ་ལྟར། སེམས་ལ་ཡིན་མིན་ལེགས་ཉེས་ལ་སོགས་པ་དགག་སྒྲུབ་ཀྱི་འཆིང་བ་མེད་པར་ཞེན་མེད་འཛིན་མེད་དུ་ཤིགས་ཀྱིས་བཏང་ནས་རང་བཞིན་ལྷུག་པར་བཞག་པ་ཡིན་ལ།
༢༠༣མ་བཅོས་པར་བཞག་པ་ནི། དཔེར་ན་མི་ཞིག་བཙོན་དུ་བཟུང་ན་འབྲོས་པའི་བསམ་པ་འབའ་ཞིག་བྱེད་ལ་རང་གར་བཞག་ན་ཅི་བདེར་འཁོད་པ་ལྟར། སེམས་དམིགས་གནད་དང་ཞེ་འདོད་ཀྱིས་བཅིངས་ན་འཕྲོ་རྒོད་སོགས་ཤིན་ཏུ་མི་བསྲུན་པར་འགྱུར་བས་སེམས་རང་བབས་ཀྱི་གནས་ལུགས་ཇི་ཡོད་དེ་ཀ་བཟོ་བཅོས་གང་ཡང་མི་བྱ་བར་རང་བབ་ངང་དུ་ཅི་བདེར་འཇོག །དེ་དག་གི་སྐབས་སུ་དགེ་བ་དང་མི་དགེ་བའི་རྣམ་རྟོག་ལྟ་ཅི་སྨོས་སྔར་གོ་བ་ཡོད་པའང་རྣམ་རྟོག་ཡིན་པས་སྤངས་ནས་སེམས་ལ་ལས་གང་ཡང་མི་བཅོལ། དེ་ལྟར་བློ་བཅོས་ནས་བསྒོམ་རྒྱུ་ཅིའང་མེད་ཀྱང་ཐ་མལ་རང་རྒྱུད་དུ་མི་འཆོར་བའི་དྲན་པ་ཡེངས་མེད་ནི་ཅིས་ཀྱང་དགོས་ཤིང་། དེའི་ངང་དུ་མཉམ་པར་བཞག་པས་སེམས་ཟིན་ཏེ་ཅུང་ཟད་གནས་པ་དང་། རེས་འགའ་གནས་པ་དང་། ཕལ་ཆེར་གནས་པ་སོགས་གནས་ཉམས་གསུམ་པོ་རིམ་གྱིས་སྐྱེ་བར་འགྱུར། སེམས་མི་ཟིན་པར་འཕྲོ་རྒོད་ཁོ་ནས་གཡེངས་ན། སེམས་ཀྱི་གླང་པོ་ཡན་དུ་བཅུག །ཅེས་གསུངས་པ་ལྟར་དྲན་པའི་བྱ་ར་བ་དང་མ་བྲལ་བར་རྣམ་པར་རྟོག་པ་གང་དུ་འཕྲོ་བ་དེར་བཏང་། སེམས་ཟིན་དགོས་གནས་དགོས་སྙམ་པ་སོགས་ཀྱི་རེ་དོག་མི་བྱེད་པར་ལྷོད་དེ་བཞག །དེ་ལྟར་ཅི་བདེར་བཏང་བས་འགྲོ་བའི་ཡུལ་མི་རྙེད་པར་རང་ལོག་ཏུ་སོང་ནས་ཞི་ཆལ་གྱིས་གནས་པར་འགྱུར་ཏེ། ས་ར་ཧ་ས། ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོག་བཞིན། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་ཡང་ནས་ཡང་དུ་གོམས་པར་བྱས་པས་སེམས་ཟིན་ཅིང་གནས་པའི་ཚད་གར་སྤྱིན་འབྱར་བ་གཅན་ལ་ལག་པས་རེག་པ་ལྟར་གཞན་ཏུ་མི་འཕྲོ་བར་ལྷན་ནེར་གནས་པ་དང་། ཕྱིའི་རྟགས་ལེ་ལོ་ཆེ། བརྗེད་ངས་ཆེ། བྱ་བ་གང་ལའང་ཐུག་འཕྲད་བྱེད་པ་
༢༠༤འབྱུང་། འོན་ཀྱང་རྟགས་དེ་དག་ཞི་གནས་ཅུང་ཟད་སྐྱོན་དང་བཅས་ཤིང་བྱིང་བ་ཕྲ་མོ་མ་སེལ་བའང་ཡིན་པས་མཉམ་གཞག་སྐབས་སེམས་སྣང་རྒྱ་བསྐྱེད་ལ་གུ་ཡངས་སང་ངེ་བྱ། ཞེ་འདོད་ཀྱི་གཏད་སོ་མེད་པར་སེམས་གསལ་ངར་བསྐྱེད་ནས་ས་ལེ་ཧྲིག་གེ་བའི་སོ་ཚུགས་པའི་ངང་དུ་ཡང་ཡང་བཤིགས་ཀྱིན་ཡང་ཡང་བསྒོམ་པ་གནད་དུ་ཆེའོ། །བཞི་པ་དེ་ཁོ་ན་ཉིད་ངོ་སྤྲད་པ་ལ་གསུམ། དང་པོ་གསལ་བ་ངོས་བཟུང་བ། བར་དུ་མཐའ་བྲལ་ལ་བློ་བཞག་པ། ཐ་མ་བརྗོད་བྲལ་ལ་ངེས་ཤེས་བསྐྱེད་པའོ། །དང་པོ་ནི། བྲམ་ཟེ་ཆེན་པོས། ཆུ་དང་མར་མེ་རང་གསལ་གཅིག་ཏུ་ཞོག །འགྲོ་འོང་ང་ཡིས་མི་ལེན་མི་འདོར་རོ། །ཞེས་གསུངས་པ་ལྟར་ཉམས་སུ་ལེན་པ་སྟེ། གོང་གི་བཞག་ཐབས་གསུམ་པོ་ལ་སྐྱོན་དང་བྲལ་བའི་གནས་པ་སྐྱེས་པ་དེའི་སྟེང་དུ་སེམས་ཀྱི་གསལ་རིག་དེ་ཉིད་ངོས་ཟིན་པར་བྱས་ལ་ཡེངས་མེད་དུ་བསྐྱངས་པས་སེམས་ཀྱི་ངོ་ཐོག་གསལ་རིག་ཐོན་པ་དམ་སེངས་པའི་གནས་ཆ་གཉིས་གཅིག་ཏུ་ཚོགས་ཏེ། སེམས་ཤིན་ཏུ་གསལ་བའི་མཐར་ཐུག་པ་སྤྲིན་མེད་པའི་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུ་དྭངས་ས་ལེ་བ་ངེས་ཤེས་དང་བཅས་པ་བྱུང་ན་ལྷག་མཐོང་གི་མགོ་རྩོམ་པ་ཡིན་ཅིང་། དེའི་རྟགས་སུ་དྲན་པ་གསལ་བ། བརྗེད་ངས་ཆུང་བ། བྱ་བ་གང་ལའང་བརྩོན་འགྲུས་ཆེ་བ་འབྱུང་ངོ་། །གཉིས་པ་ནི། བྱང་ཆུབ་སེམས་འགྲེལ་ལས། འགགས་པ་མེད་པའི་སེམས་སུ་ནི། །གནས་པ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་བསྒོམ་པ་དེ་ཉིད་ནི། །སྟོང་ཉིད་བསྒོམ་པར་བཞེད་པ་ཡིན། །ཅེས་མཐའ་བྲལ་གྱི་དཔེ་ནམ་མཁས་མཚོན་ནས་རང་གི་སེམས་ངོ་བོ་ལ་སྦྱར་ཏེ་བསྒོམ་པ་ལྟར། ཕྱིའི་ནམ་མཁའ་ལ་ཐོག་མར་འདི་ནས་བྱུང་དང་ཐ་མར་འདི་རུ་སྟོང་ཞེས་པའི་ཐ་སྙད་གདགས་པའི་གཞི་རྩས་སྟོང་པ་བཞིན་ཏུ། ནང་རང་
༢༠༥གི་སེམས་ལ་བརྟགས་པས་གཞི་རྩ་མ་གྲུབ་པས་ཐོག་མ་དང་ཐ་མ་མི་རྙེད་པ་དང་། དེ་བཞིན་ཏུ་ནམ་མཁའ་ལ་དང་པོ་སྐྱེ་བ་དང་མཐར་འཇིག་པ་མེད་པ་བཞིན་ཏུ་རང་གི་སེམས་ཀྱང་གང་ནས་མ་སྐྱེས་པའི་ཕྱིར་གང་གིས་ཀྱང་འཇིག་པ་མེད་པ་དང་། ནམ་མཁའ་ཕར་ཡུལ་དུ་འགྲོ་བ་དང་ཚུར་རང་གནས་སུ་འོང་བ་མེད་པ་ལྟར་རང་གི་སེམས་ཀྱང་གང་དུའང་འགྲོ་བའི་ཡུལ་མེད་ཅིང་གང་ལ་འོང་བའི་ཡུལ་མེད་པ་དང་། ནམ་མཁའ་ལ་མཐའ་འདི་ཞེས་བྱ་བ་དང་དབུས་འདི་ཞེས་བྱ་བ་གདགས་གཞི་མ་གྲུབ་པ་བཞིན་ཏུ། རང་གི་སེམས་ཀྱི་མཐའ་འདི་དང་དབུས་འདི་ཞེས་ངོས་བཟུང་དུ་མེད་པས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ནམ་མཁའ་ལྟ་བུར་དྲན་པར་བྱས་ལ་མཉམ་པར་བཞག་སྟེ། བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་ནམ་མཁའ་སྒོམ་པ་ལགས་སོ་ཅེས་དང་། ས་ར་ཧས། བརྟགས་པ་མེད་པའི་སེམས་ནི་ནམ་མཁའ་ལྟ་བུར་གནས། །ནམ་མཁའ་གནས་པ་མེད་པ་དེ་ཉིད་ཐ་དད་བྲལ། །ཅེས་སོགས་གསུངས་པ་བཞིན་ནོ། །འདི་དག་གི་སྐབས་སུའང་རྟོག་པ་འཕྲོ་ན་འཕྲོ་བའི་ཡུལ་དུས་གསུམ་གང་རུང་ལས་མ་འདས་པས་དེ་གསུམ་གྱི་སྤྲོས་པ་གཅོད་པའི་ཚུལ་ཡང་མཚན་མོ་བཟང་པོའ་མདོ་སྡེ་ལས། འདས་པ་རྗེས་སུ་འཕྲད་མི་བྱེད། །མ་འོངས་པ་ལ་རེ་བ་མེད། །འདས་པ་གང་ཡིན་དེ་འགགས་ཏེ། །མ་འོངས་དེ་ནི་མ་ཕྱིན་པའོ། །གང་དག་ད་ལྟར་བྱུང་བའི་ཆོས། །དེ་དང་དེ་ལ་རབ་བལྟས་ནས། །རྣམ་པར་རྟོག་བས་མི་འཕྲོགས་པར། །དེ་དག་ཐམས་ཅད་ཁོངས་སུ་ཆུད། །ཅེས་གསུངས་པ་ལྟར་སྔར་བྱུང་ཟིན་པའི་ཡུལ་དང་དངོས་པོ་བྱ་བྱེད་བཟང་ངན་སྣ་ཚོགས་པ་ལ་བློའི་རྣམ་པར་རྟོག་པ་འཕྲོ་ན་དེ་མ་ཐག་ཏུ་དྲན་པས་ཟིན་པར་བྱས་ཏེ། འདས་པའི་རྗེས་མི་
༢༠༦གཅོད་ཅེས་དྲན་པར་བྱས་ལ་སྐྱེ་མེད་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་བཞག །ཕྱིན་ཆད་འབྱུང་བར་འགྱུར་བའི་ཡུལ་དང་དངོས་པོ་བྱ་བྱེད་བཟང་ངན་སྣ་ཚོགས་པ་ལ་སེམས་ཀྱི་རྟོག་པ་འཕྲོ་ནའང་དེ་མ་ཐག་དྲན་པས་ཟིན་པར་བྱས་ཏེ། མ་འོངས་པའི་སྔོན་མི་བསུ། ཞེས་པའི་གདམས་ངག་དྲན་པར་བྱས་ལ་སྐྱེ་མེད་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་བཞག །ད་ལྟ་པའི་དངོས་སྣང་སོགས་བཟང་ངན་གྱི་རྣམ་པར་རྟོག་པའི་འཆར་སྒོ་ཅི་སྐྱེད་ཀྱང་དེ་མ་ཐག་ཐུག་ཕྲད་དུ་ངོས་ཟིན་པར་བྱས་ལ། ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་ཡིད་ལ་བྱས་ཏེ་བཞག་གོ །དེའང་མཉམ་སྦྱོར་ལས། ཨེ་མ་སངས་རྒྱས་ཀུན་གྱི་གསང་། །རྫོགས་པའི་སངས་རྒྱས་སྐྱེ་བ་མེད། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །ཅེས་བྱ་བའི་དོན་ཡིན་པར་གསུངས་སོ། །ཐ་མ་བརྗོད་བྲལ་ལ་ངེས་ཤེས་བསྐྱེད་པ་ནི། མཉམ་གཞག་ལ་སྐྱེས་པའི་རྟོགས་པ་དེ་དང་། རྗེས་ཐོབ་ཀྱི་སྤྱོད་ལམ་བསྲེ་བ་ཡིན་ཏེ། དེའང་མཉམ་གཞག་གི་སྐབས་སུ་ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུའི་སྟོང་ཉིད་དང་། རྗེས་ཐོབ་དུས་རང་བཞིན་ནམ་ངོ་བོས་སྟོང་བཞིན་ཏུ་གཟུགས་སོགས་ཀྱི་རྣམ་པར་སྣང་བ་ལ་སྐྱུ་མ་ལྟ་བུའི་སྟོང་ཉིད་ཅེས་གྲགས་ཏེ། ལས་དང་པོ་པའི་སྐབས་སུ་ནི་མཉམ་རྗེས་མཚན་ཉིད་པ་མེད་པས་ཐམས་ཅད་ཀྱང་རྗེས་ཤེས་གཙོ་ཆེ་ལ། གོམས་པ་བརྟན་ནས། མཉམ་རྗེས་མཚན་ཉིད་པ་ཡོད་པའི་སྐབས་སུ། སྡར་རྩོལ་བཅས་ཀྱི་དྲན་པ་ཏུ་རེ་བ་བརྟེན་པ་དེ་ཉིད། སྐབས་འདིར་ཤུགས་འབྱུང་གི་དྲན་པར་གྱུར་ནས་རྗེས་ཀྱི་ཚོགས་དྲུག་གི་ཡུལ་སྣང་ཤར་བ་རྣམས་ལའང་གཟུང་འཛིན་གྱིས་མི་གཡེང་བར། ཕྱི་རོལ་དུ་གཟུགས་སྒྲ་ལ་སོགས་པ་ཅིར་སྣང་ཐམས་ཅད་སྣང་སྟོང་དབྱེར་མེད། ནང་གི་སེམས་ཀྱི་རྣམ་པར་རྟོག་
༢༠༧པའི་འཆར་སྒོ་ཅི་བྱུང་བ་ཐམས་ཅད་གསལ་སྟོང་དབྱེར་མེད། དེ་གཉིས་ཀྱི་བར་ན་ཤར་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་རིག་སྟོང་དབྱེར་མེད་དུ་འཆར་བ་ན་སྨྲ་བསམ་བརྗོད་པ་དང་བྲལ་བའི་གནས་ལུགས་དོན་དམ་པ་ཉིད་ཀྱི་དབྱིངས་སུ་ལ་བཟླས་ལ་བསྐྱང་ངོ་། །དེ་དག་ཀྱང་དཔལ་ས་ར་ཧས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཞེས་བྱ་བ་དང་། གླང་ཆེན་ལམ་ནས་སེམས་ཚགས་ཚུད་པ་ལྟར། །འགྲོ་འོང་བཅད་ནས་བདག་ཉིད་དལ་བ་སྟེ། །འདི་ལྟར་རྟོགས་སོ་ང་ལ་བཅོས་མི་དགོས། །ཞེས་གསུངས་པའི་དོན་ཡིན་པར་བཤད་དོ། །ལྔ་པ་རྟོགས་པ་སྐྱེས་ནས་སྤྱོད་པས་མཚམས་སྦྱོར་བ་ནི། །སྤྱོད་པའི་དུས་ནི་སྤྱོད་པ་དུས་ཚོད་དང་འབྲེལ་བ་ཞེས་གསུངས་པ་ལྟར་གྲུབ་སྙིང་གི་སྐོར་ནས། ཀུན་བཟང་གི་སྤྱོད་པ། གསང་སྤྱོད་སྦས་པའི་སྤྱོད་པ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བཞི་ལས་དང་པོ་པ་ལ་སོགས་པ་གནས་སྐབས་བཞི་དང་སྦྱར་ནས་གསུངས་པ་ལྟར་སོ་སོར་ཉམས་སུ་བླང་དགོས། སྤྱོད་པའི་དགོས་པ་ནི། དབེན་པའི་གནས་སུ་ཉམས་རྟོགས་བརྟན་པོར་སྐྱེས་ན། དེ་བརྟན་ཅིང་བོགས་དབྱུང་བ་ལ་རྐྱེན་བཟང་ངན་སྣ་ཚོགས་དང་བསེས་པས་སེམས་ལ་འཁུ་འཕྲིག་འབྱུང་བ་རྣམས་ལམ་དུ་ཁྱེར་བས་ཐམས་ཅད་ཆོས་ཉིད་ཀྱི་ངོ་བོར་རོ་མཉམ་པའི་ཆེད་དུ་ཡིན་ལ། ལམ་དུ་ཁྱེར་རྒྱུ་ནི་རྣམ་རྟོག །ཉོན་མོངས། ལྷ་འདྲེ། སྡུག་བསྔལ། ན་ཚ། འཆི་བ་ལམ་ཁྱེར་སོ་སོར་འབྱུང་ཡང་ཐམས་ཅད་ཀྱི་རྩ་བ་རྣམ་རྟོག་ལམ་དུ་ཁྱེར་བ་ལ་འདུས་པས། དང་པོ་རྣམ་རྟོག་ངོས་བཟུང་ཞེས་པ། རྐྱེན་བཟང་ངན་ཅི་འདྲ་དང་འཕྲད་ཅིང་ཇི་ལྟར་ཤར་ཡང་དེ་ཉིད་རང་མཚན་གྱི་འཛིན་པ་མ་ཞུགས་པར་ངོས་
༢༠༨བཟུང་། བར་དུ་བདག་འཛིན་བློས་བཏང་ཞེས་པ་གང་ཤར་དེ་ལ་དགག་སྒྲུབ་ཀྱིས་མ་བསླད་ཅིང་བདག་འཛིན་གྱི་འཁྲི་བ་བཅད་ལ། ཟས་གཙང་བ་དང་མི་གཙང་བ་མེད་པ་གང་རྙེད་བཟའ། གྲོགས་བཟང་ངན་ལ་གདམ་ཁ་མེད་པ་སུ་བྱུང་བྱུང་དང་འགྲོགས། གོས་བཟང་པོ་དང་ངན་པ་ཁྱད་པར་མེད་པ་ཅི་བྱུང་གང་རྙེད་བགོ །དེ་དག་ཀྱང་དང་པོ་ཆུང་ངུ་ནས་རིམ་གྱིས་ཇེ་ཆེར་བསླབ། མཐར་བླང་དོར་དང་རྩིས་གདབ་གང་ཡང་མེད་པར་བྱ། ཐ་མ་རེ་དོགས་ཀྱི་འཕྲང་བསལ་བ་ཞེས་དེ་ལྟར་བྱས་པས་ཡོང་དུ་རེ་ཞིང་མ་བྱུང་གི་དོགས་པ་དང་། ལམ་དུ་སློངས་སུ་རེ་ཞིང་མ་སློངས་ཀྱི་དོགས་པ་སོགས་རེ་དོགས་ཀྱི་རྟོག་པ་ཕྲ་མོ་ཤར་ཡང་། བཟོ་བཅོས་མེད་པར་དེ་ཀའི་ཐོག་ཏུ་འཛིན་མེད་དུ་ཕྱལ་གྱིས་བཏང་ངོ་། དེ་ལྟར་སྤྱོད་པ་མཐར་ཕྱིན་པས་ས་དང་པོ་ཡན་ཆད་ཀྱི་རྟོགས་པ་རིམ་པ་བཞིན་ཏུ་སྐྱེ་ཞིང་མཐར་ཐུག་སངས་རྒྱས་ཀྱི་ས་མངོན་དུ་འགྱུར་བར་གསུངས་སོ། །དྲུག་པ་སྒོམ་གྱི་གེགས་སེལ་བ་ནི། སྤྱིར་སྒོམ་པ་ལྔ་གེགས་དང་གོལ་ས་སོགས་མང་དུ་ཡོད་ཀྱང་འདིར་བྱིང་རྒོད་གཉིས། ནང་ལུས་ཀྱི་ན་ཚ། ཕྱི་གདོན་གྱི་བར་ཆད་སེལ་བའི་ཚུལ་རྣམ་པ་བཞིར་བསྡུས་པ་སྟེ། དང་པོ་ནི། ཏིང་ངེ་འཛིན་གྱི་སྒྲིབ་པ་ལ་རྒོད་འགྱོད་རྨུག་སོགས་མང་དུ་གསུངས་ཀྱང་གཙོ་བོ་བྱིང་རྒོད་གཉིས་སུ་འདུ་ཞིང་། བྱིང་བ་ཕྲ་རགས་དང་རྨུག་པ་དང་འཐིབ་པ་དང་གཉིད་འཐིབ་པ་སོགས་དང་། རྒོད་པ་ཕྲ་རགས་དང་འགྱོད་པ་དང་ཐེ་ཚོམ་དང་འདོད་འདུན་དང་གནོད་སེམས་ལ་སོགས་པ་ཡིན་ཅིང་། བྱིང་རྒོད་འབྱུང་བའི་རྒྱུ་མང་དུ་གསུངས་ཀྱང་སྒོ་གསུམ་གྱི་སྤྱོད་པ་མ་དག་ཅིང་ཚུལ་བཞིན་མ་བྱས་པ་ལས་འབྱུང་བས་གཞུང་དང་གདམས་ངག་ལས་ཇི་སྐད་བཤད་པ་རྣམས་ཚུལ་བཞིན་སྤྱད་པ་གལ་ཆེ། སྐྱོན་དེ་དག་གསེལ་བའི་ཐབས་རྣམ་གྲངས་མང་ཡང་སྤྱིར་བྱིང་ན་ལྟ་སྟངས་དཔང་
༢༠༩མཐོབ་སོགས་གཟེངས་བསྟོད། ལུས་སེམས་གཉིས་ཀ་བསྒྲིམ། སེམས་སྣང་རྒྱ་ཆེ་ཞིང་གུ་ཡངས་སང་ངེ་བྱ། རྒོད་པ་ལ་ལྟ་སྟངས་དང་སེམས་འཕང་སྨད་གནས་འགྱུ་གཉིས་ལ་དགའ་སྡུག་གི་འདོར་ལེན་སོགས་ཀྱི་རེ་དོགས་ཅིའང་མི་བྱ་བར་སེམས་གུ་ཡངས་སང་ངེ་བའི་ངང་དུ་གློད་ཅིང་ལྷོད་དེ་བཞག །དེའི་ངང་ལས་གཞན་དུ་མ་ཡེངས་པར་བྱེད་སྙམ་པའི་དྲན་རིག་ལ་རྒྱ་བསྐྱེད། གཉིས་ཀ་ལའང་ལམ་དུ་སོང་མ་སོང་ཇི་ལྟར་ཡང་ཡུན་ཐུང་ལ་གྲངས་མང་བར་བསྐྱང་། བྱེ་བྲག་ཏུ། བྱིངས་ན་སེམས་སྤྱི་བོར་བཞག་ཅེས་གསུངས་པས་སེམས་སྤྱི་གཙུག་ཏུ་གཏད། དེས་མ་སེལ་ན་སྤྱི་བོར་འོད་མར་མེ་ལྟ་བུ་གསལ་ལམ་མེ་བར་སེམས་གཏད་པའམ། སྙིང་ག་ནས་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་པ་ཐག་དང་བཅས་པ་ཡར་སོང་། ཚངས་པའི་བུ་ག་ནས་ཐོན། སྤྱི་གཙུག་ནམ་མཁར་ཡོད་པ་ལ་སེམས་གཏད། རྒོད་ན་རྐང་མཐིལ་དུ་བཞག་ཅེས་པས་སེམས་རྐང་མཐིལ་དུ་རྩི་གཅིག་ཏུ་གཏད། དེས་མ་སེལ་ན་སྙིང་ག་ནས་སེམས་ཀྱི་ངོ་བོ་ཐིག་ལེ་ནག་པོ་པ་ཐག་དང་བཅས་པ་མར་སོང་། འོག་སྒོ་ནས་ཐོན། ས་གཞིའི་སྟེང་དུ་ལྕི་ཐིང་གིས་གནས་པར་བསམ་པས་སེལ་ལོ། །གསུམ་པ་ནི། འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་བྱུང་ན་འབྲས་བུ་གསུམ་གྱི་བཅུད་ལེན་བྱ། ཞེས་གསུངས་ཏེ། འདི་ལའང་ནད་ཀྱི་རྒྱུ་མ་རིག་པས་ཀུན་ནས་བསླང་བའི་ལས་དང་ཉོན་མོངས་པས་བསྐྱེད། རྐྱེན་ལས་རླུང་གི་རྒྱུ་བ་ལོགས་པས་འབྱུང་བཞི་འཁྲུགས་ནས་འདུ་བ་ཆ་མ་སྙོམས་པས་འབྲས་བུ་ལུས་སེམས་ཟུག་རྔུས་གདུང་བ་ཡིན་པས། ཀུན་རྫོབ་བཅོས་པའི་ཐབས་དང་རྟེན་འབྲེལ་གྱི་གཙོ་བོ་ཉེས་པ་གསུམ་གྱི་གཉེན་པོར་འབྲས་བུ་གསུམ་གྱི་བཅུད་ལེན་ཡུན་རིང་བརྟན་པས་འདུ་བ་ཆ་སྙོམས་ནས་ལུས་ཁམས་བདེ་བར་འཚོ་བར་འགྱུར་བ་དང་། དོན་དམ་པར་རྣལ་འབྱོར་
༢༡༠པ་ལ་ན་ཚ་བྱུང་ན་ཟུག་གཟེར་ལྷང་ངེ་བའི་ལུས་སེམས་ཀྱི་ཚོར་བ་དེ་ཉིད་ངོས་བཟུང་སྟེ་དེ་ཀ་ལ་སྒོམ་གྱི་ངོ་ཏི་བྱས། དེ་ལ་དགག་སྒྲུབ་ཀྱི་བློས་མ་བསླད་པར་གསལ་སིང་ངེ་བསྐྱང་། སྐབས་སུ་ན་ཚ་མྱང་མཁན་གྱི་བདག་འཛིན་རྩད་བཅད་ལ་ངོ་བོ་ངོས་བཟུང་མང་བའི་ངང་དུ་མ་བཅོས་པར་བཞག །ནད་སོས་སུ་རེ་བ་དང་མ་སོས་ཀྱི་དོགས་པ་ཅིའང་མི་བྱ་བར་མཉམ་ཉིད་ཆེན་པོར་ཐག་བཅད། དོན་དམ་པར་ན་བའི་ཡུལ། མྱོང་བའི་སེམས། ནད་ཀྱི་དངོས་པོ་གསུམ་ཀའང་གཞི་མེད་རྩ་བྲལ་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་དུ་བསྐྱང་། ཀུན་རྫོབ་ཏུ་ན་ཚའི་སྡུག་བསྔལ་གྱིས་གཟིར་བའི་ཕ་མ་སེམས་ཅན་ལ་སྙིང་རྗེ་ཆེན་པོས་བཏང་ལེན་གྱི་དམིགས་པས་བློ་སྦྱངས་ཏེ་ནད་ལམ་དུ་ཁྱེར་བར་བྱའོ། །བཞི་པ་ནི། ཕྱི་རོལ་བདུད་ཀྱི་བར་ཆད་བྱུང་ན། ལུས་ངག་ཡིད་གསུམ་སྙིང་གའི་ཧཱུྃ་ལ་བསྡུས་ལ་ངག་ཏུ་ཧཱུྃ་ཞེས་བརྗོད་ཅིང་ལུས་ཧུར་ཕྱུང་ལ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱའོ། །ཞེས་གསུངས་ཏེ། སྤྱིར་བདུད་བགེགས་གནོད་བྱེད་དུ་འཛིན་པ་ཐམས་ཅད་རང་གི་སེམས་ཀྱི་རྣམ་པར་རྟོག་པ་ཡིན་ལ། བདུད་བགེགས་ཀྱི་གཟུགས་སུ་སྣང་བའང་རྟོག་པ་དེ་ཉིད་རང་ངོ་མ་ཤེས་པར་གཟུང་འཛིན་ཏུ་འཐས་པའི་ཉམས་སྣང་དུ་ཤར་བ་ལས་གཞན་ཏུ་ཡོད་པ་མ་ཡིན་ཏེ། ཐག་པ་ལ་སྤྲུལ་འཛིན་སྐྱེས་པའི་ཚེ་ཐག་པ་སྤྲུལ་དུ་སྣང་བས་འཇིགས་སྐྲག་སྐྱེ་བ་བཞིན་ནོ། །དེ་འབྱུང་བའི་རྒྱུ་རྐྱེན་ཡང་རང་གི་རྣམ་སྨིན་གྱི་ལུས་ལ་དུག་གསུམ་གྱི་རྩ་གནས་པ་ལ་རླུང་ཞུགས་པ་ལས་སོ་སོའ་རྗེས་སུ་མཐུན་པའི་འཛིན་རྟོག་ཤར་བ་ཡིན་པས། ཆོ་འཕྲུལ་དངོས་སུ་བྱུང་བའམ། བྱུང་གིས་དོགས་པའི་སེམས་ལ་སྐྲག་འཇིགས་བག་ཚ་ཞིང་སྐྱོ་བ་སོགས་གང་བྱུང་ཡང་། སྐྲག་འཇིགས་སོགས་ཀྱི་སེམས་དེ་ཉིད་ངོས་ཙིར་གྱིས་བཟུང་སྟེ། འདྲེར་འཛིན་གྱི་རྟོག་པ་དེ་དགག་སྒྲུབ་མི་བྱ། སྐྱོན་ཡོན་ཏུ་མི་རྟོག །བཟོ་བཅོས་གང་
༢༡༡ཡང་མི་བྱ་བར་རང་སེམས་སུ་ངོ་ཤེས་པས་ས་ལེ་ཡེ་རེ་ལྷོད་དེ་འཛིན་མེད་དུ་བསྐྱངས་པ་དེ་རྟོག་པ་དེ་ཀ་སྒོམ་དུ་འཆར་བ་ན་ལམ་དུ་བསླངས་པས་འཇིགས་རྟོག་ཞི་ནས་བག་དྲོ་ཐིབས་ཀྱིས་འགྲོ། བདུད་བགེགས་ཀྱི་གནོད་པ་ཞི་ནས་དབང་དུ་འགྱུར། སློང་དུ་མ་གྱུར་པ་རྣམས་ལ་ཐོག་མར་བློ་ཐོག་ཏུ་ཕེབ་དཀའ་ཞིང་དགེ་སྦྱོར་དུའང་མི་བདེ་བ་འདྲ་ཞིག་འབྱུང་ཡང་རྟོག་པ་དང་ལས་རླུང་འཁྲུགས་པའི་ཉམས་ཡིན་པས་དེ་ཐོག་ཏུ་ལྷན་གྱིས་བཞག་ན་རིམ་པར་གནད་དུ་འགྲོ། །གོམས་པའི་ཚེ་རྟོག་པ་ངོས་ཟིན་ཙམ་ནས་དགེ་སྦྱོར་དུ་འཆར་རོ། །བྱེ་བྲག་གི་དམིགས་པ་ནི། བདུད་བགེགས་ཀྱི་དབང་དུ་འགྲོ་བའི་བར་ཆད་ཀྱི་ལྟས་དངོས་དང་བརྒྱུད་ནས་གང་བྱུང་ཡང་བར་ཆད་ཡིན་པར་ངོ་ཤེས་པར་བྱས་ཏེ། སྙིང་གར་བླ་མ་དང་ཡི་དམ་དབྱེར་མེད་པའི་ངོ་བོ་ཡི་གེ་ཧཱུྃ་མཐིང་ནག་བསྒོམ། དེ་ལ་རང་གི་ལུས་ངག་ཡིད་གསུམ་ཧྲིལ་གྱིས་བསྡུས་པ་ལ་སེམས་གཏད་དེ། ཧཱུྃ་དྲག་པོ་ངར་དང་ལྡན་པ་གྲངས་ཅི་རིགས་སུ་བརྗོད་ཅིང་ལུས་ཧུར་ཕྱུང་། མཆོང་རྒྱུག །གར་འཆམས་ལ་སོགས་པ་སྨྱོན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་བྱས་པས་བར་ཆད་ཀྱི་གཡུལ་ལས་རྒྱལ་བར་འགྱུར་རོ། །བདུན་པ་འབྲས་བུ་ནི། དེ་ལྟ་བུའི་ཚུལ་གྱིས་ལམ་གྱི་ཉམས་ལེན་མཐར་ཕྱིན་ཏེ་སྤྱོད་པས་མཚམས་སྦྱར་བ་ལ་བརྟེན་ནས་འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་གྱི་གོ་འཕང་འཐོབ་པར་འགྱུར་ཏེ། དེའང་ཆོས་སྐུ་རང་བཞིན་མེད་པའི་ཡན་ལག །ལོངས་སྤྱོད་རྫོགས་པའི་སྐུ་ལ། ཁ་སྦྱོར། བདེ་ཆེན། ལོངས་སྤྱོད་ཡོངས་སུ་རྫོགས་པའི་ཡན་ལག་གསུམ། སྤྲུལ་པའི་སྐུ་ལ་སྙིང་རྗེ་ཆེན་པོས་མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་འཆད་པ། འགོག་པ་མེད་པའི་ཡན་ལག་གསུམ་དང་ལྡན་པ་སྟེ་ཅུང་ཟད་རྒྱས་པ་གཞན་དག་རྣམས་སུ་བཤད་པ་ལྟར་རོ། །པདྨའི་ཞིང་
༢༡༢བཞུགས་འཕགས་པ་ཆེས། །ལེགས་གསུང་གར་གྱི་འགྱུར་བག་གིས། །དབང་ཕྱུག་བརྒྱད་ལྡན་གོ་འཕང་མཆོག །རྩོལ་མེད་སྒྲུབ་མཐོང་འདིར་འབད་དོ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཕྱག་རྒྱ་ཆེན་པོ་རྣལ་དུ་བཏོན་པའི་ཁྲིད་ཡིག་གི་ལེ་ཚན་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།
Notes
Other Information
Information about Unicode Tibetan and the digitization of this text |
---|
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion. |