Wylie:Blo sbyong don bdun ma'i 'grel pa: Difference between revisions

From gDams Ngag mDzod
Jump to navigation Jump to search
No edit summary
No edit summary
Line 25: Line 25:
|tbrc=[http://tbrc.org/link?RID=W23605 VolumeI1CZ3966]
|tbrc=[http://tbrc.org/link?RID=W23605 VolumeI1CZ3966]
|keywords='grel pa; blo sbyong brgya rtsa
|keywords='grel pa; blo sbyong brgya rtsa
|chokyigenre=Instruction manual
|chokyigenre=Instruction Manual
|dkarchaggenre=gdams ngag
|dkarchaggenre=gdams ngag
|pechatitleinfo='''Title Page (ཁ་ཤོག་):'''
|pechatitleinfo='''Title Page (ཁ་ཤོག་):'''

Revision as of 14:15, 9 February 2015


Upload a file
DOWNLOAD ABOVE:
Click the picture above to view the original manuscript.

བློ་སྦྱོང་དོན་བདུན་མའི་འགྲེལ་པ་
blo sbyong don bdun ma'i 'grel pa

Damngak Dzö Volume 4 ({{{VolumeLetterTib}}}) / Pages 1-46 / Folios 1a1 to 23b7
First Text in Volume


Property "Author" has a restricted application area and cannot be used as annotation property by a user.


[edit]
བློ་སྦྱོང་དོན་བདུན་མའི་འགྲེལ་པ་བཞུགས་སོ། །
བདེ་ལེགས་ཀུན་འབྱུང་རིན་ཐང་མེད་པའི་སྐུ། །སྲིད་པ་གསུམ་གྱི་མ་རིག་མུན་ཁྲོད་ན། །ཐར་པའི་ལམ་སྟོན་རྣམ་དག་སྒྲོན་མམེ་འཛིན། །མཚན་མཆོག་དོན་ལྡན་གསེར་གླིང་པ་ལ་འདུད། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བསྐོར། མྱ་ངན་ལས་འདས་པའི་འོག་ཏུ་བསྟན་བཅོས་རྩོམ་པ་པོ་རྣམས་ཀྱིས་རིམ་པ་བཞིན་དུ་གསལ་བར་མཛད། བཀའ་བསྟན་བཅོས་དེ་གཉིས་ཀྱི་འཇིག་རྟེན་ན་བསྟན་པ་རྒྱས་པར་བཞུགས། །བསྟན་པ་ཐེག་པ་ཆེ་ཆུང་གཉིས། ཐེག་ཆེན་ལ་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་གནས་པ་དེ་ཐམས་ཅད་ཀྱི་བརྗོད་བྱ་དངོས་དང་། བརྒྱུད་པས་བདག་འཛིན་སྤང་བ་དང་གཞན་གཅེས་པར་འཛིན་པ་གཉིས་བསྟན། དེ་ཡང་སྤང་བྱ་བདག་འཛིན་དང་བླང་བྱ་གཞན་དོན་གཉིས་ལས་མེད་པས་བསྟན་པ་ཉམས་སུ་ལེན་པ་རྣམས་ཀྱིས་ཆོས་གང་ཉམས་སུ་བླངས་ཀྱང་ཆོས་དེ་གཉིས་སུ་ཁྱེར་ཤེས་དགོས་པས་དེ་ལྟར་ཉམས་སུ་བླང་ངོ་། །དེ་ལྟར་ཤེས་ན་ཆོས་མ་ནོར་བ་ཡིན། །སངས་རྒྱས་ཀྱི་དགོངས་པའི་སྟེང་དུ་སླེབ་བོ། །འོ་ན་དོན་དེ་གཉིས་ཀ་བསྟན་བཅོས་རྣམས་བལྟས་ནས་ཉམས་སུ་བླངས་པས་ཆོག་གམ་སྙམ་ན་མི་ཆོག་སྟེ། རྒྱུད་དཀྲུགས། གཞུང་གཅུས། མན་ངག་ཁོང་ན་གབ། མཐའ་དྲུག་གི་རྒྱས་བཏབ་ནས་བླ་མའི་མན་ངག་ལ་
ལྟོས་པར་མཛད་དོ། །དེའི་ནང་ནས་ཐེག་པ་ཆེན་པོའ་གདམས་པ་ཐུན་མོངས་མ་ཡིན་པ་འདིའི་དབང་དུ་བྱས་ན་ཇོ་བོ་ཆེན་པོ་ལ་བླ་མ་གསུམ་གྱི་མན་ངག་མངའ་སྟེ། དང་པོ་བླ་མ་དྷརྨ་རཀྵི་ཏ་ལ་ཞུས་པ་མངའོ། །བླ་མ་འདིས་དངོས་སུ་སྐུའི་བརླ་ལས་ཤ་བཅད་ནས་སྦྱིན་པ་བཏང་། ཇོ་བོའ་ཞལ་ནས་ལྟ་བ་དམན་ཀྱང་ད་ལྟ་ཙམ་ཕྱག་རྒྱ་ཆེན་པོ་ཐོབ་ངེས་གསུངས། འདིའི་ལྟ་བ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ། ལུང་དབྱུག་པ་གསུམ་གྱི་ཕྲེང་བ། རིག་པ་རྟ་དབྱངས་ཀྱི་མདོ་སྡེ་སྐྱེས་རབས་སོ། །གཉིས་པ་བླ་མ་བྱམས་པའི་རྣལ་འབྱོར་པ་ལ་ཞུས་པ་མངའ་སྟེ། །ཀུ་སུ་ལུ་ཆུང་བ་ཡིན་ཏེ་བྱམས་པ་ཁྱད་པར་དུ་བསྒོམས་པས་འདི་སྐད་གྲགས་སྐད། འདིའི་ལྟ་བ་མི་གནས་པ། ལུང་ནམ་མཁའི་སྙིང་པོ། །རིག་པ་སློབ་དཔོན་ཞི་བ་ལྷའི་བསླབ་བཏུས་དང་སྤྱོད་འཇུག་གི་རྗེས་སུ་འབྲང་ངོ་། །གསུམ་པ་བླ་མ་གསེར་གླིང་པ་ལ་ཞུས་པ་མངའ་སྟེ། འདིའི་ལྟ་བ་བདག་འཛིན་མི་སྤོང་བར་དེ་ཉིད་རྒྱུ་མཚན་དུ་བྱས་ནས་སྤྱོད་པ་མུ་སྟེགས་པ་དང་ཐུན་མོང་ངོ་། །ལུང་དྲི་མ་མེད་པར་གྲགས་པས་ཞུས་པ། རིག་པ་བྱང་ཆུབ་སེམས་དཔའི་རྗེས་སུ་འབྲངའབྲངས་བ་སྟེ་འཕགས་པ་བྱམས་པ་ནས་བརྒྱུད་པའི་གདམ་ངག་གོ །དེ་ལ་ད་རེས་ཀྱི་ཆོས་འདི་བླ་མ་གསེར་གླིང་པ་ལ་ཞུས་པའི་གདམས་ངག་ཡིན། །དེ་ཡང་དྲི་མ་མེད་པར་གྲགས་པས་ཞུས་
པའི་མདོ་ལས། །འཇིགས་ཚོགས་ལ་ལྟ་བ་སངས་རྒྱས་ཀྱི་གདུང་ཡིན་ནོ། །ཞེས་བཤད་པ་ལ་བརྟེན་ཏེ། དཔེར་ན་པདྨ་ས་གཞི་དགོན་དྲུང་ལས་མི་སྐྱེ་འདམ་རྫབ་ལས་སྐྱེ་བ་བཞིན་དུ་སྲེད་པའི་རློན་སྐམ་ཐག་བཅད་པའི་ཉན་ཐོས་ཀྱི་རྒྱུད་ལ་མི་སྐྱེ། སོ་སོ་སྐྱེ་བོ་འཆིང་བ་མཐའ་དག་དང་བཅས་པའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེའོ། །དེས་ན་བདག་འཛིན་འདི་ལ་བརྟེན་ནས་སངས་རྒྱས་ཀྱི་རྒྱུ་ཐུན་མོང་མ་ཡིན་པ་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་སྦྱོང་དུ་ཡོད་པས་ན་བདག་འཛིན་འདི་ཉིད་སངས་རྒྱས་ཀྱི་གཞུང་ཡིན་ནོ། །འདི་བླ་མ་གསེར་གླིང་པས་ཇོ་བོ་ལ་ཐུགས་དམ་གྱི་སྙིང་པོར་གནང་བས། ཇོ་བོ་བླ་མ་གཞན་དང་མི་སྙོམས་པར་དད་གུས་ཆེན་པོ་མཛད་དོ། །ང་ལ་སེམས་བཟང་པོ་བྲིང་པ་གཅིག་ཡོད་པ་འདི་བླ་མ་གསེར་གླིང་པའི་བཀའ་དྲིན་ཡིན་པས་ངའི་བཀའ་བརྒྱུད་འདི་ལ་བྱིན་རླབས་ཡོད་ཀྱི་གསུང་། ཇོ་བོའ་ཞལ་ནས་སྔགས་ཕ་རོལ་ཏུ་ཕྱིན་པ་རྣམས་ནས་ཆོས་འདིའི་སྒོར་ཞུགས་པའི་དོད་ཕལ་ཆེ་བའི་གཉེན་པོ་མེད་པ་ཡིན་གསུང་སྐད། ཇོ་བོས་དགེ་བཤེས་སྟོན་པ་ལ་ཐུགས་དམ་གྱི་སྙིང་པོར་གནང་བ་ཡིན་ནོ། །དགེ་བཤེས་སྟོན་པ་ལ་སློབ་མ་མང་ཡང་སྲས་ཀྱི་ཐུ་བོ་ལྟ་བུ་སྐུ་མཆེད་གསུམ་ཡིན་ཏེ། སྤྱན་སྔ་རིན་པོ་ཆེའི་ཞལ་ནས་བླ་མ་གསེར་གླིང་པའི་ལུགས་ཀྱི་ཐོག་མར་མཉམ་སྟེ། དེ་ནས་བརྗེ་བ་བསྒོམ་པ་ཡིན་གསུང་སྐད། དེ་ནི་བླ་མ་བྱམས་པའི་རྣལ་འབྱོར་པའི་ལུགས་ཡིན་གསུངས། པོ་ཏོ་བའི་ཞལ་ནས། ངས་ར་སྒྲེང་གི་ཤུག་པའི་གསེབ་ཀྱི་དགེ་བསྙེན་རྒན་པོ་དེ་ལ་ཐོས་པ་ན། བླ་མ་གསེར་གླིང་པའི་ལུགས་ཀྱི་དང་པོ་ཉིད་ནས་བརྗེ་བ་བསྒོམ་པ་གཅིག་ཏུ་ཐོས་གསུང་སྐད། ད་རེས་པོ་ཏོ་བའི་གདམས་པ་སྟོན་པ་ཡིན་ནོ། །འདི་ལ་དོན་བདུན་ཏེ། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ་དང་། དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ་དང་། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་ཁྱེར་བ་དང་། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་
བསྟན་པ་དང་། བློ་འབྱོངས་པའི་ཚད་བསྟན་པ་དང་། བློ་སྦྱོང་གི་དམ་ཚིག་བསྟན་པ་དང་། བློ་སྦྱོང་གི་བསླབ་བྱ་བསྟན་པའོ། །དང་པོ་སྔོན་འགྲོ་རྟེན་གྱི་ཆོས་ནི། །དང་པོ་སྔོན་འགྲོ་དག་ལ་བསླབ། །ཅེས་པས་བསྟན་ཏེ། ཇོ་བོ་ནས་བརྒྱུད་པའི་བླ་མ་ཚད་ལྡན་གཅིག་ལ་བརྟེན་ནས་སྐྱེས་བུ་གསུམ་ལ་བློ་རིམ་པས་སྦྱོང་ནས་ཚད་དུ་ལོང་བར་བྱས་ཏེ། །སྨོན་འཇུག་ཏུ་སེམས་བསྐྱེད་ནས་དེ་དག་བསླབ་བྱ་ཚུན་ཆད་ལེགས་པར་ཤེས་པ་གཅིག་བློ་སྦྱོང་འདིའི་རྟེན་དུ་དགོས་པས་སྔོན་དུ་འགྲོ་བའི་ཆོས་སོ། །རྟེན་དེས་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པ་ལ་ཐུན་མགོ་ལ་བྲོད་པ་བསྐྱེད་པའི་ཆེད་དུ་ཆོས་འདི་རྣམ་དར་རེ་བསམས་ཏེ། དལ་འབྱོར་ཐོབ་པ་དོན་ཡོད་པར་བསམས་ལ། དེ་ཆུད་མ་ཟོས་པར་བྱེད་པ་ལ་ཆོས་བྱེད་དགོས་ཏེ། ཆོས་ཀྱི་མཆོག་ཀྱང་འདི་ཡིན་སྙམ་དུ་བསམ། དལ་འབྱོར་ཐོབ་ཀྱང་ཚེ་ལ་ལོང་མེད་ལ། །ཕྱི་མར་དགེ་སྡིག་གཉིས་ཀྱི་བདེ་སྡུག་ལ་ལོངས་སྤྱོད་པས་དགེ་བའི་ལས་ཀྱི་མཆོག་ཀྱང་འདི་ཡིན། འཁོར་བ་ལས་ཐར་བར་བྱེད་པའི་ལམ་ཡང་འདི་ལས་ཟབ་པ་མེད་པ་ཡིན་ནོ། །བདག་གཞན་དོན་དུ་སངས་རྒྱས་སྒྲུབ་པའི་རྒྱུའི་མཆོག་ཀྱང་འདི་ཡིན་སྙམ་དུ་བསམ་སྟེ། དེ་ཡང་བློ་སྦྱོང་བྱེད་འདོད་པའི་གནས་སྐབས་ཐམས་ཅད་དུ་སྦྱོང་བར་མ་ངེས་སྦྱོང་སྙིང་མི་འདོད་པ་ན་ཡང་བསམ་མོ། །གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ་ལ་དོན་དམ་དང་ཀུན་རྫོབ་གཉིས་ལས། །གང་ཟག་གཅིག་གི་རྒྱུད་ལ་མཉམ་རྗེས་ཀྱི་རིམ་པས་འདི་ལྟར་བསྟན་ཏེ། ཐོག་མར་དོན་དམ་བྱང་སེམས་སྦྱོང་བ་ལ་མཉམ་རྗེས་གཉིས་སོ། །མཉམ་བཞག་སྦྱོར་དངོས་རྗེས་གསུམ་སྦྱོར་བ་ལྷའི་ཁང་པར་ཡན་ལག་བདུན་པ་བྱ། ལྷ་དང་བླ་མ་ལ་གསོལ་བ་བཏབ། །བསམ་གཏན་གྱི་ཁང་པར་སྟན་བདེ་བ་ལ་སྐྱིལ་ཀྲུང་གིས་འདུག་སྟེ། དབུགས་ཕྱིར་འགྲོ་ནང་འགྲོ་ཉི་ཤུ་རྩ་གཅིག་
བགྲང་ངོ་། །དེས་ལུས་ངག་ཡིད་གསུམ་བསམ་གཏན་གྱི་སྣོད་དུ་རུང་བར་བྱས་པའོ། །དེ་ནས་ཀུན་རྫོབ་བྱང་ཆུབ་སེམས་ཏིང་ངེ་འཛིན་གྱི་ཕན་ཡོན་གྱིས་ཁྱད་པར་དུ་བྱས་པ་སྔོན་དུ་བྱའོ། །དངོས་གཞི་ནི་འདི་ཀུན་ཅིག་ཆར་དུ་འཇུག་པའི་ལུགས་ཡིན་པས་བདག་གཞན་ཐམས་ཅད་དུས་གཅིག་ཏུ་སྟོང་པར་བསྒོམ། །ཡང་སྦྱོར་བའི་དུས་ན་སོ་སོར་རྟོག་པའི་ཤེས་རབ་ཀྱི་རིམ་པས་རྩིས་ལ་གདབ། འདིས་ནི་ཞི་གནས་ཀྱི་རླན་ལ་རྟོགས་པའི་མྱུ་གུ་སྐྱེ་བའི་དགོས་པ་ཡིན་གསུངས། །དེ་ནས་གཟུང་བ་རང་བཞིན་མེད་པར་བསྒོམ་པ་ནི། །ཆོས་རྣམས་རྨི་ལམ་ལྟ་བུར་བསླབ། །ཅེས་པས་བསྟན་ཏེ། །འདི་ལྟར་སྣང་བའི་རང་བཞིན་ཕྱི་ནང་སྣོད་བཅུད་འདི་ཐམས་ཅད་རང་གི་སེམས་ཉིད་འཁྲུལ་པའི་སྣང་བ་ཙམ་ལས་སེམས་ཐ་དད་པའི་དོན་རྡུལ་ཙམ་དུ་ཡེ་ནས་གྲུབ་པ་མེད། དེ་ལྟར་དཔྱད་ན་ཀུན་རྫོབ་ཙམ་དུ་ཡང་རིག་པའི་དོན་བདེན་པའི་དོན་དུ་གྲུབ་པ་གང་ཡང་མི་འདུག་ཨང་སྙམ་དུ་བསམ། དེ་ནས་འཛིན་པ་རང་བཞིན་མེད་པར་བསྒོམ་པ་ནི། མ་སྐྱེས་རིག་པའི་གཤིས་ལ་དཔྱད། །ཅེས་པས་བསྟན་ཏེ། དེ་ལྟར་ཡུལ་རང་བཞིན་མེད་པ་དཔྱོད་པར་བྱེད་མཁན་གྱི་རང་སེམས་འདི་ཡང་འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟར་བ་ནི་ཆ་གསུམ་དང་ལྡན་ཞིང་ཁ་དོག་མེད་ཅིང་དབྱིབས་དང་བྲལ་ལ་ལུས་ཀྱི་ཆ་ཤས་འདི་ན་གནས་བྱ་བའི་གནས་པ་མེད་པས་དཔྱད་ན་ངོས་བཟུང་ཐམས་ཅད་དང་བྲལ་བ་ཡེ་ནས་མ་སྐྱེས་པར་འདུག་ཨང་སྙམ་དུ་བསམ། །དེ་ནས་ཆོས་ཐམས་ཅད་རང་བཞིན་མེད་པར་སྒོམ་པ་ནི། གཉེན་པོ་ཉིད་ཀྱང་རང་སར་གྲོལ། ཞེས་པས་བསྟན་ཏེ། དེ་ལྟར་ལུས་དང་སེམས་ཐམས་ཅད་སྟོང་པ་ཉིད་དུ་དཔྱོད་པའི་གཉེན་པོའ་བྱ་བ་བྱེད་པའི་སེམས་འདི་ཉིད་ཀྱང་མ་གྲུབ་སྟེ། །ཡུལ་དང་སེམས་གཉིས་སུ་ཤེས་བྱ་ཐམས་ཅད་འདུས་ལ་སེམས་ཀྱི་དུས་ན་རང་བཞིན་མར་གྲུབ་པ་གོང་དུ་
དཔྱད་པས་ཡེ་ནས་བདེན་པར་མ་གྲུབ་བར་འདུག་ཨང་སྙམ་དུ་བསམས་ལ་དེའི་མོད་ལ་སེམས་ཉིད་རྟོག་པ་དང་བྲལ་ལ་རང་གཞན་དུ་ཅིར་ཡང་མི་འཛིན་པའི་ངང་ལ་ཀློད་ལ་གསལ་སིང་ངེ་བྱིང་རྒོད་ཀྱི་དབང་དུ་མ་སོང་བར་བྱས་ལ་བཞག་གོ །དེ་ཉིད་བསྟན་པ་ནི། ལམ་གྱི་ངོ་བོ་ཀུན་གཞིའི་ངང་ལ་བཞག་ཅེས་ཏེ། ཐ་མལ་གྱི་སེམས་ངོས་བཟུང་ལ་དགག་སྒྲུབ་དང་བྲལ་བར་བཞག །རྣམ་ཤེས་ཚོགས་འདུནབདུན་པོ་སེམས་རྟོགས་ཡིན་པས་སྤང་། ཡུལ་དང་ཡུལ་ཅན་གྱི་རྟོག་པས་མ་བསླད་པར་བྱ་བ་གནད་ཡིན་ནོ། །ཕྱིས་རྟོག་པ་སྐྱེ་ཆད་རིག་པས་རིག་པ་ལ་བལྟས་ལ་ཆོས་ཉིད་ཀྱི་ངང་དུ་ཀློད་ཅིང་བཞག་གོ །དེ་ནི་དངོས་གཞི་འོད་གསལ་བགྱི་བ་ལགས་པས་དོས་དྲག་ལ་ཡུན་ཐུང་བར་བྱས་ཏེ་བསྒོམ། །ཐུན་གཅིག་ལ་ཐུན་དུ་མར་བཅད་དོ། །ཐུན་ཆེ་ཆུང་ནི་ཐུན་ཞབས་རུ་མདང་བཅས་ཤིང་བཟང་གྱེས་བྱེད་པ་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །མཇུག་དམིགས་པ་བཏང་ནས་དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་ཆེན་པོ་བསྒོམ་སྟེ། །གནས་ལུགས་ཕྱིན་ཅི་མ་ལོག་པའི་དོན་དེ་ལ་དགོད་པར་བྱའོ་སྙམ་དུ་བསམ་ནས་དགེ་བ་གཞན་དོན་དུ་བསྔོ་བར་བྱའོ། །དེ་ནས་དལ་གྱིས་སྐྱིལ་མོ་ཀྲུང་བཤིག་སྟེ་ལྷའི་ཁང་པར་ཡན་ལག་བདུན་པ་བྱའོ། །རྗེས་ཇི་ལྟར་བསླབ་པ་ནི། ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ། །ཞེས་པས་བསྟན་ཏེ། རྗེས་ནི་མཉམ་བཞག་གི་ཉམས་མདོར་བས་བསྐྱངས་དགོས་པས། རང་གཞན་སྣོད་བཅུད་སྣ་ཚོགས་སྣང་ཡང་འཁྲུལ་ནས་མེད་པའི་དོན་སྣང་བ་ཡིན་པས་སྒྱུ་མའི་རྟ་གླང་དང་ཁྱད་པར་མེད་སྙམ་དུ་བསམས་ལ། ཐམས་ཅད་ལ་བདེན་ཞེན་སྤང་ངོ་། །རང་ཉིད་ཀྱང་ཕུང་པོ་ལྔ་ཡི་ངོ་བོར་སྣང་ཡང་རྟེན་འབྲེལ་ཚོགས་པའི་སྣང་བ་ཙམ་ལས་གང་ཟག་གི་བདག་རྟག་པ་དང་གཅིག་པུའི་ངོ་བོར་གྲུབ་པར་བྱ་བ་མེད་དོ། །སྒྱུ་མའི་
སྐྱེས་བུ་འགྲོ་འོང་བྱེད་ཅིང་ཡུལ་ལ་ལོངས་སྤྱོད་པ་ལྟ་བུར་བསམ་མོ། །ཅི་བསམ་ཆ་མེད་པར་ནི་བྱ། དྲན་པས་ཟིན་པར་བྱས་ལ་དབང་པོའ་ཡུལ་དུ་གྱུར་ཚད་ཐམས་ཅད་ཀྱང་འཕྲལ་འཕྲལ་དུ་དེ་འདྲོག་ལ་དེ་ཡང་སྒྱུ་མ་ལྟ་བུ་ཡིན་རྨི་ལམ་ལྟ་བུ་ཡིན་སྙམ་དུ་ཐ་སྙད་ལ་བརྟེན་ནས་སྦྱང་བར་བྱའོ། །དེ་ལྟར་བལྟས་པས་རྗེས་ལ་མཉམ་བཞག་གི་ཉམས་རྨི་ལམ་ལྟ་བུའི་བློ་དེ་དང་མ་གྲལ་བས་ཐུན་མཚམས་ཀྱི་དགེ་སྦྱོར་ཐམས་ཅད་ཀྱང་ལམ་དུ་གཞུག་པར་བྱའོ། །དེ་ལྟར་སྤྱོད་ལམ་ཐམས་ཅད་དུ་མཉམ་བཞག་གི་ཉམས་མི་དོར་བར་ཟུང་འཇུག་ཆེན་པོའ་ངང་ལ་གནས་པར་བྱའོ། །ཞེས་སྨྲ་བ་ནི། དེ་ལྟར་སྒྲུབ་པ་ཐམས་ཅད་ཀྱང་། །དངོས་འཛིན་ཞེན་པས་མ་བསླད་པར། མཁའ་བཞིན་སྟོང་པ་ཆེན་པོར་ཁྱེར། འཆི་མེད་བདེ་ཆེན་ངང་དུ་འགྲོ། །ཞེས་དོན་དེ་རྣམས་ཀྱི་ཉམས་ལེན་ཕན་ཡོན་དང་བཅས་པ་གསུངས་སོ། །གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བདག་གཞན་བརྗེ་བ་སྟོན་ཏེ། འདི་ནི་ཞི་བ་ལྷས་གསུངས་ཏེ། གང་གིས་བདག་དང་གཞན་རྣམས་ནི། །མྱུར་དུ་སྐྱབས་པ་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །དེ་ལྟར་བདག་གནོད་ཞི་བ་དང་། །གཞན་གྱི་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་གཞན་ལ་བཏང་བ་དང་། །གཞན་རྣམས་བདག་བཞིན་བསྲུང་བར་བྱ། །ཞེས་གསུངས་སོ། །འདི་ལ་ཡང་མཉམ་རྗེས་གཉིས་ལས། །མཉམ་བཞག་ཏུ་ཉམས་སུ་བླང་བ་ནི། །གཏོང་ལེན་གཉིས་པོ་སྤེལ་མར་སྦྱང་། །ཞེས་པས་བསྟན་ཏེ། སྟན་བདེ་བ་ལ་བསྡད་ལ། རྩ་བའི་མ་མདུན་ཏུ་གསལ་བར་དམིགས་ཏེ། །ཐོག་མར་བྱམས་དང་སྙིང་རྗེ་བསྒོམ་པ་ནི་
མ་འདིས་ཐོག་མ་ཁོ་ནར་དལ་འབྱོར་གྱི་ལུས་བྱིན་ནས་ཆུད་མ་ཟོས་པར་བསྐྱངས་པས་སངས་རྒྱས་ཀྱི་བསྟན་པ་དང་མཇལ་ནས་བདེ་བའི་སྣ་ཁ་ནས་བཟུང་དུ་བྱུང་བས་ཕན་བཏགས། ལྟོ་ན་གནས་པ་དང་བཅས་པའི་དུས་སུ་ཐམས་ཅད་དུ་ནུས་པ་མ་བསྲིས་པར་བསྐྱངས་པས་ཕན་བཏགས། །དེ་ཙམ་དུ་མ་ཟད་འཁོར་བ་ཐོག་མ་མེད་པའི་དུས་ནས་ཀྱང་བྱམས་པའི་མིག་གིས་ལྟ་ལྟ་བ། བརྩེ་བའི་སེམས་ཀྱིས་འཛིན་འཛིན་པ། གནོད་པ་དང་མི་ཕན་པ་ལས་སྐྱོབ་སྐྱོབ་པ། ཕན་པ་དང་བདེ་བ་ཐམས་ཅད་ཀྱིས་ཕན་འདོགས་འདོགས་པའི་དྲིན་ཅན་དུ་འདུག་ཨང་སྙམ་དུ་བསམས་ནས་མིག་ནས་མཆི་མ་འཁྲུགས་པའམ། ལུས་ལ་བ་སྤུ་ལྡང་བ་ཙམ་དུ་ཤེས་པ་ཉེ་དུང་པ་བསྐྱེད་དོ། །དྲིན་ཅན་དུ་གྱུར་བའི་མ་འདི་ད་ལྟ་འཁོར་བ་མཐའ་མེད་དུ་བདག་གི་དོན་བྱེད་བྱེད་ནས་འཁྱམས་ནས་སྡུག་བསྔལ་སྣ་ཚོགས་དང་བཅས་པ་འདི་སྙིང་རེ་རྗེ་སྙམ་དུ་མི་བཟོད་པའི་བསམ་པ་བརྩེ་དུང་བ་བསྐྱེད་ལ། ད་ནི་ངས་ཀྱང་ལན་དུ་ཕན་པ་དང་བདེ་བ་ཐམས་ཅད་ཀྱིས་ཕན་གདག་པ། གནོད་པ་དང་མི་ཕན་པ་ཐམས་ཅད་ལས་བསྐྱབ་པར་བྱ་སྙམ་དུ་བསམ། འོ་ན་མ་རྒན་ལ་གང་གིས་གནོད་ན་སྡུག་བསྔལ་གྱིས་དངོས་པོ་རུ་གནོད། །ཀུན་འབྱུང་གིས་རྒྱུད་ནས་གནོད། དེ་ཐམས་ཅད་ངས་ཉམས་སུ་བླང་སྙམ་དུ་བསམས་ལ། མ་རྒན་གྱི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ཀུན་འབྱུང་ཉོན་མོངས་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་སྐྱི་གྲིས་བཞར་བ་བཞིན་དུ་མ་རྒན་གྱི་རྒྱུད་ལས་སངས་ཀྱིས་བླངས་ནས་རང་གི་སྙིང་གི་ནང་དུ་བླང་། དེ་ནི་བྱང་ཆུབ་ཀྱི་སེམས་བླང་བ་སྒོམ་པ་ཡིན་ཏེ། ཡང་མ་རྒན་གྱི་བདེ་བ་ཐམས་ཅད་ངས་བསྒྲུབ་པར་བྱ་སྙམ་དུ་བསམ་ལ། རང་གི་ལུས་ལོངས་སྤྱོད་དགེ་བ་ཐམས་ཅད་མ་རྒན་ལ་ལྟོས་པ་མེད་པར་འབུལ། །དེ་ཡང་སྤྱོད་འཇུག་ལས། སེམས་
༡༠ཅན་རྣམས་དོན་སྒྲུབ་པའི་ཕྱིར། ཡིད་བཞིན་གྱི་ནི་ལུས་སུ་བསྒྱུར། ཞེས་པའི་དོན་ཡིན་པས་རང་གི་ལུས་ལོངས་སྤྱོད་དགེ་བ་རྣམས་ནོར་བུ་རིན་པོ་ཆེར་བསམ་ནས། དེ་རྣམས་ལ་མ་རྒན་གྱི་ཆོས་མཐུན་རྐྱེན་ཟས་གོས་གནས་ཁང་གཡོག་འཁོར་བླ་མ་བརྟེན་པ་ལ་སོགས་བྱང་ཆུབ་སྒྲུབ་པའི་རྒྱུ་རྐྱེན་ཅི་དགོས་པ་བྱུང་ནས་དེ་ལ་བརྟེན་ནས་མ་རྒན་ཚོགས་རྫོགས་ནས་སངས་རྒྱས་པར་བསམ། དེ་ནི་བྱང་ཆུབ་ཀྱི་སེམས་བཏང་བ་སྒོམ་པ་ཡིན། དེ་ལྟར་བྱམས་སྙིང་རྗེ་སྔོན་དུ་སོང་ནས་གཏོང་ལེན་གཉིས་རི་མོས་ཀྱིས་སྤེལ་ཞིང་ཉམས་སུ་བླང་བའི་སྒོ་ནས་སྔར་བས་ཤེས་པ་བརླན་ཞིང་འཕེལ་བར་བྱ། དེ་ལྟར་སྦྱངས་པས་སྔར་གྱི་མ་རྒན་གྱི་སྡུག་བསྔལ་སྤོང་ཞིང་བདེ་བ་སྒྲུབ་པ་ལ་རང་གི་ཕྱོགས་ནས་རྩིས་ལ་མི་ཐེབས་པར་དངོས་སུ་བརྗེ་ནུས་པར་སོང་བ་ན་ཚད་དུ་ལོངས་པར་སོང་བ་ཡིན་ནོ། །མ་དམྱལ་བར་སྐྱེ་བའི་ཚད་ལ་བཏུབ་ན། མེ་ནང་དེར་བག་ཚ་བ་མེད་པར་མཆོད་ནུས་པའི་ཚད་ཙམ་མོ། །དེ་ནས་ཐུན་གཉིས་པར་སྤྲོས་ལ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་སྔོན་དུ་འགྲོ་བས་འདི་ལྟར་བསམས་ཏེ་ངས་སེམས་བསྐྱེད་པའི་དུས་ན་ལོངས་སྤྱོད་དགེ་བ་རྣམས་སེམས་ཅན་ལ་གཏོང་བ་ཡིན། སེམས་ཅན་ཐམས་ཅད་ཀྱི་དོན་བདག་གཅིག་པུས་སྒྲུབ་པར་ཁས་བླངས་ཁུར་དུ་ཁྱེར་བ་ཡིན་པས་ད་ནི་བདག་གིས་དངོས་སུ་དེ་ལྟར་བསྒྲུབ་པར་བྱ་དགོས་སྙམ་དུ་བསམས་ལ། སེམས་ཅན་ཐམས་ཅད་ལ་གཏོང་ལེན་སྔ་མ་བཞིན་སྤེལ་ཞིང་སྦྱོང་། འདིའི་སྐབས་སུ་གཏོང་བ་ན་ལུས་ལོངས་སྤྱོད་དགེ་བ་ཆ་ཚང་རེ་རེ་ཐོབ་པར་བསམ་མོ། །དེ་ལྟར་སེམས་ཅན་ཐམས་ཅད་ལ་སྤྲོས་པ་མེད་པར་བློས་ལིངས་ཀྱིས་བཏང་ལ་སེམས་ཅན་སུ་འདོད་པ་ཁྱེར་ཅིག །དེ་དག་ལ་ཁྱོད་རང་ཇི་ལྟར་འདོད་པ་བཞིན་དུ་གྱིས་ཤིག་ཅེས་རང་ལ་རྩི་སྨན་གྱི་སྡོང་པོ་བཞིན་དུ་བསམས་ལ་དགའ་གདུང་ཐམས་ཅད་སྤངས་ལ་བློས་སྦྱང་ཞིང་ངག་ཏུ་གདོན་པར་བྱའོ། །བདག་གི་ལུས་ལོངས་སྤྱོད་དགེ་བ་
༡༡རྣམས་ལྷུག་པར་བཏང་བ་དེ་སེམས་ཅན་ཐམས་ཅད་ཀྱི་བཟའ་བ་དང་བཏུང་བ་དང་། བགོ་བ་མེད་པའི་བགོ་བར་གྱུར་ཅིག །གནས་མེད་པའི་གནས་སུ་གྱུར་ཅིག་ཅེས་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་དང་མྱ་ངན་ལས་འདས་པའི་བདེ་བ་ཐམས་ཅད་ཀྱི་རྒྱུར་བདག་ཉིད་གཅིག་པུར་གྱུར་ཅིག །སྡུག་བསྔལ་ཐམས་ཅད་སེལ་བའི་རྒྱུར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་བདག་ལ་བརྟེན་ནས་འབྱུང་བར་གྱུར་ཅིག་སྙམ་དུ་བློ་སྦྱོང་ཞིང་ངག་ཏུ་ཡང་འདོན་པར་བྱའོ། །དེ་ལྟར་སྦྱོང་བའི་གནས་སྐབས་སུ་སངས་རྒྱས་ལ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་ལས་མེད་པས་ངས་ས་བཅུའི་དབང་ཕྱུག་ཆེན་པོའ་ཐུགས་དམ་ད་ལྟ་ཉིད་ནས་ཉམས་སུ་བླང་དུ་ཡོད་པ་འདི་རེ་དགའ་སྙམ་དུ་བསམ། །ཡང་ཉན་རང་དང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་རྒྱུད་ལ་ཡོད་པའི་ཤེས་བྱའི་སྒྲིབ་པ་རྣམས་བླངས་ཤིང་རང་གི་གསུམ་པོ་བཏང་བས་ཚོགས་རྫོགས་ནས་སངས་རྒྱས་པར་བསམ། འཕགས་པའི་གང་ཟག་འདི་ཀུན་སེམས་ཅན་སྤྱིའི་ནང་དུ་བསྡུས་ཀྱང་ཆོག །སོ་སོར་བྱས་ཀྱང་ཆོག །གང་བདེ་ཡིན་ནོ། །དེ་གཉིས་རླུང་ལ་བསྐྱོན་པར་བྱ། །ཞེས་པ་ནི། གཏོང་ལེན་གཉིས་དབུགས་ཕྱི་འགྲོ་ནང་འགྲོ་ལ་བརྟེན་ཏེ་སྦྱོང་ངོ་། །འདི་ནི་འདི་ཉིད་ལ་སེམས་བཟུང་སླ་བ་དང་། འབྱོངས་སྐྱེན་པ་དང་། རྣམ་རྟོག་མང་པོ་གཞུན་པའི་ཆེད་དུ་མཛད་པའོ། །རྗེས་ན་ཇི་ལྟར་བསྟན་པ་ནི། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །ཞེས་པས་བསྟན་ཏེ། རྗེས་ན་སྤྱོད་ཡུལ་ཡོངས་སུ་དག་པའི་སྒོ་ནས་བློ་སྦྱོང་ངོ་། །གཟུགས་ལ་སོགས་པའི་ཡུལ་ཡིད་དུ་འོང་མི་འོང་ཐ་མལ་པ་གསུམ་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་སྐྱེས་པ་ན་འདི་ལྟར་བློ་སྦྱོངས་ཏེ། བདག་ད་ལྟ་འདོད་ཆགས་ལ་སྤྱོད་པ་བཞིན་དུ་འཇིག་རྟེན་གྱི་ཁམས་ན་འདོད་ཆགས་ཀྱི་གཞན་དབང་དུ་སོང་བ་སྤྱོད་པ་དཔག་ཏུ་མེད་པ་ཡོད་པ་སྙིང་
༡༢རེ་རྗེ་སྙམ་དུ་བསམས་ལ་དེ་ཐམས་ཅད་བློས་འུབས་ཀྱིས་བསྡུས་ལ་རང་གི་སྙིང་གི་ནང་དུ་བླངས་ནས་སེམས་ཅན་དེ་དག་ཐམས་ཅད་འདོད་ཆགས་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསམ། དེ་བཞིན་དུ་དུག་ལྔ་པོ་ལ་སྦྱར་ལ་ཉམས་སུ་བླང་ངོ་། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱང་། །ཞེས་པ་ནི། བློ་སྦྱོང་ཚིག་ཙམ་དུ་སྦྱོང་བ་སྟེ། སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། བདག་གི་དགེ་བས་འགྲོ་ཀུན་བདེ་ཐོབ་ཤོག །ཅེས་བསྟན་བཅོས་ནས་འབྱུང་བའི་ཚིག་གམ་ཡང་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་བདག་ལ་སྨིན་ནས་བདག་སྡུག་བསྔལ་གྱིས་བརླག་པར་གྱུར་ཅིག །བདག་གི་དགེ་བ་སེམས་ཅན་ཐམས་ཅད་ལ་སྨིན་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །དེ་ལྟར་མི་མེད་པའི་དུས་སུ་ངག་ཏུ་འདོན་ནོ། །རུས་པའི་གཏིང་ནས་སྐྱེས་པའི་བསམ་པས་ཨ་ཙམ་ངའི་མ་རྒན་རྣམས་ངའི་ཇོ་བོ་སེམས་ཅན་འདི་རྣམས་ཁོ་ན་སྙིང་རེ་རྗེ་ཞེས་བྱའོ། །དེ་ལྟར་སྤྱོད་ལམ་རྣམ་བཞི་ལ་ཚིག་གིས་སྤྱོད་པ་འདི་ནི་མདོ་ལས། བྱམས་པ་ཚིག་ཙམ་དུ་བསྒོམ་པ་བཤད་པའི་ལག་ལེན་ཡིན་ནོ། །གསུམ་པ་རྐྱེན་ངན་གྲོགས་སུ་ཁྱེར་བ་ནི། །སྣོད་བཅུད་སྡིག་པས་ཁོལ་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ཞེས་པ་སྟེ། སེམས་ཅན་དང་འབྱུང་བའི་གནོད་པ་ཅི་བྱུང་ཡང་རུང་སྟེ་ཐམས་ཅད་ནི་རང་གི་སྐྱེ་བ་སྔ་མ་ལ་སྡིག་པ་སྤྱད་པའི་འབྲས་བུ་ཡིན་ཏེ། དེ་ལ་ཆོས་རྒྱུས་མེད་པ་རྣམས་རྐྱེན་ངན་བར་ཆད་དུ་བྱེད་དེ། ཆོས་སྒོར་ཞུགས་པ་རྣམས་ཀྱིས་བལྟས་ན་སྤྱན་སྔ་བས་ཤ་བོ་སྒང་པ་ལ་གསུངས་པ་ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་དེ་ཐམས་ཅད་སྦྱོར་བའི་བློ་ཡོད་ན་བླ་མ་དཀོན་མཆོག་གི་བྱིན་རླབས་དངོས་གྲུབ་སྟེར་བའི་ཐབས་གསུངས་པ་བཞིན་ཡིན་གསུངས་པས་རྐྱེན་ཐམས་ཅད་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གྲོགས་སུ་ཁྱེར་བར་བྱའོ། །འདི་ལ་གཉིས། བསམ་པ་ཁྱད་པར་ཅན་བྱང་ཆུབ་
༡༣ཀྱི་སེམས་སྦྱོང་བ་དང་། སྦྱོར་བ་ཁྱད་པར་ཅན་བསགས་སྦྱང་གཉིས་ལ་འབད་པའོ། །དེ་ལ་ཐོག་མར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་སློང་བ་བསྟན་ནོ། །ཇི་ལྟར་ལམ་དུ་བྱ་ན་ཐོག་མ་མེད་པ་ནས་དགྲ་ཟིན་གྱི་རུ་མ་ཕྱེས་པས་སྤང་བླང་འོས་མ་ཟིན། ཆོས་བྱས་ཚད་བདག་འཛིན་གྱི་ཆོས་སུ་སོང་བས་ནོར་རོ། །ཐར་པ་དང་ཐམས་ཅད་མཁྱེན་པ་ལ་སྔ་འདྲེས་གང་ཡང་ཉེར་མ་སོང་བས་ད་རེས་དགྲ་ཟིན་གྱི་རུ་ཕྱེ་ལ་ཆོས་ལམ་དུ་བྱའོ། །དེ་ལ་དགྲ་རང་ཡིན། ཟིན་སེམས་ཅན་ཡིན། རང་ལ་དགྲར་བལྟས་ལ་སྤང་བ་དང་། གཞན་ལ་ཟིན་དུ་བཟུང་ལ་གཅེས་པར་བལྟ་བ་གཉིས་ལས་མེད་པ་ཡིན། དེ་ལ་རང་དགྲ་ཡིན་པའི་གཏན་ཚིག་ནི། ལེ་ལན་ཐམས་ཅད་གཅིག་ལ་བདའ། ཞེས་པས་རང་ལ་དགྲར་བཟུང་བ་བསྟན་ཏེ། རང་ལ་མི་འདོད་པའི་དངོས་པོ་ཅི་བྱུང་ཡང་གྱོད་གཞན་ལ་བདའ་བ་རང་རང་གིས་བདག་ཏུ་བཟུང་བས་ལེན་པ་ཡིན་སྙམ་དུ་བསམས་ལ་གྱོད་ཐམས་ཅད་རང་གི་ནང་དུ་བདའ་སྟེ། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་པ་དག །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་དང་། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །དེ་གཉིས་དང་ནི་འབྲེལ་པ་ལས། །ཉེས་པ་ཐམས་ཅད་འབྱུང་བ་ཡིན། །ཞེས་དང་། །བདག་ཉིད་སྐྱོན་བཅས་གཞན་ལ་ཡང་། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་འཛིན་ཡོངས་སུ་དོར་བ་དང་། །གཞན་བླང་བ་ནི་བསྒོམ་པར་བྱ། །ཞེས་གསུངས་སོ། །འཇིག་རྟེན་ན་རང་ལ་སྐྱོན་དང་ཉེས་པའི་ཚོགས་ཡོད་དོ་ཅོག་བདག་ཏུ་འཛིན་པ་ལས་བྱུང་བ་ཡིན་ཏེ། ཐོག་མ་མེད་པ་ནས་ང་མེད་པ་ལ་ངར་བཟུང་། གནས་གར་སྐྱེས་པའི་ལུས་འདི་ལ་བདག་མེད་པར་
༡༤བདག་ཏུ་བཟུང་ནས་འདིའི་ཁ་འཛིན་སྐྱོར་བ་འདི་འདོད་མི་འདོད་གཉིས་ཀྱིས་དགག་སྒྲུབ་བྱེད་བྱེད་ནས། གཞན་ལ་གཡོ་སྒྱུ་ཁྲམ་གསུམ་བྱེད་བྱེད་ནས་ཉོན་མོངས་པ་དང་ལས་ངན་བསགས་ནས་ཐོག་མ་མེད་པ་ནས་སྤྱིར་འཁོར་བ་མཐའ་མེད་སྒོས་ངན་སོང་གསུམ་གྱི་སྡུག་བསྔལ་དཔག་ཏུ་མེད་པ་ཐམས་ཅད་འདིས་ལེན་དུ་བཅུག །བསྐལ་པ་གྲངས་མེད་འདས་གྱུར་ཀྱང་། ངལ་བ་ཆེན་པོ་དེ་ལྟ་བུས། །ཁྱོད་ཀྱི་སྡུག་བསྔལ་འབའ་ཞིག་བསྒྲུབས། །ཞེས་གསུངས་པས་ད་རུང་ཡང་འདི་ལ་དགྲར་མ་བལྟས་རིང་ལ་འདིས་མི་བདེ་བ་འབའ་ཞིག་བསྒྲུབས་པས་ལས་ངན་བསགས་ནས་འཁོར་བ་མཐའ་མེད་དུ་སྡུག་བསྔལ་སྔར་བས་ཆེས་དྲག་ལ་ཡུན་རིང་བར་ད་སྡོད་འཁྱམས་སུ་འཇུག་པས་དུས་གསུམ་གྱི་སྡུག་བསྔལ་ཐམས་ཅད་བདག་ལ་གཅེས་པར་འཛིན་པ་འདིས་བསྐྱེད་ནས་འདུག་གོ །འོ་ན་འདི་ཐོག་མ་མེད་པ་ནས་བདག་གསོད་བྱེད་གཤེད་མར་འདུག་པས་འཁོར་བ་ཐོག་མ་མེད་པ་ནས་ཤི་ཚད་གཞན་གྱིས་མ་བསད་རང་གིས་བསད་ནས་འདུག་སྙམ་དུ་བསམ་ལ་མ་འགལ་ལ་སོ་ཏམ་པ་གཅིག་བྱས་རང་ལ་དགྲར་ཅག་གིས་བཟུང་བར་བྱའོ། །འོ་ན་དགྲ་བོ་དེ་གང་ན་འདུག་ན་བདག་གི་སྙིང་གི་ནང་ན་འདུག་གོ །ཞི་བ་ལྷའི་ཞལ་སྔ་ནས། དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲར་གྱུར་པ། །གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པུ། །བདག་གི་སྙིང་ལ་ངེས་པར་གནས་བཅས་ནས། །བདག་ལ་འཁོར་བར་བདེ་བ་ག་ལ་ཡོད། །ཅེས་གསུངས་སོ། །འདི་གནས་པ་མགོ་ལ་གནས་ཀྱང་རྒྱལ་ཁ་མིག་ལ་མི་བྱེད་པ་འདི་རེ་མི་འཐད་སྙམ་དུ་བསམས་ལ། དེ་ལྟར་ཉེས་དམིགས་ཅན་གྱི་བདག་ཏུ་འཛིན་པ་དེ་དམིགས་པའམ་གནས་ནི་གནས་ནི་གར་སྐྱེས་པའི་ལུས་འདི་ཡིན་ཏེ་ཚེ་ཐོག་མ་མེད་པ་ནས་ང་མེད་ལ་ངར་བཟུང་བདག་མེད་ལ་བདག་ཏུ་བཟུང་ཞིང་སྡུག་བསྔལ་ཐམས་ཅད་འབྱུང་བའི་ཉེས་དམིགས་ཅན་མི་རོ་བམ་ནག་རྣ་བ་དང་ཁྲག་གི་དུམ་བུ་ཆུ་སེར་གྱི་རྐྱལ་བུ་འདི་ལ་གཅེས་པར་བཟུང་ནས་བལྟ་ཞིང་བསྲུང་བ་ནི། དཔེར་ན་གཅེར་བུ་ཕྱུང་ནས་ཚེར་མ་ཁུར་གཅིག་ཁུར་བ་དང་འདྲ་སྟེ། སློད་ན་བདེ་བ་ལ་རང་དོན་བྱས་ན་བདེ་བ་གཅིག་འོང་སྙམ་ནས་
༡༥བསྡམས་པ་བཞིན་དུ་སྡུག་ཏུ་འགྲོའོ། །ཞི་བ་ལྷའི་ཞལ་ནས་ཀྱང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་སྨོས་ཅི་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་གསུངས་སོ། །དེས་ན་ཐོག་མ་མེད་པ་ནས་བདག་ལ་གནོད་པ་འབའ་ཞིག་བྱེད་པའི་ཉོན་མོངས་པ་ཐམས་ཅད་ཀྱི་ནང་ནས་ཡང་བདག་ཏུ་འཛིན་པ་འདི་ཡིན་ཏེ། ཡ་གི་དགེ་བའི་བཤེས་གཉེན་ནས་མ་གི་སྲོ་ཤིག་ཡན་ཆད་ལ་སྡིག་པ་གསོག་པར་བྱེད་པའི་སྡིག་ཅན་ཕྲག་དོག་ཅན་དེ་འདིར་འདུག་པ་ཡིན། བདག་འཁོར་བ་ལས་ཐར་དུ་མི་སྟེར་བར་འཆིང་བར་བྱེད་ཅིང་མི་དང་མི་མ་ཡིན་གྱི་གནོད་བྱེད་ཐམས་ཅད་སྤྱན་འདྲེན་མཁན་ཕུང་བྱེད་འུག་མགོ་ཅན་དེ་ནི་ང་དང་བདག་ཏུ་འཛིན་པ་བྱ་བ་རང་དོན་འབའ་ཞིག་སྒྲུབ་པའི་བློ་ཅན་འདིར་འདུག་པ་སྙམ་དུ་བསམས་ལ་དགྲ་ལ་དགྲར་ངོ་ཤེས་པར་བྱའོ། །ཞི་བ་ལྷའི་ཞལ་ནས། འདི་ཡིས་བརྒྱ་ཕྲག་ཐམས་ཅད་དུ། འཁོར་བར་བདག་ལ་གནོད་པ་བྱས། ད་ནི་མཁོན་རྣམས་དྲན་བྱ་སྟེ། ཁྱོད་ཀྱི་རང་དོན་བསམ་པ་གཞོམ། །ཞེས་གསུངས་སོ། །ད་རུང་ཡང་ཁྱོད་ཀྱི་སུན་མི་ཐོན་སྙམ་ན། སྔར་དང་མི་འདྲ་ད་རེས་བླ་མ་བསྟེན། མདོ་སྡེ་པ་ལྟསབལྟས་པས་དགྲར་ཤེས་སོ། །ཁྱོད་ཀྱིས་ཁོ་བོ་གར་བརླག་པའི། །སྔོན་གྱི་དུས་དེ་གཞན་ཡིན་གྱི། །ངས་མཐོང་ཁྱོད་ད་གང་དུ་འགྲོ། །ཁྱོད་ཀྱི་དྲེགས་པ་ཀུན་གཞོམ་བྱ། །ཞེས་སོ། །དེ་ལྟར་བསམས་པ་དགྲར་བཟུང་ཞིང་རང་དོན་གྱི་བསམ་པ་བྱུང་རེས་ཀྱིས་ཁྱེད་ཆ་ཡོད་ཀྱི་བྱས་ལ་ཕག་སྣ་རེར་གཏུན་བུ་རེ་བརྒྱབ་ལ་བཏང་གསུངས། དེ་ན་ཐེག་པ་ཆེན་པོའ་ཆོས་མཐའ་དག་ལ་བརྗོད་བྱ་བདག་ཏུ་འཛིན་པ་ལིངས་ཀྱིས་བཏང་བ་དང་། སེམས་ཅན་བཙིར་གྱིས་བཟུང་ལ་བདག་འཛིན་ལ་ཅི་གནོད་དང་སེམས་
༡༦ཅན་ལ་ཅི་ཕན་གཉིས་ལས་མེད་པ་ཡིན་གསུངས། གཞན་ཡང་བཀའ་བསྟན་བཅོས་མཐའ་དག་ཉོན་མོངས་པ་འདུལ་བའི་ཆེད་དུ་གསུངས་པ་ཡིན་པས་དེས་འདུལ་རྒྱུ་ཉོན་མོངས་པ་ཡིན། ཉོན་མོངས་པ་ལ་སྤྱིར་བརྒྱད་ཁྲི་བཞི་སྟོང་ཡོད། དེ་ཐམས་ཅད་བསྡུ་ན་ཉིས་བརྒྱ་བཅུ་གཉིས། དེ་བསྡུ་ན་དྲུག་རྩ་བ་དང་ཉི་ཤུ་ཉེ་བའོ། །དེ་བསྡུ་ན་དུག་ལྔ་དང་དུག་གསུམ་མོ། །དེ་ཡང་བསྡུ་ན་བདག་ཏུ་འཛིན་པ་གཅིག་པུར་འདུག་པས་དེ་ཆེར་བཏུལ་བ་ལ་སྐྱིད་ཆེར་ཡོང་། འབྲིང་ལ་འབྲིང་། ཆུང་ངུ་ལ་ཆུང་ངུ། ཡེ་མ་བཏུལ་བ་ལ་སྐྱིད་ཡེ་མི་འོང་བ་ཡིན། དེ་ལ་སྡུག་བསྔལ་གྱི་རྩ་བ་བདག་འཛིན་ཡིན། །སྐྱོན་དང་ཉེས་པ་ཐམས་ཅད་འདི་ལ་བརྟེན་པ་ཡིན་པས། ད་ནི་རང་གི་ལུས་སེམས་ལ་ཞེན་པ་བཏང་ནས་དགྲར་བཟུང་དགོས་དེ་ཡང་གཙོ་བོར་ལུས་ལ་ཞེན་པ་གཏོང་དགོས་ཏེ། །ཞི་བ་ལྷའི་ཞལ་ནས། བདག་ལུས་གང་ལ་ཆགས་པ་ཡིས། །འཇིགས་གནས་ཆུང་ལ་འཇིགས་སྐྱེ་བ། །འཇིགས་པ་སྐྱེ་བའི་ལུས་འདི་ལ། །སུ་ཞིག་དགྲ་བཞིན་སྡང་མི་བྱེད། ཅེས་གསུངས་སོ། །ཐོག་མ་མེད་པ་ནས་ལུས་འདི་འདིའི་དོན་དུ་ཇི་ལྟ་བུའི་འབད་པ་ནི་བྱས་ཀྱང་ལུས་རང་གི་ངོ་བོ་བེམ་པོར་འདུག་པ་ལ་ཕན་གནོད་བྱས་པ་ལ་དགའ་སྡུག་མི་འདུག །སེམས་ཅན་ནི་དངོས་མེད་སྟོང་བར་འདུག་ལ་ད་ལྟར་ཀུན་རྫོབ་ཏུ་སྣང་བ་འདི་རྒྱུ་རྐྱེན་ལས་བྱུང་བས་ན་ངོ་བོ་མེད་ཅིང་རྒྱུ་འབྲས་སྐད་ཅིག་གིས་འགགས་ནས་སྐྱེས་ནས་གྲུབ་པ་མི་འདུག །དེས་ན་དེ་གོང་དུ་དོན་མེད་པའི་འགལ་བ་བྱས་ནས་འདུག་སྙམ་དུ་བསམ་པས་ང་རང་ལ་དགྲར་བཟུང་ལ་འཇིག་རྟེན་གྱི་ལྷ་མ་སྲིན་སྡེ་བརྒྱད་དང་བགེགས་རིགས་སྟོང་ཕྲག་བརྒྱད་པོ་ཐམས་ཅད་ར་མདར་བཟློག་ལ། ཁྱོད་ཀྱིས་བདག་གི་གྲོགས་མཛོད་ལ། བདག་འཛིན་འདི་བརླག་པར་མཛད་དུ་གསོལ། །བདག་གི་ཕུང་པོ་ལྔ་པོ་འདི། །དངོས་མེད་སྟོང་པར་མཛད་དུ་གསོལ། །ཞེས་སྦྱང་ངོ་། །དེ་ལྟར་མཛད་པའི་སྒོ་ནས་ད་
༡༧རེས་ཀྱི་ཚེ་ཐུང་འདི་ལ་བདག་འཛིན་གྱི་འགོང་པོ་འདི་ཅི་ཐུལ་ཅིག་མཛད་འཚལ་གསུངས། ཤ་བོ་པའི་ཞལ་ནས། ཇི་སྲིད་རང་ལ་དགྲར་མ་མཐོང་རིང་ལ་བླ་མ་ལ་སོགས་སུས་ཀྱང་བསྟོད་པར་མི་ནུས་དགྲར་མཐོང་ན་ཕན་འདོགས་སུ་འོང་གསུངས། དེ་ལྟར་རང་ལ་དགྲར་བལྟས་ན་མི་མ་ཡིན་དང་འབྱུང་པོའ་གནོད་པ་བྱུང་ཡང་དགྲ་ལ་གནོད་པ་བྱས་པ་ཡིན། བདག་འཛིན་དང་འཐབ་པའི་གྲོགས་སུ་བྱུང་བ་ཡིན། བདག་གི་ཕྱོགས་ངན་དམག་དཔུང་ཆེ་བ་གཅིག་ཡིན་པས་གནོད་བྱེད་ལ་ཞེ་སྡང་སྐྱེ་བར་མི་འཐད་པས་དགའ་བར་བལྟའོ། །དེ་ཙམ་ན་རྐྱེན་ངན་གྱི་འཕྲད་ལས་གྲོལ་བའི་ཆོས་གཤའ་མ་གཅིག་གདོད་འོང་བ་ཡིན་གསུངས། དེ་ཙམ་ན་ཟིན་སར་སླེབ་པའོ། །ཚུལ་དེ་ལྟར་ད་རེས་རང་གཞན་གཉིས་ལ་དགྲ་ཟིན་གཉིས་སུ་ཕྱེ་ལ་སྦྱང་ངོ་། །རེས་རང་ལ་དགྲ་ཟིན་གཉིས་སུ་ཕྱེ་ལ་སྦྱོངས་ཏེ། རང་དོན་སྒྲུབ་པའི་བསམ་སྦྱོར་ལ་སྐྱ་མིང་གིས་བཏགས་ལ། གཞན་དོན་སྒྲུབ་པའི་བསམ་སྦྱོར་ལ་ཆོས་མིང་གིས་གདགས་ལ། དགེ་བཤེས་འབན་གྱི་རྗེས་སུ་འབྲང་ལ་ལག་པ་གཡས་གཡོན་གཉིས་ལ་སྤང་བླང་བྱའོ། །དགེ་བཤེས་འབན་གྱི་ཞལ་སྔ་ནས་ད་ནི་སེམས་ཀྱི་མཁར་སྒོ་གཅིག་ཏུ་གཉེན་པོའ་མདུད་གཅིག་མནན་ལ་བསྡད་པ་མིན་པ་གཞན་བྱ་རྒྱུ་མི་རྙེད། ཁོ་བསྒྲིམ་ན་ང་ཡང་བསྒྲིམ། ཁོ་གློད་ན་ང་ཡང་གློད་གསུངས་ཁྱོད་ཆ་ཡོད་ཀྱིས་བྱས་ལ་ཕག་སྣ་རེ་ལ་གཏུན་བུ་རེ་བརྒྱབ་ལ་བཏང་གསུང་། མདོ་བསྟན་བཅོས་ཐ་དག་གི་བདག་འཛིན་སྤང་བ་ལས་བྱ་རྒྱུ་གཞན་མེད་པ་བསྟན་པའོ། །དེས་ནི་རང་ལ་དགྲར་བལྟས་ལ་བདག་འཛིན་སྤང་བ་བསྟན་ཏེ། ཤ་བོ་པའི་གསུང་གིས་འགོང་པོ་འགོད་རྫོངས་ཀྱི་ཆོས་ཞེས་ཐ་སྙད་འདོགས་པའོ། །གཉིས་པ་སེམས་ཅན་ལ་ཟིན་དུ་བཟུང་ལ་གཅེས་པར་བལྟ་བ་ནི། ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །ཅེས་པས་བསྟན་སྟེ། འདི་ལ་ཤ་བོ་བའི་གསུང་
༡༨གི་ཤ་ཁྱེར་ཁྲག་ཁྱེར་གྱི་ཆོས་ཞེས་གསུངས་སོ། །ལྟས་ངན་གཡང་དུ་ལེན་པའི་ཆོས་ཤེས་ཟེར་རོ། །གནོད་བྱེད་དེ་ཉིད་ལ་ཆེད་དུ་དམིགས་པའི་བྱམས་པ་དང་སྙིང་རྗེ་བསྒོམ་ནས་གཏོང་ལེན་གཉིས་སྦྱོང་བར། ཐོག་མར་བྱམས་པ་བསྒོམ་པ་ནི། བདག་ལ་གནོད་པ་བྱེད་པའི་མི་དང་མི་མ་ཡིན་འདིས་ཐོག་མ་མེད་པ་ནས་བདག་གི་ཕ་མ་ཉེ་དུ་འབྲེལ་བ་རྒྱ་ཤུག་གི་ཚིག་གུ་བས་མང་བ་ཙམ་བྱས་པས། བྱམས་པའི་མིག་གིས་ལྟ་ལྟ་བ། །བརྩེ་བའི་སེམས་ཀྱིས་འཛིན་འཛིན་པ། གནོད་པ་དང་མི་ཕན་པ་ལས་སྐྱོབ་སྐྱོབ་པ། ཕན་པ་དང་བདེ་བ་ཐམས་ཅད་ཀྱིས་ཕན་འདོགས་པའི་དྲིན་ཅན་འབའ་ཞིག་ཏུ་འདུག་ཨང་སྙམ་དུ་ཤེས་པ་ཉེ་དུང་པ་བསྐྱེད་ལ་སྙིང་གི་ནང་དུ་བཅུག་ཀྱང་ཚ་མི་འོང་བའམ་སྙིང་གི་དུམ་བུ་བཞིན་དུ་བལྟའོ། །ཇོ་བོའ་ཞལ་ནས། རང་གི་ལྷ་དང་བླ་མ་ཞེས་གསུངས། ཡང་སྙིང་རྗེ་བསྒོམ་པ་ནི་ད་ལྟར་བདག་ལ་གནོད་པ་འདི་ཡིན་ནི་མ་ཡིན། གནོད་པ་ནི་འཁྲུལ་ནས་བྱེད་པ་ཡིན། ཐོག་མ་མེད་པའི་དུས་ནས་སྡིག་སྡུག་གཏམ་ངན་ཐམས་ཅད་ལ་མ་འཛེམ་པར་བདག་གི་དོན་བྱས་པས་ཉོན་མོངས་པ་དང་ལས་ངན་པ་བསགས་པས་འཁོར་བ་མཐའ་མེད་དུ་འཁྱམས་ཤིང་སྡུག་བསྔལ་ཉམས་སུ་མྱོང་། དེ་ཐམས་ཅད་ཀྱི་ལེ་ལེན་ཡང་བདག་ལ་ཐུག་ནས་འདུག །ད་ལྟར་ཡང་བདག་གཞན་དོན་དུ་བྱང་ཆུབ་སྒྲུབ་པ་ལ་བདག་གི་ལས་ངན་གྱིས་མ་རྒན་དབང་མེད་བསྐུལ་ནས་བར་ཆད་བྱས་པས་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ལ་བར་ཆད་བྱས་པ་ཡིན་པས་སྐྱེ་བ་ཕྱི་མ་ལ་དམྱལ་བར་འགྲོ་བའི་ལེ་ལན་ཡང་བདག་ལ་ཐུག་པས་འདི་སྙིང་རེ་རྗེ་ན་སྙམ་དུ་ཤ་རྗེན་ལ་མེ་སྐར་ཕོག་པ་ལྟ་བུའི་སྙིང་རྗེ་བསྒོམ་མོ། །ཚུལ་དེ་ལྟར་གནོད་བྱེད་དེ་ཉིད་ལ་ཆེད་དུ་གཏད་པའི་བྱམས་སྙིང་རྗེ་བསྒོམ། །དེ་ལྟར་བསྒོམས་པས་མི་མ་ཡིན་ལ་ལས་ཀྱིས་བྱས་པའི་མངོན་ཤེས་ཕྲ་མོ་ཡོད་པས་འོ་ཅག་གི་མར་ཤེས་པ་ཙམ་གྱིས། ཁོང་གིས་བུར་ཤེས་ནས་འོང་། དེ་ལྟར་མ་མེད་ཀྱིས་བསམ་པ་བྱུང་
༡༩བ་ན་གནོད་པ་བྱེད་པ་ག་ལ་འོང་སྟེ། བདག་གིས་ཀུན་ལ་མ་བཞིན་བྱས་ན་ཀུན་གྱིས་བདག་ལ་བུ་བཞིན་བྱེད་པ་ཆོས་ཉིད་ཡིན་པས་དེ་ཙམ་ན་སྡུག་བསྔལ་ལས་གྲོལ་བར་འགྱུར་ཏེ། སྡུད་པ་ལས། མི་ཡི་འཇིག་རྟེན་འབྱུང་པོའ་གདོན་དང་ནད་མང་བ། ཕན་དང་སྙིང་བརྩེར་ལྡན་པས་བདེན་པའི་བྱིན་གྱིས་ཞི། །ཞེས་གསུངས་སོ། །དེ་ལྟར་གནོད་བྱེད་ལ་བྱམས་པ་དང་སྙིང་རྗེ་བསྒོམས་པས་འོ་ན་ཐོག་མ་མེད་པ་ནས་འདིས་ང་ལ་ཕན་པ་འབའ་ཞིག་བསྒྲུབས་ནས་འདུག་པ་ལ་ངས་གནོད་པ་འབའ་ཞིག་བསྐྱལ་ནས་འདུག་ཨང་སྙམ་དུ་བསམས་ལ། ད་ནི་ངས་ཀྱང་ལན་དུ་ཕན་གདགས་གནོད་པ་ལས་བསྐྱབ་སྙམ་དུ་བསམས་ལ། དེ་ཉིད་གཏོང་ལེན་གཉིས་སྤེལ་ཞིང་སྦྱང་བར་བྱའོ། །འཇིག་རྟེན་ན་ཡོད་པའི་མཛེ་དང་ནད་ཐམས་ཅད་རང་གི་སྟེང་དུ་བླང་བར་བྱའོ། །རང་གི་ཡང་ཚེ་མཇུག་དང་སྐྱེ་བ་ཕྱི་མ་ལ་སྨིན་རྒྱུའི་ལས་ངན་ཐམས་ཅད་ད་ལྟའི་ན་ཚ་འདི་ཉིད་ཀྱི་སྟེང་དུ་བླངས་ལ་དགའ་བ་བསྒོམ་མོ། །ཡང་འདི་ལྟར་སྦྱང་ངོ་། །མི་མ་ཡིན་པ་འདུག་པ་མདུན་དུ་སྤྱན་དྲངས་ལ་ཁྱོད་ཀྱིས་ང་ཡི་མ་བྱས་པ་གྲངས་ཀྱིས་ནི་མི་ཆོད། ངས་ཁྱེད་ཀྱི་ཤ་ཟོས་པ་དང་། ཁྲག་འཐུང་བ་དང་། རུས་པ་མུར་བ་དང་། པགས་པ་གྱོན་པ་དང་། ནུ་ཞོ་འཐུངས་པ་རྣམས་སྟོང་གསུམ་སྣོད་དུ་ཆུང་། གསོད་པ་དང་བརྒྱབ་པ་དང་འཕྲོག་པ་ཡང་གྲངས་ཀྱིས་མི་ཆོད་པ་བྱས་པས་དེའི་ལན་ཆགས་ད་རེས་སྙག་ཏུ་བྱུང་བ་ཡིན་པས་དེ་ཐམས་ཅད་ཀྱི་དྲིན་དང་ལན་ཆགས་དེར་ཁྱེར་བར་བྱ། ང་ཁྱེད་དབང་ང་ལ་འོས་བཀའ་དྲིན་ཆེ་སྙམ་དུ་བསམས་ལ་ཤ་ལ་དགྱེས་ན་ཤ་ཟོ། །ཁྲག་ལ་དགྱེས་ན་ཁྲག་འཐུང་། རུས་པ་ལ་དགྱེས་ན་རུས་པ་མུར། ལྤགས་པ་ལ་དགྱེས་ན་ལྤགས་པ་བཤུས་ལ་གྱོན། རིང་ན་རྗེན་པར་ཟོ། མི་རིང་ན་ཚོས་ལི་ཟོ་བྱས་ལ་ལུས་འདི་ལྟོས་པ་མེད་པར་དེ་ལ་བྱིན་ལ་གཏོང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། ཕྱོགས་
༢༠བཞིར་གཏོར་མ་བཏང་ལ་སྦྱིན། འབའ་ཟ་འབུ་ཁྱེར་བྱེད་པར་ནི། བདག་ནི་ནམ་ཞིག་འགྱུར་ཞིག་གུ། སྙམ་དུ་སྦྱང་ཞེས་པུཔོ་ཏོ་བས་གསུང་སྐད། དེ་མི་མ་ཡིན་པ་དེ་ཀག་གིས་ལངས་ནས་བྱུང་ནས་བདག་གི་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་ཁ་དམར་འདག་འདག་ཟོས་པས་གནས་སྐབས་སུ་ལུས་འགྲངས་ཏེ་གནོད་པའི་སེམས་ཞི་ཞིང་ཕན་སེམས་དང་ལྡན་ཞར་ལ་སྡིག་པ་དག་པར་བསམ། ཡང་སྐད་ཅིག་གིས་ནང་དུ་ལུས་པོ་གྲུབ་ཅིང་ཡང་ཟོས་པར་བསམ། དེ་ལྟར་ཡང་ཡང་དུ་བསམ་ལུས་བརྒྱ་སྟོང་དུ་གཏུབས་ལ་ཡུལ་ཐམས་ཅད་དུ་གཏོར་བར་བསམ། ཁྱད་པར་དུ་ལུས་འདི་གཉན་ས་ཐམས་ཅད་དུ་བཤའ་བར་བྱའོ། །དེ་ལས་ལུས་འདི་ཁོ་དབང་བ་ཡིན་སྙམ་དུ་བསམས་ལ་དགེ་སྦྱོར་ཐམས་ཅད་འདི་ཉིད་ཀྱི་ཆེད་དུ་བྱ། མཇུག་དགེ་བ་ཡང་དེ་ལ་བསྔོ། ཁྱད་པར་དུ་མི་མ་ཡིན་ཡོད་པར་ལུས་འདི་སེམས་ཀྱིས་བོར་ལ་དེར་དམར་ཉོབ་རྩེར་གཏུབ་ལ་ང་ཟོ་ཞིག་ཅེས་བསམ་མོ། །དེ་ནས་ལུས་གཅེས་འཛིན་བཏང་སྟེ། །བདག་གིས་སེམས་ཅན་ཐམས་ཅད་ལ། །ལུས་འདི་ཅི་བདེར་བྱིན་ཟིན་གྱིས། །བརྡེག་སོགས་ཅི་དགར་བྱེད་ལ་རག །འདི་ཡི་ཁ་ཏས་ཅི་ཞིག་བྱ། །ཞེས་སོ། །དེས་ནི་སེམས་ཅན་ལ་ཟིན་དུ་བཟུང་ནས་གཅེས་པར་བལྟ་བ་བསྟན་ཏེ། དེ་ལྟར་དགྲ་ཟིན་རྣམ་པ་གཉིས་སུ་རུ་ཕྱེད་པར་བྱས་ནས་སྦྱང་དགོས་པ་ཡིན། ཤ་བོ་པའི་ཞལ་ནས་དགྲ་རང་ལ་ཚོལ། ལྷ་འདྲེ་ལ་ཚོལ། དགེ་བ་མི་དགེ་བ་ལ་ཚོལ། སྐྱིད་པ་སྡུག་བསྔལ་ལ་ཚོལ་གསུངས། གླང་རི་ཐང་པའི་ཞལ་ནས་ཀྱང་། ཇི་ལྟ་བུའི་པུ་སྟི་ཟབ་མོ་གཅིག་ཞལ་ཕྱེ་ཡང་སྐྱོན་ཐམས་ཅད་རང་གི་ཡིན། ཡོན་ཏན་ཐམས་ཅད་ཇོ་བོ་སེམས་ཅན་གྱི་ཡིན། དེའི་གནད་ཀས་ཁེ་དང་རྒྱལ་ཁ་གཞན་ལ་བྱིན་ལ་གྱོང་དང་བུབ་ཁ་རང་གིས་བླང་སྙམ་དུ་སེམས་པ་དེ་མིན་པ་གོ་རྒྱུ་གཞན་མ་རྙེད་གསུངས། ཤ་བོ་པའི་ཞལ་ནས། དེ་ལས་གོ་རྒྱུ་ལྷག་པ་གཅིག་རྙེད་ན་སྐྱོན་
༢༡ཡིན་གསུངས། མདོར་ན་སྡེ་སྣོད་ཐམས་ཅད་ལས་གོ་རྒྱུ་དེ་ལས་གཞན་མ་རྙེད་གསུངས། དེས་ནི་ཀུན་རྫོབ་བྱང་སེམས་ལ་བརྟེན་ནས་རྐྱེན་ངན་ལམ་དུ་ལོངས་པ་བསྟན་ནོ། །དེའི་མོད་ལ་ཡང་གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་སྤྱོད་པ་ལ་བརྟེན་ནས་རྐྱེན་ངན་ལམ་དུ་སློང་བ་ནི། ལྟ་བ་གསུམ་དང་ནམ་མཁའ་མཛོད། །རྣལ་འབྱོར་སྲུང་བ་བླ་ན་མེད། །འཁྲུལ་སྣང་སྐུར་བཞི་བསྒོམ་པ་ཡི། །སྟོང་ཉིད་སྲུང་བ་བླ་ན་མེད། །ཅེས་པས་བསྟན་ཏེ། ད་ལྟ་འཁོར་འདས་གནོད་བྱ་གནོད་བྱེད་ལ་སོགས་པ་ཕྱི་ནང་སྣོད་བཅུད་དུ་སྣང་བ་འདི་ཐམས་ཅད་ནི་རང་གི་སེམས་ཉིད་འཁྲུལ་པའི་སྣང་བ་འབའ་ཞིག་ཡིན་པར་ཐག་རྦད་ཀྱིས་བཅད། ཀུན་རྫོབ་འཁྲུལ་པའི་སྣང་ངོ་ཙམ་དུ་གཉིས་ཀས་གནོད་པ་བསྐྱལ་ལོང་མེད་དགག་བསྒྲུབ་བྱ་ལོང་མེད་པར་སྐད་ཅིག་གིས་འགགས་པ་ཀུན་རྫོབ་ཏུ་ཡང་གནོད་བྱ་གནོད་བྱེད་དུ་གྲུབ་པ་མེད་དོ། །དོན་དམ་པར་ཆོས་གང་ཡང་ཡེ་ནས་གྲུབ་པ་མེད་དེ་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ་གཅིག་ཡིན་ནོ། །བདག་ཀྱང་རིག་པ་དངོས་མེད་ཡིན། གནོད་བྱེད་ཀྱང་རིག་པ་དངོས་མེད་ཡིན་པས་གནོད་བྱ་གནོད་བྱེད་དུ་གྲུབ་པ་མེད་དེ་ཐམས་ཅད་སྟོང་པ་ཉིད་ཡིན་ཏེ། སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་གླགས་མི་རྙེད་དོ། །དཔེར་ན་ཤར་ཕྱོགས་ཀྱི་ནམ་མཁས་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་གནོད་པ་བྱ་མི་ནུས་པ་བཞིན་གནོད་པ་བྱ་མི་ནུས་སོ། །དེས་ན་ད་ལྟར་གྱི་སྣང་བ་འདི་སེམས་ཉིད་འཁྲུལ་པའི་སྣང་བ་ཡིན་པས་བདག་དང་གནོད་བྱ་དང་ནད་ཐམས་ཅད་རང་གི་རྟོག་པ་ལས་མ་གཏོགས་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་ཡིན་ཏེ། ཆོས་ནས་ཀྱང་། རང་གི་སེམས་ཉིད་བདུད་ཅེས་བྱ། །རང་གི་སེམས་ཉིད་བགེགས་ཞེས་བྱ། །བགེགས་ཀུན་རྣམ་པར་རྟོག་ལས་བྱུང་། །དེ་བས་རྣམ་པར་རྟོག་པ་སྤང་། །ཞེས་གསུངས་སོ། །དེ་ལྟར་རང་གི་རྟོག་པ་ཡོད་པར་བཟུང་། བདེན་པར་
༢༢བཟུང་། སེམས་ལས་ཐ་དད་དུ་བཟུང་། སྐྱོན་ཅན་དུ་བཟུང་བས་འཁོར་བའི་སྡུག་བསྔལ་ཐམས་ཅད་བསྐྱེད་པ་ཡིན་ནོ། །དེས་ན་ཐམས་ཅད་རང་གི་རྟོག་པ་ལས་ཕྱི་རོལ་ན་བགེགས་སུ་གྱུར་པ་མེད་པས་སྤང་བྱ་རང་གི་རྟོག་པ་ཙམ་བོ་དེ་ཉིད་ཡིན་ནོ། །དེ་ལྟར་དཔྱད་ན་རང་གི་སེམས་སུ་འདུས་པས་སེམས་ལ་དཔྱད་ན་སྟོང་པ་ཉིད་དུ་འདུག་པས་རང་གི་སེམས་ཉིད་འོད་གསལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད་འོད་གསལ་བ་དང་། སངས་རྒྱས་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་ལ་ཐ་དད་མེད་དེ་ཐམས་ཅད་ཆོས་ཀྱི་སྐུར་གཅིག་པ་ཡིན་པས་ན་སུ་ལ་གནོད་སུས་གནོད། ཇི་ལྟར་གནོད། དོན་དམ་པར་གང་ཡང་ཐ་དད་དུ་གྲུབ་པ་མེད་ལ་ཀུན་རྫོབ་ཏུ་ནད་དང་གདོན་ཐམས་ཅད་རང་གི་རྟོག་པར་འདུག་ལ་རྟོག་པ་ཆོས་སྐུར་འདུག་ཨང་སྙམ་དུ་བསམ་ལ་གང་དུ་ཡང་མི་རྟོག་པར་རང་གར་ལྷོད་ཀྱིས་ཀློད་ལ་བཞག་གོ །ངན་སྐྱུགས་བོར་བ་བཞིན་དུ་ཞེན་མེད་དུ་བཞག །མཛེ་རོ་བཞིན་དུ་དགོས་མེད་དུ་བཞག །བདག་པོ་ཤི་བའི་ཁང་སྟོང་བཞིན་དུ་ཞེན་མེད་དུ་བཞག་གོ །དེ་ལྟར་ཆོས་ཐམས་ཅད་ཡེ་ནས་མ་གྲུབ་པར་འདུག་པ་ལ་ང་ནི་ནམ་མཁའི་མདུད་པ་མ་གྲོལ་བ་བཞིན་ནམ། རུས་སྦལ་སྤུའི་ཞགས་པ་དམ་པོས་བཅིངས་པ་བཞིན་དུ་སོང་ནས་འདུག་སྟེ་རང་སེམས་བདུད་དུ་ལངས་ཤིང་ང་རང་གི་རྟོག་པས་བཅིངས་ནས་སྡུག་བསྔལ་ནས་འཁྲུལ་ནས་འདུག་པ་སྙམ་དུ་བསམས་ལ་ན་ཡིས་དོགས། འདྲེ་གདོན་དུ་དོགས། ན་ཚ་དྲག་ཏུ་རེ་བ་ལ་སོགས་པའི་རེ་དོགས་དང་དགག་སྒྲུབ་ཀྱི་རྟོག་པ་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་དུ་བཞག་ཅིང་ཆོས་ཉིད་ཀྱི་ངང་དུ་གློད་པར་བྱའོ། །དེ་ཙམ་ན་ཡི་དྭགས་མ་བཟོད་ནས་ཐུག་ཆོམ་དང་འོད་དང་ཐུབ་ནས་འཐེན་པ་དང་། མིང་ནས་འབོད་པ་དང་། དེ་ཙམ་ན་འདར་ཡེད་པ་དང་། སྐྱི་ཟིང་བ་དང་། ཤེས་པ་གཅུ་ལོག་པ་འོངས། དེ་ཙམ་ན་བློ་གཉིས་ལ། རང་གི་སེམས་སུ་འདུག་པས་འཆར་ལུགས་ཡིན་སྙམ་དུ་རང་གི་
༢༣སེམས་སུ་ཐག་བཅད་ལ་བཞག་གོ །དེ་ལྟར་བསམ་པ་དང་བློ་བདེ་འབོལ་གྱིས་འགྲོ། །ལུས་དང་སེམས་ཆ་ཆ་ནས་རང་སར་གནས་པ་འབྱུང་ངོ་། །དེ་དྲག་པོ་ལ་ཨ་བ་རང་སེམས་སུ་འདུག་པ་སྙམ་ན་མི་རྟོག་པ་རྗེན་གྱིས་དེ་དུས་ན་འཆར་བར་འགྱུར་རོ། །དེས་ན་ནད་དང་གདོན་དང་རང་ཉིད་གསུམ་ལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དཔྱད་ན་ཡེ་ནས་སྐྱེ་མ་མྱོང་བ་དེ་སྐྱེ་མེད་ཆོས་སྐུ་ཡིན། མ་སྐྱེས་པ་ལ་འགག་རྒྱུ་མེད་པས་འགགས་པ་མེད་པ་དེ་འགགས་མེད་ལོངས་སྤྱོད་རྫོགས་པའི་སྐུ་ཡིན། སྐྱེ་འགག་གིས་སྟོང་པའི་བར་ན་གནས་པ་མེད་པས་གནས་པ་མེད་པ་གནས་མེད་སྤྲུལ་སྐུ་ཡིན། དེ་ལྟར་དུས་གསུམ་གང་ན་ཡང་མ་གྲུབ་པ་དེ་དངོས་པོ་མེད་པས་དངོས་པོ་མེད་པ་དེ་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །དེ་ལྟར་ནད་དང་གདོན་རང་གི་སེམས་གསུམ་ལས་འབྲས་བུ་སྐུ་བཞི་ལོགལོགས་ན་མེད་པས་དངོས་པོ་མེད་པ་དེ་ཉིད་སྐུ་བཞིར་བལྟ་བར་བྱའོ། །དེ་ལྟར་རྟོག་པ་སྐྱེས་ཚད་སྐུ་བཞི་ལག་བཅངས་སུ་གཏོད་ཤེས་པར་བྱའོ། །རྟོག་པ་སྐྱེས་ཚད་ཆོས་ཉིད་ཀྱི་རང་བརྡར་གོ་བར་བྱའོ། །ནད་དང་གདོན་ཐམས་ཅད་སྐུ་དྲིན་ཅན་དུ་བལྟ་བར་བྱའོ། །འདི་ནི་སྐུ་བཞི་ངོ་སྤྲོད་ཀྱི་གདམས་ངག་ཅེས་བྱ་བ་ཡིན་ནོ། །དེས་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་རྐྱེན་ངན་ལམ་དུ་བྱེད་པ་བསྟན་ནོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་གཉིས་བསྒོམས་པའི་རྗེས་སམ་ཤུགས་ལ་རེ་དོགས་གཅོད་པའི་ལྟ་བ་འདི་ལྟར་བསམ་མོ། །འོ་ན་གནོད་བྱེད་འདིས་ང་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ་ལ་བཀོད་ནས་འདུག་པས་འདིས་ང་ལ་བྱང་ཆུབ་ལག་བཅངས་སུ་གཏོད་པར་འདུག་པས་འདི་བཀའ་དྲིན་རེ་ཆེ་སྙམ་དུ་བསམ་མོ། །གཞན་ཡང་རྒྱུ་སྡིག་པ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འདི་ལྟ་བུ་འབྱུང་བ་ཡིན་པས་ཁྱོད་སྡུག་བསྔལ་མི་འདོད་ན་དེའི་རྒྱུ་སྡིག་པ་སྦྱོངས་ཤིག །ཕྱིན་ཆད་སྡིག་པ་སྤོངས་ཤིག་པའི་བྱ་གཏོང་དུ་བྱུང་བ་ཡིན་པས་བཀའ་དྲིན་ཆེ་སྙམ་དུ་
༢༤བསམས་ལ། དེས་ནི་གནོད་བྱེད་འདི་བདག་གཉེན་པོ་དང་བྲལ་ནས་ཉོན་མོངས་པ་སྐྱེས་ནས་མ་ཚོར་འདུག་པ་དེ་སྦྲོན་དུ་བྱུང་བ་ཡིན་པས་འདི་ངེས་པར་བླ་མའི་སྤྲུལ་པ་ཡིན་སྙམ་དུ་སྙིང་ཐག་པ་ནས་དགའ་བར་བལྟའོ། །གཞན་ཡང་གནོད་བྱེད་འདིས་བདག་ལ་སྐྱེ་བ་སྔ་མའི་ལས་ངན་གྱིས་ཕྱི་མ་ལ་ངེས་པར་ངན་སོང་དུ་སྐྱེ་བ་གཅིག་གི་སྡུག་བསྔལ་འདིར་དྲངས་པས་ངན་སོང་གི་གད་ཁ་ནས་བཟུང་ནས་འདུག་པས་འདི་དྲིན་རེ་ཆེ་སྙམ་དུ་བསམ། འོ་ན་འདིས་བདག་ལ་ཕན་པ་དེ་ཙམ་དུ་བསྒྲུབས་ནས་འདི་བླ་མ་དཀོན་མཆོག་གི་ཕྲིན་ལས་པ་གཅིག་ངེས་པར་ཡིན་སྙམ་དུ་བསམས་ལ་འདོད་པ་ཡིད་དུ་འོང་བ་སྙིང་དུ་སྡུག་པར་བལྟའོ། །ན་ཚ་སྡུག་བསྔལ་ལ་ཡོན་ཏན་དེ་ཙམ་ཡོད་པར་བལྟས་ལ་དེ་ཙམ་བསམ་མོ། །དེས་ན་མཛེ་བྱུང་ཡང་ཕྱི་མིའི་སྡུག་བསྔལ་འདྲོངས། ཚེ་འདི་ནི་དར་ཅིག་ཡིན་མཛེ་དང་ན་ཚ་མ་བྱུང་ན་ཚེ་འདིའི་ཤོམ་ར་སྣ་ཚོགས་ཀྱིས་རྒྱུད་གཟིངས་ཤིང་སྡིག་གསོག་བྱེད་པ་འདི་འཕྲོ་རྦད་ཀྱིས་བཅད་དུ་བཅུག་ནས་ཆོས་དང་མཇལ་བས་ལུས་ལ་སྙིང་པོ་ལེན་འཚོང་བ་ཡིན་སྙམ་དུ་བསམས་ལ་མཛེ་དང་ན་ཚ་ལ་སྙིང་ཐག་པ་ནས་བཅོས་མ་མ་ཡིན་པར་དག་པར་བལྟའོ། །གཞན་ཡང་ན་ཚ་སྡུག་བསྔལ་འདིས་བདག་ལ་ངེས་འབྱུང་གི་བློ་བསྐྱེད་པར་འདུག་སྟེ། སྡུག་བསྔལ་མེད་ན་ངེས་འབྱུང་མེད། །ཅེས་སོ། །བདག་གི་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་ངེས་པར་སེལ་བས་ཆོས་རྣམས་ཀྱི་དགོས་པ་བསྒྲུབ་པར་འདུག་པས་ཀྱང་བཀའ་དྲིན་རེ་ཆེ། སྐྱོ་བས་དྲེགས་པ་སེལ་བར་བྱེད། །ཅེས་སོ། །ཡང་ཐེག་ཆེན་གྱི་རྩ་བ་སྙིང་རྗེ་ཡང་འདྲེན་པར་བྱེད་དེ། འཁོར་བ་པ་ལ་སྙིང་རྗེ་སྐྱེ། །ཞེས་སོ། །འོ་ན་སྡུག་བསྔལ་འདིས་བདག་གི་སྡུག་བསྔལ་ཐམས་ཅད་སེལ་བདེ་བ་ཐམས་ཅད་བསྒྲུབ་པར་འདུག་པས་དེས་ན་འདི་བདག་ལ་ཕན་འདོགས་པར་འདུག་པ་ཨང་སྙམ་དུ་བསམ། དེ་ལྟར་བླ་མ་དང་མཁན་པོས་སྡོམ་པ་ཕོག་ཆས་བསྟན་པས་དྲིན་ཆེ་བ་བཞིན་
༢༥དུ་སེམས་ཅན་དང་འབྱུང་པོས་ཀྱང་བྱང་ཆུབ་བསྒྲུབ་པའི་གྲོགས་བྱས་པས་ཐམས་ཅད་ཀྱང་དགེ་བཤེས་སུ་མཉམ་བཀའ་དྲིན་ཆེ་སྙམ་དུ་བསྒོམ་པར་བྱའོ། །བློ་འདི་ལྟར་སྦྱངས་ཤེས་པ་ན་ལུས་ངག་ཡིད་གསུམ་གྱི་རྩོམ་པ་ཐམས་ཅད་དང་དབང་པོའ་ཡུལ་དུ་གྱུར་ཚད་ཐམས་ཅད་ཚོགས་གཉིས་སུ་འགྱུར་བས་འདི་ནས་ཆུད་མི་ཟ་བའི་ཆོས་འབྱུང་ངོ་། །བསྐལ་པ་གྲངས་མེད་གསུམ་གྱི་མགོ་འདི་ནས་བརྩམ་པ་ཡིན་གསུངས། དེས་ནི་བསམ་པ་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བ་བསྟན་ནོ། །སྦྱོང་བ་ཁྱད་པར་ཅན་བསགས་སྦྱོང་གཉིས་ལ་འབད་པས་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །ཅེས་པས་བསྟན་ཏེ། སྡུག་བསྔལ་བྱུང་བ་ན་བདེ་འདོད་ཀྱི་དམིགས་པ་ཤོར་ནས་ཡོང་ངོ་། །དེ་ཙམ་ན་དེས་འདྲེན་པའི་རྐྱེན་བྱས་ནས་འདི་ལྟར་བསྐུལ་དུ་བྱུང་བར་བསམ་སྟེ། སྦྱོར་བ་དང་པོ་ཚོགས་བསགས་པ་ནི། ཁྱོད་སྡུག་བསྔལ་དང་བྲལ་བའི་བདེ་བ་འདོད་ན་བདེ་བ་ཐམས་ཅད་ཀྱི་རྒྱུ་བླ་མ་དང་དཀོན་མཆོག་ལ་དད་གུས་སྒོམས་ཤིག །ཚོགས་གསོག་གཅིག་པའི་སྐུལ་ཤིང་དུ་བྱུང་བ་ཡིན་གྱི་སྙམ་དུ་བསམས་ལ་དཀོན་མཆོག་གི་མཆོད་པ་དགེ་འདུན་ལ་བསྙེན་བཀུར་དང་། འབྱུང་པོ་ལ་གཏོར་མ་དང་། སྐྱེ་བོའ་སྦྱིན་གཏོང་རྒྱ་ཆེ་བར་བྱས་ལ་རེ་དོགས་འགོག་པའི་གསོལ་བ་གདབ་སྟེ། བླ་མ་དཀོན་མཆོག་ལ་མཎྜལ་དང་མཆོད་པ་འབུལ། དད་གུས་སྒོམ་སྐྱབས་འགྲོ་དང་སེམས་བསྐྱེད་བྱ་གསོལ་བ་བཏབ་སྟེ་བདག་གིས་ནི་མི་ཤེས་པས་ཁྱོད་ཀྱིས་ཇི་ལྟར་ལེགས་པར་མཛོད་ཅིག་ཅེས་དགའ་དུང་པའི་གསོལ་བ་གདབ་སྟེ། ན་བ་ལེགས་ན་ན་བར་གསོལ། །སོས་པ་ལེགས་ན་སོས་པར་གསོལ། །ཤི་བ་ལེགས་ན་ཤི་བར་གསོལ། །ཚེ་རིང་ལེགས་ན་ཚེ་རིང་གསོལ། །ཚེ་ཐུང་ལེགས་ན་ཚེ་ཐུང་ཤོག །ཐམས་ཅད་བྱང་ཆུབ་སྐལ་ལྡན་ཤོག །ཅེས་བྱའོ། །
༢༦སྦྱོར་བ་གཉིས་པ་སྡིག་པ་སྦྱོར་བ་ནི། ཡང་ཁྱེད་སྡུག་བསྔལ་འདི་མི་འདོད་ན་རྒྱུ་སྡིག་པ་སྤོངས་ཤིག་པའི་བྱ་གཏོང་དུ་བྱུང་བ་ཡིན་སྙམ་དུ་བསམས་ལ། སྟོབས་བཞིའི་སྒོ་ནས་སྡིག་པ་སྦྱོང་བ་ལ་འབད། དཀོན་མཆོག་གི་སྤྱན་སྔར་བཟོད་གསོལ་དང་བཤགས་པའི་ཆོ་ག་རྒྱས་པ་རྣམས་ཀྱང་བྱའོ། །སྦྱོར་བ་གསུམ་པ་གདོན་ལ་མཆོད་པ་གནོད་བྱེད་ལ་གཏོར་མ་བྱིན་ལ་བློ་ལ་བཏུབ་པ་རྣམས་ཀྱིས་འདི་ལྟར་བྱ། གནོད་བྱེད་མདུན་དུ་བཀུག་ལྷར་བསམས་ལ་ཁྱོད་ཀྱིས་བདག་བྱང་ཆུབ་ཀྱི་སེམས་གཉིས་ལ་བཀོད། བདག་གི་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་གྲོགས་བྱས་པས་བཀའ་དྲིན་ཆེ་སྟེ། ད་དུང་ཡང་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་བདག་གི་ནད་འདིའི་སྟེང་དུ་སྨིན་པར་མཛད་དུ་གསོལ། ཁྱེད་གཞན་དུ་མི་གཤེགས་པར་བདག་གི་ལུས་འདི་ལ་བཞུགས་ལ་ནད་འདི་མི་དྲག་པར་འདིར་ཡུན་རིང་དུ་སྦྱོང་བར་མཛད་དུ་གསོལ། །ཞེས་བྱའོ། །ལུས་སེམས་བདེ་འབོལ་བཏང་ལ་རེ་དོགས་དང་བདེ་འདོད་ཀྱི་རྟོག་པ་རྦད་ཀྱིས་བཅད་ལ་བཞག་གོ །སྙིང་ཐག་པ་ནས་ཉམས་ང་བར་མི་བྱ་བར་དོན་དུ་གཉེར་བའི་དགའ་བ་ཁྱད་པར་ཅན་བྱའོ། །དེ་ལྟར་མི་ནུས་པས་ཆེད་དུ་གཏད་པའི་བྱམས་པ་དང་སྙིང་རྗེ་བསྒོམ། བདག་སེམས་ཅན་གྱི་དོན་བྱེད་པ་ལ་ཁྱོད་ཀྱིས་བར་ཆད་བྱས་པས་ཁྱོད་སྐྱེ་བ་ཕྱི་མ་ལ་དམྱལ་བར་སྐྱེ་བར་འགྱུར་བ་ཡིན། །ངས་ཟང་ཟིང་དང་ཆོས་ཀྱིས་ཕན་གདགས་པར་བྱའོ་ཁྱོད་ཀྱིས་གནོད་པ་མ་བྱེད་པར་སོངས་ཤིག་བྱས་ལ་བདེན་པ་བརྡར་རོ། །གནོད་བྱེད་ལྟར་སེམས་པ་ནི་མི་ངན་རྒྱལ་པོའ་གདན་སར་བཞག་པ་དང་འདྲ་སྟེ་གནོད་པ་བྱེད་པར་བྱེད་མི་ནུས་དེ་ཡང་ལུགས་གཅིག་ཡིན། སྦྱོར་བ་བཞི་པ་ཆོས་སྐྱོང་ལ་མཆོད་གཏོར་མ་ཕུལ་ལ་བསྒྲུབ་པ་ལ་བར་ཆད་མི་འབྱུང་བར་
༢༧མཛད་དུ་གསོལ། ཇི་ལྟར་སངས་རྒྱས་ཀྱི་སྤྱན་སྔར་ཞལ་གྱིས་བཞེས་ཤིང་དམ་བཅས་པ་དྲན་པར་མཛོད་ཅིག་ཅེས་གསོལ་བ་བཏབ། དེ་ལྟར་ལྷ་དང་བླ་མ་ལ་མཆོད་པ་འབུལ་ཞིང་གསོལ་བ་གདབ་པ་དང་། སྡིག་པ་སྦྱང་བ་དང་། གདོན་ལ་མཆོད་པ་དང་། ཆོས་སྐྱོང་ལ་མཆོད་པ་དང་། ཆོས་བཞི་པོ་དེ་ལ་འབད་པས་བསླབ་པར་བྱའོ། །དེས་རྐྱེན་ངན་ལམ་དུ་བྱེད་པའི་དངོས་གཞི་བསྟན་ནས་ད་ནི་དེའི་ཐུན་མཚམས་ཀྱི་རྣལ་འབྱོར་བསྟན་པ་ནི། འཕྲལ་ལ་གང་ཐུག་བསྒོམ་དུ་སྦྱར། །ཅེས་པའོ། །གློ་བུར་དུ་རྐྱེན་ངན་བྱུང་བ་ན་བྱང་ཆུབ་གྱི་སེམས་འཕྲལ་འཕྲལ་དུ་སྦྱངས་ཏེ། མཛེ་དང་། ལྷོག་རྒོད་དང་། ཁྲོམ་རྡུང་དང་། བརྡུང་བཙོག་དང་། ནོར་འཕྲོག་པ་དང་། མཚོན་བརྒྱབ་པ་དང་། མཐུན་རྐྱེན་མ་འཛོམ་པ་ལ་སོགས་པ་མདོར་ན་མི་མ་ཡིན་གྱི་གནོད་པ་དང་སྡུག་བསྔལ་དྲག་པོ་བསྲན་མི་བཟོད་པ་བྱུང་ན་འཇིག་རྟེན་གྱི་ཁམས་ན་ཡང་འདི་ཁོ་ན་འདྲ་བ་དཔག་ཏུ་མེད་པ་ཡོད་པས་སྙིང་རྗེ་སྙམ་དུ་བསམས་ལ། དེ་ཐམས་ཅད་བློས་འུབས་ཀྱིས་རང་གི་སྡུག་བསྔལ་དེའི་སྟེང་དུ་བླངས་པས་སྔར་བས་ཆེ་བ་སྙིང་འགས་པ་ཙམ་དུ་བསམ། དེ་འདྲོག་ལ་གནོད་བྱེད་འདིས་བདག་གི་བྱང་སེམས་སྦྱངས་པ་དང་བཟོད་པ་བསྒོམ་པའི་བླ་མ་བྱས་བཀའ་དྲིན་ཆེ་སྙམ་དུ་བསམ། སྡུག་བསྔལ་དེ་དག་གཞན་འདུག་པ་མཐོང་ནས་འཕྲོག་ལ་ཡང་རང་གིས་འཕྲལ་ལ་བླང་བར་བྱའོ། །ཡང་ཆགས་སྡང་གི་ཉོན་མོངས་པ་དྲག་པོ་བསྲན་མི་བཟོད་པ་སྐྱེས་པ་ན་སྔ་མ་བཞིན་བསམས་ལ་གཞན་གྱི་བླང་ངོ་། །བདེ་འདྲོག་ལ་གཞན་དེ་དག་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ནས་བདེ་བ་དང་ལྡན་པར་བསམ་མོ། །རྐྱེན་ངན་བྱང་ཆུབ་ཏུ་བྱ་བ་ཐམས་ཅད་ཀྱིས་རེ་དོགས་རྣམ་པ་གཉིས་འགེགས་པ་ཡིན། དེ་གཉིས་མ་ཁེགས་རིན་ལ་རྐྱེན་ངན་ལམ་དུ་ཁྱེར་མི་ནུས་སོ། །མཐར་ཐུག་རེ་དོགས་དང་བྲལ་བའི་ལམ་ལ་སྐྱེལ་ཡང་ད་ལྟའི་
༢༨དུས་ན་དགྲ་ཟིན་གཉིས་སུ་སྦྱོང་བ་ནི་ཤིང་འཁྱོག་པོ་བསྲོང་བ་དང་འདྲའོ་ཞེས་གླང་རི་ཐང་པས་གསུངས་སོ། །བཞི་པ་ཚེ་གཅིག་གི་ཉམས་ལེན་དལ་ནས་བསྟན་པ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། སྟོབས་ལྔ་དག་ལ་སྦྱར་བར་བྱ། །ཞེས་པའོ། །འདི་ཉིད་ཀྱི་རྣལ་འབྱོར་པས་བློ་སྦྱོང་ཐམས་ཅད་སྟོབས་ལྔར་མདོར་བསྡུས་པ་སྦྱང་བར་བྱའོ། །དང་པོ་འཕེན་པའི་སྟོབས་ནི། དེ་ནས་སངས་མ་རྒྱས་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་ཞིང་སྦྱང་འཕྲོ་མི་འཆད་པར་བྱ། མ་ཤི་བར་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་བར་བྱ། ལོ་འདི་དང་ཟླ་བ་འདིའི་ངོ་བོ་ལ་སོགས་སུ་བྱིན་གྱིས་བརླབ་བོ། །དེ་ལྟར་བློ་ཡིས་འཕེན་པ་ཆེན་པོ་ཡང་དང་ཡང་དུ་བྱའོ། །གོམས་པའི་སྟོབས་ནི་བྱང་ཆུབ་ཀྱི་སེམས་གཉིས་པོ་དུས་ཐམས་ཅད་དུ་མ་ཡེངས་པར་བསྒོམ་པའོ། །དཀར་པོ་ས་བོན་གྱི་སྟོབས་ནི་ཐུན་མཚམས་རྣམས་སུ་ཆོས་འདི་ཉིད་བློ་ལ་མ་སྐྱེས་པ་དང་སྐྱེ་བ་དང་སྐྱེས་པ་འཕེལ་བའི་ཆེད་དུ་དམིགས་པ་ཆོས་སྤྱོད་བཅུ་ལ་སོགས་པ་བསོད་ནམས་ཀྱི་བྱེ་བྲག་ལ་སོགས་ལུས་ལོངས་སྤྱོད་གང་བླབ་ཆེ་བས་བར་མ་ཆད་བར་འབད་པར་བྱའོ། །སུན་འབྱིན་པའི་སྟོབས་ནི་བདག་འཛིན་དངོས་སུ་སུན་འབྱིན་པ་སྟེ། ཐོག་མ་མེད་པའི་དུས་ནས་སྤྱིར་འཁོར་བ་མཐའ་མེད་སྒོས་ངན་སོང་གསུམ་དུ་ཇི་ལྟ་བུ་འཁྱམས་ཏེ། དེ་ཡང་བདག་གཅེས་པར་འཛིན་ཞིང་རང་བདེ་བ་འདོད་པ་འདིས་བསྐྱེད་པ་ཡིན། ཚེ་འདི་ལ་ཡང་མི་འདོད་པ་ཇི་སྙེད་ཅིག་པ་དང་། བཟང་མི་རྣམས་ལ་འགྲོགས་མི་ཤེས་པ་དང་། ཁས་བླངས་དམ་བཅས་ཀྱི་གཞུང་མ་བསྲངས་པ་དང་། དལ་འབྱོར་ནས་བདག་མེད་ཀྱི་བར་གྱི་ཆོས་རྣམས་རྒྱུད་ལ་སྐྱེད་མ་འདོད་པ་ཡང་བདག་གཅེས་པར་འཛིན་ཅིང་རང་བདེ་བར་འདོད་པ་འདིས་ལེན་པས་འདི་ལ་ཉེས་པ་ཐམས་ཅད་བསྟེན་ནོ། །ད་ནི་འདིའི་དོན་སྐད་ཅིག་ཀྱང་མི་འགྲུབ་པས་འདི་གཏན་བརླག་ལ་བཏང་དགོས་སྙམ་
༢༩དུ་བལྟས་ལ་འདི་ལ་དགྲར་བཟུང་བར་བྱའོ། །སྨོན་ལམ་གྱི་སྟོབས་ནི། དགེ་སྦྱོར་ཐམས་ཅད་ཀྱི་གཤམ་དུ་ཡང་དུས་ད་ནས་སངས་མ་རྒྱས་ཀྱི་བར་དུ་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མི་འབྲལ་ཞིང་སྦྱོང་བར་གྱུར་ཅིག །རྐྱེན་བཟང་ངན་ཅི་བྱུང་བ་ཐམས་ཅད་ཀྱང་ཆོས་འདིའི་ཕྱོགས་སུ་ཁྱེར་ཤེས་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །བླ་མ་དང་དཀོན་མཆོག་ལ་མཆོད་པ་འབུལ། ཆོས་སྐྱོང་དང་འབྱུང་པོ་ལ་གཏོར་མ་དབུལ་ཞིང་བདག་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མི་འབྲལ་བར་མཇལ་བར་མཛད་དུ་གསོལ། ཆོས་འདི་སྟོན་པའི་བླ་མ་དམ་པ་དང་མཇལ་བར་གྱུར་ཅིག་ཅེས་གསོལ་བ་བཏབ་བོ། །ཐམས་ཅད་ཧཱུྃ་གཅིག་ཏུ་དྲིལ་བའི་ཆོས་ཡིན་གསུངས། ཐེག་ཆེན་འཕོ་བའི་གདམས་ངག་ནི། སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། དེ་ལྟར་ཚེ་ཧྲིལ་པོ་བློ་སྦྱོངས་པའི་གང་ཟག་དེ་འཆི་ནད་ཀྱིས་ཐེབས་ནས་འཆི་བར་ཤེས་པ་ན་དེ་ཁོ་ནས་ཉམས་སུ་ལེན་པའི་ཆོས་དེ་ཉིད་ཀྱིས་འཆི་ཁ་མའི་མན་ངག་ཀྱང་བྱེད་དགོས་པ་དེ་ཉིད་ཀྱི་ངང་ལ་འཕོ་དགོས་པ་ཡིན་ཏེ། སྔགས་ལ་སོགས་པ་གཅིག་ད་ཙམ་ན་ཉམས་སུ་བླང་བར་མི་ནུས་པས་སྟོབས་ལྔ་ཉིད་ལ་བརྟེན་ཏེ་འཕོ་བར་བྱའོ། །དང་པོ་དཀར་པོ་ས་བོན་གྱི་སྟོབས་ཀྱི་ལག་ལེན་བྱ་སྟེ། ཡོ་བྱད་རྣམས་བླ་མ་དང་དཀོན་མཆོག་ལ་སོགས་པ་ལ་སྤོང་དག་བྱ། ཞེན་པ་སྐྱེ་བའི་ཡུལ་ལ་སྦྱིན་དུ་མི་རུང་། ཤུལ་དུ་ཡང་སྡིག་ཅན་དུ་མི་འགྱུར་ཙམ་དུ་ཤོམ་པར་བྱ། མཆོད་གནས་རྣམས་ལ་མཆོད་པ་བཟང་བར་དབུལ། །དྲིན་ཆེན་ལ་ནོར་གྱི་དོང་པོ་སྦྱིན་དུ་མི་རུང་ངོ་། །དེ་ནས་ཚེ་འདིའི་དངོས་པོ་ལ་མ་ཆགས་ཤིང་ཕྱི་མར་མི་འཇིགས་པའི་བློ་བསྐྱེད་དོ། །དེ་ནས་སྨོན་ལམ་གྱི་སྟོབས་ནི་དཀོན་མཆོག་གི་སྤྱན་སྔར་མཆོད་པ་བཟང་དུ་བཤམས་ལ་བཟོད་པར་གསོལ་བ་
༣༠དང་བཤགས་པ་བྱ། སྐྱབས་འགྲོ་ལ་སོགས་པའི་ཁས་བླངས་དམ་བཅས་པ་བསྐྱར་བར་བྱ། དེ་ནས་དཀོན་མཆོག་ལ་མཆོད་པ་ཕུལ། ཆོས་སྐྱོང་ལ་གཏོར་མ་ཕུལ་ལ་བདག་བར་དོ་དང་སྐྱེ་བ་ཕྱི་མར་བྱང་ཆུབ་ཀྱི་སེམས་གཉིས་དྲན་ནས་ཉམས་སུ་ལེན་པར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་འདི་སྟོན་པའི་བླ་མ་དམ་པ་དང་མཇལ་བར་མཛད་དུ་གསོལ། བདག་གི་བདེ་བའི་ལམ་སྣ་དྲང་དུ་གསོལ། ད་ནི་ཁྱེད་རང་ལ་རེ་བ་ཡིན་ནོ། །ཞེས་ལམ་སྣ་འདྲེན་པའི་གསོལ་བ་དྲག་ཏུ་བཏབ་བོ། །དེ་ནས་བདག་ལ་བར་དོར་བྱང་ཆུབ་ཀྱི་སེམས་གཉིས་དྲན་པར་གྱུར་ཅིག །སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བར་གྱུར་ཅིག །ཆོས་འདི་སྟོན་པའི་བླ་མ་དམ་པ་དང་མཇལ་བར་གྱུར་ཅིག །ཅེས་སྨོན་ལམ་ཡང་ཡང་དུ་བཏབ་བོ། །དེ་ནས་སུན་འབྱིན་པའི་སྟོབས་ནི། ཐོག་མ་མེད་པའི་དུས་ནས་སྡུག་ཏུ་འཇུག་མཁན་ཡང་ང་དང་བདག་ཏུ་འཛིན་མཁན་འདི་ཡིན་ད་ལྟའི་སྡུག་བསྔལ་འདི་ཡང་འདིས་བསྐྱེད་པ་ཡིན། ད་དུང་ཡང་འདི་དང་མ་བྲལ་རིང་ལ་བདེ་བ་མེད་པས་འདི་ཇི་ལྟར་བྱས་པས་བརླག་ཏུ་གཞུག །འདི་ཐམས་ཅད་ལུས་བཟུང་བས་ལེན་ནས་འདུག་པས་ད་ངེས་པར་བར་དོར་ལུས་ཡེ་མི་བླངབླངས་དགོས། སེམས་ནི་ནམ་མཁའ་ལ་ཡལ་དུ་གཞུག་དགོས་སྙམ་དུ་ཡང་ནས་ཡང་དུ་བསམ། བདག་འཛིན་སུན་ཕྱུང་བར་བྱའོ། །དེ་ནས་འཕེན་པའི་སྟོབས་ནི་སྔར་བྱང་སེམས་གཉིས་སྤེལ་ཞིང་རྒྱུན་མ་ཆད། ངས་བར་མ་དོར་བྱང་ཆུབ་ཀྱི་སེམས་གཉིས་དྲན་པར་བྱས་ལ་སྦྱང་བར་བྱའོ་སྙམ་དུ་ཡང་དང་ཡང་དུ་དྲན་པར་བྱའོ། །དེ་ནས་གོམས་པའི་སྟོབས་ནི། སྔར་བྱང་སེམས་གཉིས་རྒྱུན་མ་ཆད་པར་སྦྱངས་པ་འདི་གཙོ་བོ་ཡིན་ཏེ། དེ་ནས་འཆི་ཁར་སོང་བ་ན་ངོས་གཡས་ས་ལ་ཕབ་ལག་པ་གཡས་པས་འགྲམ་པ་བརྟེན་པའི་མཐིའུ་ཆུང་གིས་སྣ་བུག་གཡས་པ་བཀག་ལ་གཡོན་པ་དབུགས་རྒྱུ་བར་བྱའོ། །
༣༡སྤྱོད་ལམ་གྱི་འཕོ་བ་ཡིན་ནོ། །དེ་ནས་བྱམས་པ་སྔོན་དུ་འགྲོ་བས་དབུགས་ཕྱིར་འགྲོ་ནང་འགྲོ་ལ་བརྟེན་ནས་གཏོང་ལེན་རྣམ་པ་གཉིས་སྦྱང་བར་བྱའོ། །ཡང་དེའི་མོད་ལ་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པ་ནི་འཁོར་འདས་རང་གཞན་ཐམས་ཅད་སེམས་འཁྲུལ་པའི་རྩ་བ་ཡིན། སེམས་ནི་ཡེ་ནས་ཆོས་སྐུའི་ངོ་བོ་ཉིད་ལས་མ་གཡོས་སྙམ་དུ་དོན་ལ་འཆི་བ་བྱ་བ་རང་ཡང་མ་གྲུབ་པར་འདུག་ཨང་སྙམ་དུ་བསམ། དེ་གཉིས་སྤེལ་ཞིང་ཉམས་སུ་ལེན་པའི་འཕྲོལ་འཆི་བར་བྱའོ། །དེ་ཡང་མི་ནུས་པ་འདྲ་ན་སེམས་ཉིད་མ་བཅོས་པ་ཆོས་སྐུ་གཉུག་མའི་དོན་དེ་ལ་འཁོར་འདས་གཉིས་སྤང་བླང་དུ་མ་གྲུབ་པའི་གཤིས་དེ་མངོན་དུ་བྱས་ལ་ཆོས་ཉིད་ཀྱི་ངང་དུ་ལྷོད་ཀྱིས་ཀློད་ལ་སེམས་ཀྱི་ཆོས་ཉིད་གཡོ་བ་མེད་པའི་ངང་ལ་བཞག་གོ །དེ་ནས་ཅུང་ཞིག་དྲན་པ་སྟོར་ནས་འཆིར་མ་བཏུབ་ཀྱང་འཆི་ཁའི་གདམས་ངག་དང་བཅས་ནས་འཆི་བ་ཡིན་ནོ། །འཆི་ཁའི་གདམས་ངག་ལ་འུད་ཆེ་བ་མང་སྟེ། འདི་ལས་ངོ་མཚར་ཆེ་བ་ནི་མེད་གསུངས་སོ། །དེ་རྣམས་ཀྱིས་ལམ་གྱི་སྐོར་མ་ཚང་བ་མེད་པ་བསྟན་པའོ། །ལྔ་པ་བློ་འབྱོངས་པའི་ཚད་བསྟན་པ་ནི། །ཆོས་ཀུན་དགོངས་པ་གཅིག་ཏུ་འདུས། །ཞེས་པས་བསྟན་ཏེ། བཀའ་བསྟན་བཅོས་རྣམས་གསུངས་པའི་དགོས་པ་ནི་བདག་འཛིན་འདུལ་བའི་ཆེད་དུ་གསུངས་པས་ཐོས་བསམ་སྒོམ་གསུམ་གྱིས་བརླག་པར་བྱ་རྒྱུ་དེ་གང་ཟག་གི་བདག་བརྟག་ན་རི་བོང་གི་ར་ལྟ་བུ་ཅང་མེད་འདི་ཡིན་པས་ཐོག་མ་མེད་པ་ནས་འདིས་སྡུག་ཏུ་བཅུག་པ་ཡིན་པས་ད་རང་གི་ལུས་ངག་ཡིད་གསུམ་གྱི་བརྩོན་པ་ཐམས་ཅད་འདིའི་གསོལ་འདེབས་སུ་འདུག་གམ་སྨ་འདེབས་སུ་འདུག་རྟོག་དཔྱོད་གྱིས་དང་། གསལ་འདེབས་སུ་འདུག་ན་ཆོས་བརྒྱད་དང་ཚེ་འདིའི་ཆེ་ཐབས་དང་འདོད་བསྒྲུབ་པར་འདུག་ན་བཙུན་པར་ཁྲིམས་བསྲུངས་ཀྱང་པ་ཆོས་ནོར། ཐོས་བསམ་སྒོམ་གསུམ་ལ་བློ་སྦྱོངས་ཀྱང་ཆོས་ནོར། སྨ་འབེབས་
༣༢སུ་འདུག་ན་བཙུན་པར་ཚུལ་ཁྲིམས་བསྲུངས་པ་དང་མཁས་པར་སྦྱངས་པའི་དགོས་པ་དེ་ཡིན། དེ་བཞིན་དུ་བློ་སྦྱོང་རྒྱུད་ལ་གཤའ་མར་སྐྱེས་ཏེ་ཆོས་ཀྱི་ལྡང་ཚད་དུ་ལོངས་པ་ཡིན་ནོ། །ཆོས་ཆོས་སུ་སོང་མ་སོང་གི་ལྟས་འདི་ཀ་ཡིན་པས་འདིས་ནི་ཆོས་པ་སྲང་ལ་འཇལ་བའི་ཁུལ་ལེ་རིང་མོ་ཡིན་གསུངས། དེ་ནས་ལུས་ངག་ཡིད་གསུམ་གྱི་རྩོལ་བ་ཐམས་ཅད་བདག་འཛིན་གྱི་གཉེན་པོར་འགྲོ་བར་བསླབ་པར་བྱའོ། །དཔང་པོ་གཉིས་ཀྱི་གཙོ་བོ་བཟུང་། །ཞེས་པ་ནི་གཞན་དག་ན་རེ། ཇོ་བོ་རྗེ་རྒྱུད་པ་ལ་ཆུ་ནང་ནས་དྲང་བ་བཞིན་རྒྱུད་འཇམ་ལྡབ་སོང་འདུག །ཆོས་གཤའ་མ་རྒྱུད་ལ་སྐྱེས་འདུག་ཆོས་པ་གཤའ་མ་དེ་ཀུན་ལ་ཟེར་བ་ཡིན་ཟེར་ནས་དམ་པར་འཛིན་པ་གཞན་གྱིས་མ་ཁྲེལ་བ་དེ་ཡང་དཔང་པོ་གཅིག་ཡིན་འོན་ཀྱང་དེ་གཙོ་བོར་མི་བཟུང་སྟེ། ཅི་སྟེ་ན། གཞན་དག་གིས་བདག་གི་སྤྱོད་ལམ་ལེགས་པ་སྣ་རེ་མཐོང་བ་དང་རང་མགུ་བ་སྣ་རེ་བྱས་པ་ལ་བསྟོད་པས་ན་གཞན་གྱིས་བདག་གི་གཏིང་མི་རྟོགས་པས་སོ། །འོ་ན་གང་གཙོ་བོ་ཡིན་ན་རང་གིས་མ་ཁྲེལ་བ་གཅིག་བཟུང་སྟེ་རང་གི་དད་པ་དང་ཤེས་རབ་དང་བརྩོན་འགྲུས་ཀྱི་ནུས་པ་ཡོད་ཚོད་ཀྱིས་ཉམ་ཆུང་ལ་རྒྱུ་མ་འབུད་ཅིང་ཁོང་ཁྲག་ཆུས་བཤལ་བ་གཅིག་འབུངས་ནས་ད་ནི་དོ་ནུབ་ཁོ་ནར་འཆི་ཡང་ང་ལ་དེ་ལས་སྐྱེད་འདོན་རྒྱུ་མེད་བསམ་པ་གཅིག་དགོས་སོ། །དེ་ཙམ་ན་བསྒྲུབ་པའི་ཉམས་ལེན་ཚད་དུ་ལོངས་པ་ཡིན་པས་རང་གིས་མ་ཁྲེལ་བ་དེ་དཔང་པོའ་གཙོ་བོར་བཟུང་ངོ་། །ཡིད་བདེ་འབའ་ཞིག་རྒྱུན་དུ་བརྟེན། །ཞེས་པས་སྔར་ནས་བློ་སྦྱངས་པས་ཆོས་ཀྱི་རོ་མྱང་བར་བྱས་ནས་རྐྱེན་ངན་ཅི་བྱུང་ཡང་གཉེན་པོ་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པས་ཆོག་གི་སྙམ་ནས་བློ་མི་བདེ་བ་མི་འོང་བས་དེ་འདྲས་མི་སྡིགས་པར་འདུག་པ་དེ་ཡང་བློ་འབྱོངས་པའི་ཚད་ཡིན་ནོ། །ཡང་འཇིག་རྟེན་ན་འདོད་པ་དང་མི་འདོད་པའི་ཆོས་བཞིན་ཡོད་པ་ལས། མི་འདོད་པའི་ཆོས་
༣༣བཞི་ལ་འདོད་ཐོག་ཏུ་བློ་སྦྱངས་པས་ཐམས་ཅད་འདོད་པའི་ཆོས་ཤ་དགསྟག་ཏུ་སོང་ནས་འཕྲང་དང་གེགས་ཅི་ཡང་མེད་པ་འབྱུང་བས་དུས་ནམ་ཡང་བློ་བདེ་བའི་ཉམས་དང་ཁང་བུ་རྡིབ་པར་མི་འགྱུར་རོ། །དེ་ཡང་བློ་འབྱོངས་པའི་ཚད་གཅིག་ཡིན། ཡང་གཏོང་ལེན་གཉིས་པོ་འབྱོངས་པ་ན་ལུས་སེམས་ལ་སྡུག་བསྔལ་ཅི་བྱུང་ཡང་སྔར་ནས་གཞན་གྱི་བླངས་པ་དེ་ད་གྲུབ་སྙམ་དུ་སླར་ཡང་དགའ་བ་ཁྱད་པར་ཅན་འབྱུང་ངོ་། །མདོར་ན་མི་འདོད་པ་ཅི་བྱུང་ཡང་མི་དགའ་བ་མེད་པར་རང་གི་བློ་སྦྱོང་གི་གྲོགས་སུ་འགྲོ་ཡིན་འདུག་ན་བློ་འབྱོངས་པའི་ཚད་ཡིན་ནོ། །དེ་ཙམ་ན་གཉེན་པོ་གདིང་ཚད་དུ་ལོངས་པ་ཡིན་ནོ། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། རྟ་པ་རྩལ་ཅན་ཡེངས་ཀྱང་རྟ་འགྲོགས་ཀྱང་མི་ལྷུང་བ་བཞིན་དུ་བློ་འབྱོངས་པ་ན་མ་དཔྱད་པའི་ས་ནས་བརྙས་ཐབས་དང་བསྐུར་པ་འདེབས་པ་ལ་སོགས་པ་རྐྱེན་ངན་ཅི་བྱུང་ཡང་གཉེན་པོས་ཀྱང་གློ་བུར་ཐུབ་པར་བྱས་ནས་ཕྱིར་ལ་བྱང་སེམས་ཀྱི་གྲོགས་སུ་འགྲོ་བར་འདུག་གི་རྐྱེན་ངན་གྱི་དབང་དུ་མི་འགྲོ་བར་འདུག་ན་བློ་འབྱོངས་པ་ཡིན་ནོ། །ཡང་འཆི་བ་ནམ་ཡོང་ཆ་མེད་པས་གློ་བུར་དུ་བྱུང་ན་ང་ལ་བྱ་ཐབས་དེ་ལས་མེད། ཆོས་འདི་བདེན་འདུན་མ་བཟང་པོར་སོང་སྙམ་ནས་བློ་བདེ་འབོལ་ལེ་བྲོང་ཏིང་ངེ་བ་གཅིག་ནམ་འཆི་ཡང་གློ་བུར་ཐུབ་པར་བྱའོ། །འབྱོངས་པའི་རྟགས་དེ་རྣམས་དང་ལྡན་ན་ནད་དང་གདོན་ཐམས་ཅད་ཀྱང་ནང་དུ་རྟོགས་པ་འཕེལ་བའི་གྲོགས་སུ་འགྱུར་རོ། །དེ་ནས་སྦྱོང་མི་དགོས་ཟེར་བ་ནི་མ་ཡིན་ཏེ། སྤང་བྱ་སྤོང་བའི་གཉེན་པོར་ལྡང་ཚད་དུ་ལོངས་པའི་ཚད་ཙམ་དུ་བསྟན་པའོ། །དྲུག་པ་བློ་སྦྱོང་གི་དམ་ཚིག་བསྟན་པ་ནི། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། བློ་སྦྱོང་ཁས་བླངས་དང་མ་འགལ་བ། བློ་སྦྱོང་ཐོ་ཅོར་མ་སོང་བ། བློ་སྦྱོང་ཕྱོགས་རེ་བར་མ་སོང་བའོ། །དང་པོ་ནི་འུ་བུ་བློ་སྦྱོང་བ་ལགས་པས་འདི་ཀུན་གྱིས་ནི་
༣༤གནོད་ཟེར་ནས་བཅས་པ་ཕྲེན་ཚོགས་ཁྱད་དུ་གསོད་པ་ལ་སོགས་ལས་རྒྱུ་འབྲས་ལ་མ་གུས་པ་དང་། བློ་སྦྱོང་འདི་ཡོད་ན་གཞན་ཅི་ཡང་མི་དགོས་ཟེར་ནས་སྤྱིའི་ལག་ལེན་དང་འགལ་བ་ཐམས་ཅད་དོར་རོ། །བསམ་པས་བློ་སྦྱོང་ཞིང་སྦྱོར་བས་ཀཱ་རི་ཀཱ་ནས་རྡོ་རྗེ་ཐེག་པའི་བར་གྱི་ཁས་བླངས་དང་དམ་བཅས་པ་གང་ཡིན་པ་གཙང་བར་བསྲུང་བར་བྱའོ། །ལག་ལེན་དང་འཕྲལ་གྱི་རྣམ་ཐར་སྡེ་སྣོད་དང་མཐུན་པར་ཞུ་དག་བྱར་བཏུབ་པར་བྱའོ། །གཉིས་པ་ནི་གཉན་སར་ཉལ་བ་དང་། ཤིང་གཉེན་བཅད་པ་དང་། འགོ་བའི་ནད་ཡོད་སར་འགྲོ་བ་དང་། དམ་ཉམས་དང་མཛེ་ཕོ་ལ་སོགས་འདྲེ་ཅན་དང་འགྲོགས་པའི་ཐོ་ཅོ་ཐམས་ཅད་སྤངས་ལ་དགེ་བཤེས་སྟོན་པས་རྭ་སྒྲེང་དུ་བསྟན་པའི་སྲོལ་ཆེན་པོ་བཙུག་པའི་བཀའ་གདམས་ཀྱི་རྣམ་པར་ཐར་པ་དང་མི་འགལ་བར་བྱས་ལ་ཆོས་གྲུ་བཞིར་ཉམས་སུ་བླངས་དགོས་སོ། །ཤ་བོ་པའི་ཞལ་ནས་ནོར་ས་གཞི་ནོར་ནས་ཆོས་ཐོ་ཅོར་སོང་ན་ནོར་ཞེས་བཤད། དམ་ཉམས་དང་འཆལ་བ་དེ་དང་སྡིག་ཅན་ཐམས་ཅད་དང་བསྲེ་བསླད་སྤང་ཞིང་སྤྱོད་པ་ཐམས་ཅད་ཐོ་ཅོར་མ་སོང་བར་བྱའོ། །གསུམ་པ་ནི་ཤེས་གཅིག་གིས་མིའི་གནོན་པ་བཟོད་ཀྱང་མི་མ་ཡིན་གྱི་གནོད་པ་མི་བཟོད་དེ་འདྲེ་རྟོག་ཆེ་བ་དང་དེ་ལས་བཟློག་པས་སོ། །ལ་ལ་མི་ཆེ་བ་ལ་གུས་ཆུང་ལ་བརྙས་བཅོས་བྱེད། ལ་ལ་ནང་མི་ལ་བྱམས་ཕྱིས་མི་ལ་སྡང་། ལ་ལ་སེམས་ཅན་ལ་སྦྱོང་འབྱུང་བ་ལ་མི་སྦྱོང་། དེ་ཐམས་ཅད་ཕྱོགས་རེ་བར་སོང་བས་ཐམས་ཅད་ལ་ཕྱོགས་རིས་མེད་པར་སྦྱོང་ངོ་། །འདུན་པ་བསྒྱུར་ལ་རང་སོར་བཞག །བསམ་པས་བདག་གཞན་བརྗེ་བ་བསྒོམ་པ་དང་སྐད་ཅིག་ཀྱང་མ་བྲལ་བའི་རྣལ་འབྱོར་དྲན་པར་བྱས་ནས་སྦྱོར་བས་ལུས་ངག་གི་སྤྱོད་པ་རྣམས་སྔར་བས་མ་འགྱུར་བར་སོ་ཐུབ་པར་བྱས་ནས་གཞན་གྱི་རྩར་ངག་ཏུ་མི་འདོན་པར་གཞན་དང་མཉམ་འགྲོགས་བཏུབ་པར་བྱས་ནས་སྔར་གྱི་དགེ་
༣༥སྦྱོར་བྱེད་ཚོད་དང་སྤྱོད་པ་སོ་ཐུབ་བར་སྔར་ལས་མ་འགྱུར་བར་བྱ། འགའ་ཞིག་ཆོས་ཉན་པ་དང་སྔར་གྱི་རྣམ་ཐར་དང་ལག་ལེན་བཞག་ནས་གསར་འགྲོགས་བྱེད་དེ་སྔ་མ་སྤངས་པར་འགྲོ་བ་ཡིན་པས་ཤིན་ཏུ་མི་ལེགས་སོ། །བློ་སྦྱོང་མངོན་ཚན་ཆུང་ལ་དོན་གྱིས་གཅོད་ཆེ་བ་གཅིག་བྱེད་དགོས་གསུངས་པས་གཞན་གྱིས་མ་ཚོར་བར་རྒྱུད་སྨིན་པར་བྱའོ། །ཡན་ལག་ཉམས་པ་བརྗོད་མི་བྱ། །ཞེས་པས་གཞན་སུ་ལའང་འཇིག་རྟེན་གྱི་སྐྱོན་ཞར་བ་འདི་བྱ་བ་དང་། ཆོས་ཀྱི་སྐྱོན་འཆལ་བ་འདི་བྱ་བ་ལ་སོགས་པ་ངག་ཏུ་སྨྲ་མི་རུང་བས་སྤང་བར་བྱའོ། །གཞན་ཕྱོགས་གང་ཡང་མི་བསམ་མོ། །སྤྱིར་སེམས་ཅན་ཐམས་ཅད་སྒོས་ཁྱད་པར་ཆོས་སྒོར་ཞུགས་པ་རྣམས་དང་ཉིད་སྒོས་སུ་རང་གི་ཆོས་ཀྱི་གྲོགས་ཀྱི་སྐྱོན་ལ་བརྟག་ཏུ་མི་རུང་། །ཐ་ན་བདག་བློ་སྦྱོང་བ་ཡིན་པས་སླར་ལ་དགའ་སྟེ་ལར་འདི་འགྲོགས་སུ་མི་བཏུབ་པ་གཅིག་འདུག་སྙམ་ན་ཡང་རང་གི་ཕྱོགས་ནས་བློ་སྦྱོང་བ་ཡིན་པས་གཞན་གྱི་ཕྱོགས་ནས་སྐྱོན་བསམ་པ་ཡིན་པས་མི་རུང་ངོ་། །དབང་མེད་དུ་སྐྱོན་མཐོང་ན་རང་སྣང་མ་དག་པ་ཡིན་ཁོ་ལ་སྐྱོན་མེད་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ནམ་སྙིང་པོ་ཅན་ཡིན་སྙམ་དུ་བསམས་ལ་རང་གི་སྐྱོན་དུ་བརྟག་གོ །འབྲས་བུ་རེ་བ་ཐམས་ཅད་སྤང་། བློ་སྦྱངས་པས་ཚེ་འདིར་མིས་བརྩི་རུ་རེ་བ་དང་། བསྙེན་བཀུར་དང་སྙན་གྲགས་འོང་དུ་རེ་བ་དང་མི་མ་ཡིན་གྱི་གནོད་པ་ལས་ཕན་དུ་རེ་བ་དང་། ཕྱི་མ་མིའི་བདེ་བ་དང་རང་ཉིད་མྱ་ངན་ལས་འདས་པ་ཐོབ་ཏུ་རེ་བ་ཐམས་ཅད་སྤང་ངོ་། ཐ་མ་རང་དོན་དུ་སངས་རྒྱས་པ་ཡང་རེ་བ་མེད་པར་བྱས་ལ་སྦྱོང་ངོ་། །སྒྲུབ་པའི་ཡོན་ཏན་ལ་ཡང་རིངས་པ་དང་རེ་ཆེ་བ་མི་བྱ་བདུད་ཀྱིས་ཤེས་ན་བར་ཆོད་བྱེད་དོ། །འབད་པ་དྲག་ལ་ཡུན་རིང་བཞི་མ་ཁྲེལ་བར་བྱས་ཀྱང་འབྲས་བུ་གང་ཡང་མ་བྱུང་ཡང་སྒྱིད་ལུགས་པར་མི་བྱ། དུག་ཅན་གྱི་ཟས་སྤང་། ཞེས་པ་ནི་བདག་འཛིན་ལ་དགྲར་མི་ལྟ་ལ་
༣༦རང་ལ་གཅེས་འཛིན་མི་བཏང་བར་ཞེ་ཕུགས་སུ་བཅུག་པ་དང་། དངོས་པོ་ལ་བདེན་པར་འཛིན་པའི་བློས་ཆོས་གང་བྱས་ཀྱང་འཁོར་བའི་རྒྱུ་བྱེད་ཅིང་འཁོར་བར་འཆིང་བས་སྡུག་བསྔལ་བསྐྱེད་དེ་ཟས་དུག་ཅན་དང་འདྲ་བས་སྤང་ངོ་། །གཞུང་བཟང་པོ་མི་བརྟེན། ཕ་རོལ་གྱིས་མི་རིགས་པ་བྱས་པ་ལ་མཁོན་དུ་བཟུང་ནས་ནག་ཀ་མ་མེ་བྱེད་པ་དེ་སྤང་ངོ་། །ཤག་ངན་མ་དགོད། ཅེས་པ་ནི་ལས་འགྱེད་ཅི་ལ་བབ་ཀྱང་གཞན་གྱི་སྙིང་ལ་གཟེར་ཞིང་དང་ཁ་ལོག་པའི་ཤག་ངན་མི་གདབ། །ཉེ་རིང་བཟང་ངན་སུ་ལ་ཡང་ལན་མ་ལན་གང་ཡིན་ཀྱང་ཚིག་ངན་སྨྲ་བ། ངག་རྩུབ་མོ་དྲག་པོ་སྨྲ་བ་སྤང་ངོ་། །འབྲང་མ་སྒུག །ཅེས་པ་ནི་གཞན་གྱི་གནོད་པ་བྱས་པ་དེ་ཞེ་ལ་བཞག་ནས་ལན་པོ་འགྲུབ་པའི་དུས་ན་འཇལ་བ་དེ་སྤང་ངོ་། །གནད་ལ་མི་དབང་། །ཅེས་པ་ནི་མི་དང་མི་མ་ཡིན་གང་ཡིན་ཡང་མཚང་ནས་འབྲུ་བ་སྤང་སྟེ། མི་མ་ཡིན་ལ་སྲོགས་སྔགས་དྲག་པོ་ཟློས་པའམ། མི་ལ་མང་སར་ཚུལ་ཁྲིམས་ལ་སོགས་པའི་མཚང་འབྲུ་བ་སྤང་ངོ་། །མཛོ་ཁལ་གླང་ལ་མི་འབྱོ། །ཞེས་པ་ནི་རང་ལ་དབབ་ཅིང་སྟེང་དུ་འོང་བའི་མི་འདོད་པའི་ཁག་དང་ཁུར་རྣམས་གཡོ་སྒྱུ་སྣ་ཚོགས་ཀྱིས་གཞན་ལ་འཕྱོ་བའི་མཁོན་སྐྱོན་ཅན་གྱི་སྤྱོད་པ་དེ་ལྟ་བུ་སྤང་། མགྱོགས་ཀྱི་རྩེ་མོ་བཏོད། ཅེས་པ་ནི་འདོད་པའི་དངོས་པོ་ཕྱི་སོ་ན་ཡོད་པ་རང་ལ་སྣ་བཏོད་དུ་རེ་བ་འདོད་ཁྱེར་མི་མཁས་པའི་སྤྱོད་པ་དང་ཐབས་སྣ་ཚོགས་ཀྱིས་རང་ལ་སྒྱུར་བར་བྱེད་པ་ཐམས་ཅད་སྤང་ངོ་། །འདོད་ཁར་མི་འཆི་ཕ་རོལ་ལས་ཀྱིས་གྲུབ་པས་ལྷོད་ཀྱིས་གློད་ན་བདེ་གསུངས། གཏོ་ལོག་མི་བྱ། ཞེས་པ་ནི་ཕུགས་སུ་རང་བཟང་བར་འདོད་ཐད་ཀ་དེར་ཕམ་ལེན་འོག་ཏུ་ཞུགས་པ་དང་། ཕུགས་སུ་འདྲེ་གནོད་པ་སེལ་དུ་རེ་བའི་ཐད་ཀ་དེར་བློ་སྦྱོང་ན་གཏོ་ཆོས་བྱེད་པ་དང་ཁྱད་པར་མེད་པས་གཏིང་གི་རང་འཁྲིས་མ་ཆོད་པ་དེ་ལྟ་བུ་སྤང་ངོ་། །ཚན་གཅིག་གི་རྣམ་རྟོག་ལ་བློ་སྦྱོང་
༣༧གི་འབྲས་བུའམ་དགོས་པ་དེ་འདྲ་ལ་ཕན་པ་གཅིག་ཏུ་གོ་བ་འདྲ་སྟེ་དེ་ཙུག་སོང་ན་བོན་བྱེད་པ་དང་ཁྱད་མེད། ཆོས་བྱ་ཉོན་མོངས་པ་དང་རྣམ་རྟོག་གི་གཉེན་པོར་འགྲོ་བ་གཅིག་དགོས་པ་ཡིན། ལྷ་བདུད་དུ་མི་དབབ། ཅེས་པ་ནི་འཇིག་རྟེན་པའི་ལྷ་མ་མགུ་ན་གནོད་པ་བྱེད་དེ་ལྷ་བྱ་བ་དེ་ཕན་འདོགས་པ་ཡིན་པ་ལ་གནོད་པ་བྱེད་ན་བདུད་དུ་སོང་བ་ཡིན་ཏེ་དེ་བཞིན་དུ་བློ་སྦྱོང་གིས་བདག་འཛིན་འདུལ་བ་ཡིན་པ་ལ་དེ་ཉིད་ཀྱིས་དྲེགས་ནས། བདག་ནི་བློ་སྦྱོང་སྒོམ་པ་བཟང་པོ་ཡིན། གཞན་ལ་ཆོས་འདི་ལྟ་བུ་མེད་སྙམས་ནས་ང་རྒྱལ་སྐྱེས་པ་དང་རང་བཟང་བར་རློམས་ནས་གཞན་ལ་རས་ཆོད་དང་བརྙས་ཆོས་བྱེད་བསང་བར་བྱའོ། །ད་ལྟའི་ཆོས་པ་རྣམས་ཀྱིས་ཆོས་ཀྱིས་བདག་འཛིན་བཟང་དུ་སོང་ན་དགྲའི་ཆོས་སུ་སོང་ནས་རྐུན་མ་ནགས་ལ་བཏང་རྗེས་བྲག་རི་ལ་གཅོད་པའི་ཆོས་སུ་སོང་བས་དེ་ཐམས་ཅད་སྤངས་ལ་སྨན་ནད་ཐོག་ཏུ་བཏང་ཞིང་། བདག་འཛིན་སྨ་འབེབས་པར་བྱས་ལ་འགྲོ་བ་ཀུན་གྱི་བྲན་གྱི་ཐ་མ་ལྟར་བྱའོ། །སྐྱིད་ཀྱི་ལན་ཏུ་སྡུག་མ་ཚོལ། །ཞེས་པ་ནི་རང་སྐྱིད་པའི་དོན་དུ་གཞན་ལ་སྡུག་བསྔལ་བྱུང་ན་དགའ་སྟེ། རང་གི་བཟའ་མི་དང་གྲོགས་འདི་ཤི་ན་རབ་འཆད་འོང་སྟེ། ཡོན་བདག་ལ་ན་ཚ་ཤི་ཆད་བྱུང་ན་ཚོགས་གསོགས་དང་དགེ་རྩ་འོང་སྟེ། །ཡུལ་དེའི་སྒོམ་ཆེན་གྲོགས་པོ་དེ་ཤི་ན་ང་གཅིག་པུ་ལ་བསོད་ནམས་འོང་སྟེ། དགྲ་འདི་ཤི་ན་ང་ལ་སྐྱིད་འོང་སྟེ་སྙམ་པ་སྤང་ངོ་། །སེམས་ཅན་སོ་སོའ་བསོད་ནམས་ལ་སྤྱོད་པ་ཡིན་པས་གར་ཕྱིན་ཀྱང་དགྲ་ཟིན་རེ་ལས་ཀྱིས་འོང་བ་ཡིན་གསུང་ངོ་། །བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི་ཆོས་འདི་རྣམས་ཉམས་སུ་བླངས་ནས་བློ་སྦྱོང་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བར་འགྱུར་བས་བསླབ་པར་བྱའོ། །རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ཞེས་པ་ནི། ཆོས་གཞན་བསྒྲུབ་པ་ནི་ཟས་དང་སྤྱོད་ལམ་ལ་
༣༨སོགས་པ་ལ་རྣལ་འབྱོར་ལ་སོགས་པ་རེ་རེ་ཡོད་པ་ལས་འདིའི་སྒོར་ཞུགས་པ་རྣམས་ཀྱིས་ཟས་ལ་ཚོགས་པ་ཐམས་ཅད་ལ་འདི་ཉིད་ཡིད་ལ་བྱས་པ་གཅིག་པུས་ཆོག་པས་དེ་ལྟར་ཉམས་སུ་བླང་བར་བྱའོ། །ལོག་ནོན་ཐམས་ཅད་གཅིག་གིས་བྱ། །ཞེས་པ་ནི་བདུད་ཀྱིས་བརླབས་པ་ཁ་ཅིག་ཆོས་ཟབ་མོ་འདི་ལ་ཡིད་མི་ཆེས་པས་སྒོམ་ལོག་གི་སྒོམ་སྣང་འདི་ལྟ་བུ་འབྱུང་སྟེ། བློ་སྦྱོང་བསྒོམས་པས་ན་ཚ་ཆེར་སོང་། །འདྲེ་ཡི་གནོད་པ་ཆེར་སོང་། མི་ཁ་སྡང་དུ་སོང་། བདག་འཛིན་ལ་སོགས་པའི་ཉོན་མོངས་པ་ཆེར་སོང་ངམ་སྙམ་པ་ལ་སོགས་པ་བྱུང་ནས་སྦྱོང་སྙིང་མི་འདོད་པའམ་ཡང་ན་དེ་ལྟ་བུའི་རྒྱུ་མཚན་མེད་པར་སྦྱང་སྙིང་མི་འདོད་པ་འབྱུང་སྟེ་བཟློག་ཉེན་ཡོད་པས་དེ་འདྲོག་ལ་ཤེས་པར་བྱས་ལ་ང་ལ་སྒོམ་ལོག་སྐྱེས་ནས་འདུག་སྙམ་དུ་བསམས་ཏེ་བློ་གཉིས་པས་འཇིག་རྟེན་གྱི་ཁམས་ན་བདག་ཁོ་ན་འདྲ་བ་ཆོས་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་མང་པོ་ཡོད་སྙམ་དུ་བསམས་ནས་དེ་ཐམས་ཅད་རང་གི་སྟེང་དུ་བླངས་ནས་བདག་གི་ལུས་ལོངས་སྤྱོད་དགེ་བ་རྣམས་དེ་དག་ལ་ཕུལ་བས་ཆོས་ལ་བློ་ཕྱོགས་ཤིང་ཕྱིན་ཅི་མ་ལོག་པའི་ལམ་དུ་ཞུགས་པར་བསམ་མོ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། །ཞེས་པ་ནི་ནང་པར་མལ་ནས་ལངས་ནས་དེ་རིང་ཉིན་ཐོག་ཐག་ལ་བདག་ལ་གཅེས་པར་འཛིན་པས་མ་གོས་པར་བྱ་དགོས། སེམས་ཅན་ལ་གཅེས་པར་འཛིན་པ་མ་ཉམས་པར་བྱ་དགོས་སྙམ་དུ་འཕེན་པ་བཏང་ལ། །དེ་ནས་ཉིན་མོའ་དུས་སུ་ལྷ་གཅིག་རྗེས་སུ་སྤྱོད་པའི་ཤེས་བཞིན་གྱིས་ཟིན་པར་བྱ། དེ་ནས་དགོང་མོ་ཉལ་བ་ན་སེང་གེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་གྱིས་ཐོག་མར་དེ་བྱས་སོ་དེ་ནས་དེ་བྱས་སོ་ཞེས་བྱ་བའི་རྣམ་གྲངས་ལ་རིམ་པས་བརྟགས་ནས་འགལ་བར་སྤྲད་ནས་འདུག་ན་དེའི་ཚེ་བདག་ལ་རྔན་པ་གང་ཞིང་བླ་མའི་གདམས་ངག་དྲན་པར་བྱ་ཞེས་པ་ཡིན་པས་དལ་འབྱོར་ཆུད་གསོན་པ་རང་གིས་རང་ལ་
༣༩གནོད་པ་སྐྱེལ་བ་ཁྱོད་ལྟ་བུ་འོང་བ་སྙམ་དུ་བསམས་ལ་བཟོད་གསོལ་དང་བཤགས་པ་བྱ། ཕྱིན་ཆད་སྤང་པའི་བློ་བསྐྱེད་དོ། །མ་འགལ་བར་བྱས་ན་དལ་འབྱོར་དོན་ཡོད་པར་བྱས་སྙམ་དུ་དགའ་བ་བསྒོམ། དགེ་བ་ཡང་ཆོས་འདི་ཉིད་རྒྱུད་ལ་སྐྱེ་བར་བསྔོ། སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །གཉིས་པོ་གང་བྱུང་བཟོད་པར་བྱ། །ཞེས་པ་ནི་གློ་བུར་དུ་བསོད་ནམས་ཆེན་པོ་བྱུང་ཡང་དྲེགས་ཤིང་ཆགས་པར་མི་བྱ་བར་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བར་བྱས་ལ་སླར་ཡང་ཆོས་ཀྱི་གྲོགས་སུ་ཁྱེར་རོ། །ཁ་ཅིག་ལ་འཁོར་དང་བསྙེན་བཀུར་བྱུང་ན་དེས་དྲེགས་ནས་གཞན་ལ་བརྙས་པ་དང་ཡིད་ལ་དྲན་ཚད་བྱེད་པ་འོང་བས་དེ་སྤང་ངོ་། །རྒུད་ཅིང་དབུལ་བ་འོག་ནས་ཆུ་ལས་མེ་འབབ་པ་བྱུང་ན་ཡང་ང་འདྲ་བ་འོང་བ་སྙམ་དུ་ཡི་མུག་པ་དང་། ཡི་ཤི་ནས་དེས་སྦྱོང་མི་ནུས་པ་མི་བྱ་བར་མཐོ་རིས་དང་ངན་སོང་གི་མཐོ་དམན་དང་སྐྱིད་སྡུག་ལ་ལྟོས་ན་མིའི་སྐྱིད་སྡུག་གི་བར་ན་ཁྱད་པོ་ཆེ་ཙམ་མི་འདུག་ལ། སླར་ཡང་གཡེང་བ་མེད་པས་དགེ་སྦྱོར་འཕེལ་སྙམ་དུ་བསམ་པར་བྱ་སྟེ། ལྷ་ཡི་ཕུན་སུམ་ཚོགས་པས་ཀྱང་། །ཁེངས་པ་ཉིད་དུ་མི་བྱ་ལ། །ཡིད་བཏགས་བཞིན་དུ་དབུལ་བ་ཡི། །རྒུད་པས་ཀྱང་ནི་ཞུམ་མི་བྱ། །ཞེས་གསུངས་སོ། །གཉིས་པོ་སྲོག་དང་བརྡོས་ལ་བསྲུང་། །ཞེས་པ་ནི། ཆོས་སྤྱི་ནས་བཤད་པའི་བསྒྲུབ་པ་དང་། །ཁས་བླངས་དམ་བཅས་ཀྱི་དམ་ཚིག་དང་། །བྱེ་བྲག་ཏུ་ཆོས་འདི་ཉིད་ཀྱི་དམ་ཚིག །ཡན་ལག་ཉམས་པ་བརྗོད་མི་བྱ་བ་ལ་སོགས་ཏེ་དམ་ཚིག་དེ་གཉིས་ཉམས་ན་ཚེ་འདིའི་བདེ་བ་ཡང་མི་འབྱུང་བས་སྲོག་བས་གཅེས་པར་བཟུང་ངོ་། །དཀའ་བ་གསུམ་ལ་བསླབ་པར་བྱ། །ཞེས་པ་ནི་ཉོན་མོངས་པ་སྤང་བ་ན་དང་པོ་གཉེན་པོས་དྲན་པར་དཀའ། བར་དུ་བཟློག་པར་དཀའ། ཐ་མ་རྒྱན་
༤༠བཅད་པ་དཀའ་བ་ཡིན་པས་དོ་གསུམ་མི་དཀའ་བར་བསྒྲུབ་པར་བྱའོ། །སློབ་ཚུལ་ནི་གསུམ་པོ་ནང་པར་གོ་བ་གོ་ནས་དེ་ནས་ཉོན་མོངས་པ་སྐྱེས་པ་ན་གཉེན་པོས་དྲན་པར་བྱེད། ཟློག་པར་བྱེད། ད་ཕྱིན་ཆད་འདི་ལྟ་བུ་རྒྱུད་ལ་མི་སྐྱེ་བར་བྱ་དགོས་སྙམ་དུ་སེམས་པའོ། །རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང་། །ཞེས་པ་ནི་བླ་མ་མཚནཚད་ལྡན་གདམས་ངག་མངའ་བ་རྟོགས་པ་དང་ལྡན་པ་མི་བར་ཁྱིས་མཆོད་པ་རྙེད་ཅིང་ཐུགས་ལ་འདོགས་པ་ཞུ། རང་གི་བློ་སྣ་དལ་འབྱོར་ནས་བདག་མེད་ཀྱི་བར་དུ་ཇི་ལྟར་བསམ་པ་བཞིན་ནམ་བླ་མས་ཇི་ལྟར་ཁྲིད་པ་བཞིན་རྒྱུད་ལ་སྐྱེ་བ་དང་། ཆོས་ཀྱི་མཐུན་རྐྱེན་དང་དད་པ་དང་ཤེས་རབ་བརྩོན་འགྲུས་སྐྱོ་ཤས་ཆེ་བ་དང་། ཟས་གོས་དང་གཡོག་ཐམས་ཅད་འཛོམའཛོམས་པ་སྟེ། དེ་གསུམ་ཆོས་སྒྲུབ་པའི་རྒྱུའི་གཙོ་བོ་ཡིན་པས་དེ་གསུམ་མ་འཛོམ་པའི་སེམས་ཅན་ལ་སྙིང་རེ་རྗེ་སྙམ་དུ་བསམས་ལ་དེ་ཐམས་ཅད་རང་གི་སྟེང་དུ་བླང་། བདག་གི་ལུས་ལ་སོགས་པ་ཕུལ་བས་དེ་ལ་རྒྱུ་གསུམ་པོ་བྱུང་བས་ཐེག་པ་ཆེན་པོ་ལ་ལོངས་སྤྱོད་པར་བསམ་མོ། །ཉམས་པ་མེད་པ་རྣམ་གསུམ་བསྒོམ། །ཞེས་པ་ནི་ཐེག་པ་ཆེན་པོའ་ཆོས་ཐམས་ཅད་སློབ་མའི་དད་གུས་ལ་རགས་ལས་པས་བླ་མ་ལ་དུས་ཐམས་ཅད་དུ་སངས་རྒྱས་ཀྱི་འདུ་ཤེས་དང་མ་བྲལ་བར་བྱ། དེའི་སྒོ་ནས་བླ་མ་ལ་དད་གུས་མ་ཉམས་པ་དང་། ཡང་བློ་སྦྱོང་ཐེག་པ་ཆེན་པོའ་ཡང་སྙིང་སངས་རྒྱས་ཀྱི་རྒྱུ་ས་བོན་དྲུང་པོ་ལྟ་བུ་འདི་ཡིན་སྙམ་དུ་བསམས་ནས་ཆོས་གང་དང་ཡང་མི་སྙོམས་པར་ཉམས་སུ་ལེན་པས་བློ་སྦྱོང་བ་སྤྲོ་བ་མ་ཉམས་པ་དང་། ཐེག་པ་ཆེ་ཆུང་གི་ཁས་བླངས་དམ་བཅས་པ་རྣམས་ལ་གཉེན་པོ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་ཀྱི་གཟེངས་ཆེན་པོ་གཏོད་ནས་ཉེས་པ་ཕྲ་མོ་ཚུན་ཆོད་ཀྱིས་མ་གོས་པར་བསྲུང་བར་བསླབ་པ་ལ་བག་ཡོད་ཀྱིས་མ་ཉམས་པར་བྱའོ། །འབྲལ་མེད་གསུམ་དང་ལྡན་པར་བྱ། །ཞེས་པ་ནི་ལུས་ཀྱིས་བླ་མའི་ཞབས་ཏོག་དང་དཀོན་
༤༡མཆོག་མཆོད་པ་དང་། ཆོས་སྐྱོང་དང་འབྱུང་པོ་ལ་གཏོར་མ་དང་ཕྱག་དང་བསྐོར་བ་ལ་སོགས་པ་ལུས་ཀྱི་དགེ་སྦྱོར་དང་མ་བྲལ་བར་བྱ། ངག་སྐྱབས་འགྲོ་དང་བཟླས་པ་དང་ཁ་ཏོན་ལ་སོགས་པ་དག་གི་དགེ་སྦྱོར་དང་མ་བྲལ་བར་བྱའོ། །ཡིད་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པ་དང་མ་བྲལ་བར་བྱས་ལ་བདག་གཅེས་པར་འཛིན་པ་ལ་སོགས་པའི་ཉོན་མོངས་པའི་རྟོག་པ་ཐམས་ཅད་འཇོམས་པ་ལ་སྙིང་སྟོབས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བྱའོ། །མདོར་ན་ལུས་ངག་ཡིད་གསུམ་དུས་ཐམས་ཅད་དུ་དག་པའི་ཆོས་སྤྱོད་པ་དང་མ་བྲལ་བར་བྱའོ། །བཀོལ་བ་རྣམས་ལ་རྟག་ཏུ་སྦྱང་། །ཞེས་པ་ནི་རང་གི་དགྲ་ཟླ་དངོས་སུ་འདུག་པ་ལ་ཁྲོ་བ་དང་མཁོན་དུ་འཛིན་པ་ནི་རྟག་ཏུ་འགྲོགས་པའི་གཞི་ལས་བྱུང་ཞེས་བཤད་པས་ངོས་གཅིག་ན་འདུག་པ་དང་ཕར་མི་གནོད་ཀྱང་ཚུལཚུར་གནག་པ་དང་། ཚུར་མི་སྡང་ཡང་རང་གི་ཡིད་དུ་མི་འོང་བ་དེ་རྣམས་ལ་བློ་སྦྱོང་འཆོར་ཉེན་ཡོད་པས་ཁྱད་པར་དུ་བཀོལ་ལ་སྙིང་གི་དུམ་བུ་བཞིན་དུ་བསམ་ཞིང་བློ་སྦྱོང་ངོ་། །ཡང་བྲམབྲན་དང་ཕ་མ་དང་བྱང་ཆུབ་སེམས་དཔའ་རྣམས་ཡུལ་གཉན་པས་སྡིག་པ་བསགས་ན་རྣམ་སྨིན་བསམ་གྱིས་མི་ཁྱབ་པས་ཁྱད་པར་དུ་བཀོལ་ལ་སྦྱོང་ངོ་། །རྐྱེན་གཞན་དག་ལ་ལྟོས་མི་བྱ། །ཞེས་པ་ནི་ཆོས་གཞན་སྒྲུབ་པ་ལ་ཟས་གོས་ལ་སོགས་མཐུན་རྐྱེན་འཛོམ་པ་ཁམས་བཟང་བ་ཆུ་འཕྲོད་པ་མི་དང་འདྲེ་ཡིས་མི་གཅེར་བ་དགོས་ཏེ། བློ་སྦྱོང་འདི་ཉམས་སུ་ལེན་པ་ལ་དེ་རྣམས་ལ་ལྟོས་མི་དགོས་ཏེ་མཐུན་རྐྱེན་དེ་རྣམས་མ་འཛོམ་པ་ཉིད་ཆོས་འདིའི་རྒྱུ་ཡིན་པས་ད་རེས་བསོད་ནམས་ཀྱི་ལས་འབའ་ཞིག་བློ་སྦྱོང་གི་གྲོགས་སུ་ཁྱེར་རོ། །ད་རེས་གཙོ་བོ་ཉམས་སུ་བླང་། །ཞེས་པ་ནི་ཐོག་མ་མེད་པ་ནས་ཕལ་ཆེར་རྙིང་པ་ལྟ་བུ་ངན་སོང་རྣམ་པ་གསུམ་འབའ་ཞིག་ཏུ་འཁྱམས་པ་ཡིན་པས་ད་རེས་ཀྱི་ལས་འགའ་ཞིག་གིས་བསྐལ་པ་བྱེ་བ་སྟོང་དུ་
༤༢ཡང་རྙེད་པར་དཀའ་བའི་དལ་འབྱོར་གྱི་ལུས་ཐོབ་པའི་དུས་ད་རེས་ཚེ་འདིའི་ཤོམ་ར་བྱེད་པ་བས་ཕྱི་མ་ཕན་ཆད་ཀྱི་ཆོས་བྱེད་པ་གཙོ་བོ་ཡིན། ཆོས་བཤད་སྒྲུབ་གཉིས་ལས་སྒྲུབ་པ་གཙོ་བོ་ཡིན། སྒྲུབ་པ་གཞན་ལས་བྱང་ཆུབ་ཀྱི་སེམས་སྦྱོང་བའི་སྒྲུབ་པ་གཙོ། དེ་ཡང་ལུང་རིགས་ཀྱི་སྐྱ་བར་དུ་བཅུག་ནས་སྦྱོང་བ་པས་བླ་མའི་མན་ངག་ལ་བརྟེན་ནས་གཉེན་པོ་གད་ལྟར་ཆེ་ཆེར་ཨུ་ཚུགས་སུ་སྦྱོང་བ་གཙོ། སྤྱོད་ལམ་གཞན་པས་མལ་དུ་བསྡད་ནས་སྦྱོང་བ་གཙོ། །སུ་ལ་སྤང་བབས་ནང་དུ་གཙོ། །དེ་རྣམས་ལ་བསླབ་པ་གཅེས་སོ། །གོ་ལོག་མི་བྱ། ཞེས་པ་ནི། གོ་ལོག་དྲུག་སྤང་བར་བྱ་སྟེ། ཆོས་སྒྲུབ་པའི་སྡུག་བསྔལ་ལ་མ་བཟོད་པར་འདོད་པ་སྒྲུབ་པ་དང་གཉེན་སྐྱོང་བ་དང་དགྲ་འདུལ་བའི་དཀའ་ལས་བཟོད་པ་ནི་བཟོད་པ་གོ་ལོག་གོ །སྡིག་པ་ཅི་དག་དང་ཚོགས་ཅི་རྫོགས་བློ་སྣ་ཅི་འགྱུར་ལ་མི་འདུན་པར་ཚེ་འདིར་ཕུན་སུམ་ཚོགས་པ་ལ་ཡོན་ཏན་དུ་ལྟ་ཞིང་ཐོབ་པར་འདུན་པ་ནི་འདུན་པ་གོ་ལོག་གོ །ཐོས་བསམ་སྒོམ་གསུམ་ལ་འབད་ནས་ཆོས་ཀྱི་རོ་མི་མྱོང་བར་ཕྱི་ནང་གི་འདོད་པའི་རོ་མྱོང་ཞིང་བསྒྲུབ་པ་དང་། སྔར་འདོད་པ་སྦྱོང་བ་དང་དགྲ་བཏུལ་བ་ཡིན་ལ་བྱས་ཤིང་རོ་མྱོང་བར་བྱེད་པ་ནི་རོ་མྱོང་གོ་ལོག་གོ །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་ལ་སྙིང་རྗེ་མི་བསྒོམ་པར་བཀའདཀའ་ཐུབ་སྦྱོང་བ་དང་། སྒྲུབ་པ་བྱེད་པའི་འབྱོར་པའི་སྡུག་བསྔལ་ཅན་ལ་སྙིང་རྗེ་བསྒོམ་པ་ནི་སྙིང་རྗེ་གོ་ལོག་གོ །རང་གི་ཁ་འོག་ཏུ་འདུ་བ་ཆོས་བྱེད་པའི་གཉེར་སེམས་མི་བྱེད་པར་ནོར་རྫས་གསོག་པ་དང་གཉེན་སྐྱོང་བ་དང་ཚེ་འདིའི་ཆེ་ཐབས་བྱེད་པའི་གཉེར་སེམས་བྱེད་པ་ནི་གཉེར་སེམས་གོ་ལོག་གོ །སངས་རྒྱས་ནས་སེམས་ཅན་གྱི་བར་དགེ་བ་མཛད་ཅིང་དེ་ཡི་འབྲས་བུ་བདེ་བ་དང་ལྡན་པ་ལ་རྗེས་སུ་ཡི་རང་མི་བྱེད་པར་དགྲ་ལ་མི་ལེགས་པ་བྱུང་བ་དང་། སུ་མ་བཏུབ་པ་བྱུང་བ་རྣམས་ལ་དགའ་བ་དང་རྗེས་སུ་ཡི་རང་བྱེད་པ་ནི་རྗེས་སུ་ཡི་རང་གོ་ལོག་གོ །
༤༣གོ་ལོག་མ་ལོག་དྲུག་པོ་དེ་ལ་འཇུག་ལྡོག་བྱའོ། །དེས་འཇོག་མི་བྱ། ཞེས་པ་རེས་བློ་སྦྱང་བསྒོམ། རེས་བཟླས་པ་བྱེད་པ་དང་དེ་གཉིས་རེས་བཏང་རེས་བསྡང་རེས་འཇོག་བྱེད་པ་སྤང་། ཡང་ཚེ་འདིའི་ཤོམ་ར་དང་སྡིག་པ་དང་ཉོན་མོངས་འཕེལ་བར་བྱེད་ལ་རེས་ཚེ་ཕྱི་མའི་དོན་དུ་ཆོས་བྱེད་པ་རེས་འཇོག་བྱེད་པ་དེ་སྤངས་ལ་རེས་འཇོག་མི་བྱེད་པར་ཕྱོགས་གཅིག་ཏུ་ཆད་པར་ཆོས་བྱ་ཞིང་ཁྱད་པར་དུ་བློ་སྦྱོང་བསྒོམ་པའོ། །དེའི་ཡང་སྙིང་བློ་སྦྱོང་ངོ་། །དོལ་ཆོད་དུ་སྦྱོང་། ཞེས་པ་ནི་རྩ་ཕྲན་གཏོར་བ་ན་སང་ཆོད་བྱེད་པ་བཞིན་བློ་སྦྱོང་བ་ན་ཚོད་མི་ལེན་པར་བློ་ཕྱོགས་གཅིག་ཏུ་ལིང་ཙེར་སྒྱུར་ལ་ཆོམ་ཆོམ་མེད་པར་བློ་ཐག་ཆོད་པར་བྱས་ལ་སྦྱོང་ངོ་། །སྔོན་ལ་བློ་སྦྱོང་གིས་ཕན་ནམ་དེས་མ་ཕན་ན་བཟླས་པ་གཅིག་བྱ་སྙམ་པའི་ཚོད་ལེན་པའི་བློ་དེ་ལྟ་བུ་སྤངས་ཏེ། དེ་ནི་བདེ་འདོད་ཀྱི་དམིགས་པ་མ་ཤོར་བ་ཡིན་པས་ནད་དང་གདོན་ཡང་སེལ་བར་མི་ནུས་སོ། །རྟོག་དཔྱོད་གཉིས་ཀྱིས་ཐར་བར་བྱ། ཞེས་པ་ནི་རང་གི་རྒྱུད་ལ་ཉོན་མོངས་པ་གང་ཤས་ཆེ་བརྟགས་ནས་དེའི་གཉེན་པོར་སྒོས་སུ་བརྟེན་ནས་སྤོང་བ་ལ་འབད་པ་དྲག་ཏུ་བྱའོ། །དེ་ནས་ཉོན་མོངས་པ་དེ་སྐྱེ་བའི་ཡུལ་བརྟེན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱས་ཀྱིན་ཇི་ལྟར་སྐྱེ་བརྟག །ཡང་གཉེན་པོས་བསྟེན་ནས་ཉོན་མོངས་པ་ཤས་ཆུང་བའམ་དེ་ཡེ་མི་སྐྱེའམ་སྙམ་པ་ཙམ་དུ་བྱའོ། །ད་ནི་ཉོན་མོངས་པ་འདི་རྒྱུད་ལ་ཡེ་མ་གོས་པར་བྱ་སྙམ་དུ་མ་འོངས་པ་ལ་གོང་ཡང་ནས་ཡང་དུ་གོམས་པར་བྱའོ། །འདས་མ་འོངས་གཉིས་གཉེན་པོ་བསྟེན་པའི་ཚུལ་ལུགས་དེ་ལྟར་གཉིས་ཀྱིས་ཉོན་མོངས་པ་སྟོང་བ་ལ་ནན་ཏན་བྱའོ། །ཡུས་མི་སྒོམ། ཞེས་པ་ནི་ཕ་རོལ་ལ་བདག་གི་དྲིན་ཡོད་པའི་རྒྱུ་མཚན་དང་རང་ལ་དགེ་སྦྱོར་ཡོད་པ་དང་། མཁས་པ་དང་། བཙུན་པ་དང་མི་ཆེ་བ་དང་རིགས་བརྒྱུད་བཟང་བ་ལ་སོགས་པའི་རྒྱུ་མཚན་གང་གིས་ཕྱོགས་ནས་གཞན་ལ་ཡུས་ཀྱིས་རྔམ་པ་དང་ང་རྒྱལ་ཆེ་བར་མི་བྱའོ། །མི་ལ་རེམ་ཆེ་ལྷ་ལ་གསོལ་བཟོབ། ཅེས་ར་སྒྲེང་པས་གསུངས་སོ། །ལང་དགྲ་ཟིན་
༤༤གྱིས་རུ་བྱེད་ན་གཞན་ལ་ཟིན་དུ་གོ་བས་གཞན་དོན་བྱས་ཀྱང་རང་དོན་གྱི་འབྲིས་མི་འབྱུང་ཞིང་ངང་གིས་བྱ་རྒྱུར་གོ་ནས་འོང་བས་གཞན་ལ་ཡུས་མི་འབྱུང་བའོ། །དེ་ཙམ་ན་བློ་འབྱོངས་པའོ། །ཀོ་ལོང་མི་སྡོམ། ཞེས་པ་ནི་རང་ལ་གནོད་པ་ཡང་སྔར་སྨ་ཕབ་སྔར་སྤངས་པ་དང་། ཚིག་ངན་གྱིས་སྦྱོས་པ་ལ་སོགས་པ་ཅི་བྱས་རང་ལ་གྱོད་ཐལ་གཞན་ལ་ངོ་བཞིན་འགྱུར་པ་དེ་འཛིན་ངན་གྱི་ལན་ལ་སོགས་པ་མི་བྱའོ། །སེམས་ཀྱིས་ཀྱང་ཀོ་ལོང་མི་སྡོམ་མོ། །ད་ལྟ་འོ་སྐོལ་གྱི་ཆོས་རྣམས་བདག་འཛིན་གྱི་གཉེན་པོར་མ་སོང་བས་བཟོད་བསྲན་གྱི་སྟོབས་ཆུང་ཀོ་ལོང་གཙང་བཙན་བས་དམ་པར་འདུག་སྟེ། དེས་ཆོས་བྱས་པའི་གོ་མི་ཆོད་པས་བདག་འཛིན་གྱི་གཉེན་པོར་འགྲོ་བར་བྱའོ། །ཡུད་ཙམ་པ་མི་བྱ། །ཞེས་པ་ནི་ངོ་མི་རྟག་པར་དང་རེ་ལ་རྣམ་འགྱུར་སྟོན་པ་སྟེ། དེ་ལྟ་བུ་སྲོགསསྲོག་ལ་གཟན་པས་སྤང་ངོ་། །འོར་ཆེ་མ་འདོད། ཅེས་པ་ནི། གཞན་གྱི་གྲོགས་བྱས་པ་དང་། ཕན་བཏགས་ལ་ཚིག་གི་གཏོང་རག་བཏང་བ་དང་། དེ་ཡི་རྒྱུ་མཚན་གྱིས་སྙན་པ་དང་གྲགས་པ་འདོད་པ་སྤང་ངོ་། །མདོར་ན་གཞན་ལ་ཕན་བཏགས་པ་དང་གྲོགས་བྱས་པ་ལ་ཚིག་སྙན་པ་ཙམ་ཡང་མི་འདོད་པར་བྱའོ། །དེ་ལྟར་ཚེ་ཧྲིལ་གྱིས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་པོ་མཉམ་རྗེས་ཀྱི་སྒོ་ནས་སྦྱོངས་ལ་ལྷ་འདྲེ་མི་གསུམ་དང་འཐབ་པའི་དོན་མེད་རྩོད་པའི་གཞི་མེད་ལྷ་ཞི་གླུ་ཞི་ཀུན་འདོར་བ་གང་དུ་བྱས་པའི་སྒོ་ནས་དབུགས་འགྲོ་ཁར་སྐྱིད་ཀྱི་མགོ་བཙུག་ལ་སྡུག་ལ་རྒྱབ་ཀྱིས་ཕྱོགས་སྣང་བ་བདེ་བ་ནས་བདེ་བར་འགྲོ་བར་འགྱུར། ཆོས་དེ་རྣམས་ཀྱི་བྱེད་པའམ་ཕན་ཡོན་བསྟན་པ་ནི། །སྙིགས་མ་ལྔ་པོ་བརྡོ་བ་འདི། །བྱང་ཆུབ་ལམ་དུ་སྒྱུར་བ་ཡིན། །སྤྱིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་སྙིགས་མ་ལྔ་པོ་བརྡོ་བའི་དུས་སུ་བྱུང་བ་ཡིན། ཁྱད་པར་ད་ལྟ་སྙིགས་མ་ལྔ་ལས་ཀྱང་སྙིགས་མར་གྱུར་པ་ལྔ་བརྒྱ་
༤༥ཐ་མའི་དུས་བྱ་བ་ཡིན་པས་སེམས་ཅན་ཐམས་ཅད་ལ་བསམ་རྒྱུ་ཉོན་མོངས་པ་ལས་མེད། བྱ་རྒྱུ་ལས་ངན་སྡིག་པ་ལས་མེད། ཐམས་ཅད་ངན་ན་དགའ། སུ་བཟང་ཡང་རང་གི་ཤེས་པ་ལ་ཟུག་གཟེར་ཆེ་བས་ལུས་ངག་ཡིད་གསུམ་གྱིས་གཞན་ལ་གནོད་པ་འབའ་ཞིག་སྤྱོད་པའི་སེམས་ཅན་རྣམས་འཚོགས་ནས་འདུག་པ་ཡིན། གཞན་ཡང་དཀར་པོ་ལ་དགའ་བའི་བསྟན་པ་སྲུང་བ་མི་མ་ཡིན་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་ཡོངས་སུ་དག་པའི་ཞིང་ཁམས་སུ་སོང་། །ནག་པོ་ལ་དགའ་བ་རྣམས་མཐུ་དང་ནུས་པ་རྒྱས་པས་སེམས་ཅན་རྣམས་ལ་བཀྲ་མི་ཤིས་པ་དུ་མ་འབྱུང་། དེས་ན་དུས་དེང་སང་སེམས་ཅན་རྣམས་ལ་སྤྱིར་ཡང་སྡུག་བསྔལ་སྣ་ཚོགས་བསྒྲུབ་པའི་རྐྱེན་ངན་མང་ལ། ཁྱད་པར་དུ་བསྟན་པ་ཉམས་སུ་ལེན་པ་རྣམས་ལ་བར་ཆད་སྣ་ཚོགས་འབྱུང་བས་ད་ལྟར་རྐྱེན་ངན་གྱི་རུ་འཛིང་པའི་དུས་འདིར་ཆོས་འདི་ལྟ་བུ་ལ་མ་བསླབས་ན། ཆོས་གཞན་གང་གི་སྒོར་ཞུགས་ཀྱང་ཆོས་མགོ་ཐོན་པར་མི་འགྱུར་ལ་འདིའི་སྒོར་ཞུགས་ནས་འབད་པས་རྐྱེན་ངན་དེ་ཐམས་ཅད་བྱང་ཆུབ་ཀྱི་ལམ་སྦྱོང་བའི་གྲོགས་སུ་འགྱུར་རོ། །ཕན་ཡོན་གཞན་ཡོངས་སུ་དག་པའི་ཞིང་ཁམས་སུ་བསྐལ་པ་ཙམ་དགེ་སྦྱོར་བྱས་པ་བས་ད་ལྟ་སངས་རྒྱས་ཀྱི་བསྟན་པ་ལ་གཡུལ་ལོག་བྱུང་བའི་དུས་འདིར་ལོ་རེ་ཙམ་དགེ་སྦྱོར་བྱས་པས་ཚོགས་རྫོགས་པར་འགྱུར་བས་བློ་སྦྱོང་དུ་བཏུབ་པ་རྣམས་ལ་སྙིགས་མ་ལྔ་པོ་བརྡོ་བ་དེ་སེམས་ལ་བཏུབ་པས་འཚེང་བ་ཡིན་ནོ། །དེ་ལྟར་བློ་སྦྱོང་ཤེས་ན་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་བྱ་བ་དེ་ཡང་བློ་སྦྱོང་སྒོམ་པའི་རྣལ་འབྱོར་པའི་ལུས་འདི་ལ་ཟེར་བ་ཡིན་ཏེ། འདི་ཕྱི་འཁོར་འདས་རང་གཞན་གྱི་བདེ་བ་ཐམས་ཅད་ད་རེས་ཀྱི་ལུས་འདི་ལ་བརྟེན་ནས་འབྱུང་བ་ཡིན་ནོ། །དེ་ལྟར་རྩོམ་པ་ཐམས་ཅད་འདི་གཅིག་པུ་ལ་བསྒྲིལ་ནས་འབད་ལ་ཆོས་དང་
༤༦སེམས་འདྲེས་པ་སྙིང་ཕུར་ཐེབས་པ། ཆོས་ཀྱི་སྲོལ་དུ་ཚུད་པ། ཆོས་ཀྱི་རོ་མྱང་བ་གཅིག་ཏུ་བློ་སྦྱངས་ན་དུས་རིང་པོར་མི་ཐོགས་པར་གཞན་གྱི་དོན་ཐམས་ཅད་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པ་གཅིག་ཐོབ་པར་འགྱུར་རོ་གསུང་ངོ་། །དོན་དེ་རྣམས་ཉིད་རྩམ་པ་པོས་ངེས་དོན་དུ་བསྡེབས་ནས་བསྟན་པ་ནི། རང་གི་མོས་པ་མང་བའི་རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛིན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །ཞེས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འཆང་ཁ་བས་ཉམས་སུ་ལེན་པའི་ཚུལ་ལུགས་བསྟན་པའི་སྒོ་ནས་ད་རེས་དགྲ་ཟིན་གྱི་རུ་ཕྱེད་པས་བློ་ཐག་ཆོད་པའི་ཐུགས་དགྱེས་པའི་གསུང་བརྗོད་པའོ། །བདེ་ལེགས་ཀུན་དགའ་རྒྱ་མཚོ་བླ་མའི་གསུང་། །གཞན་ཕན་བློ་ཡིས་བསྡེབས་པའི་བསོད་ནམས་ཀྱིས། །བློ་སྦྱོང་གླང་པོས་འགྲོ་རྣམས་འཁུར་བྱེད་ཅིང་། །བདག་ལྟའི་རི་བོ་རབ་བརྟན་འཇོམས་པར་ཤོག །ཁྱོད་ཀྱི་གྲགས་པའི་འོད་ཟེར་ཕྱོགས་ཁྱབ་པས། །ཁབ་ལེན་དབང་གིས་ལྕགས་རྣམས་རབ་གཡོ་བཞིན། །སྙན་པའི་དབང་གིས་སེམས་གཡོས་སྤྱན་སྔར་མཆིས། །རྙེད་པར་དཀའ་བའི་ཞལ་མཐོང་དོན་ཆེན་གྲུབ། །གསེར་གླིང་བཀའ་བརྒྱུད་ཐུགས་ཀྱི་ནམ་མཁའ་ལ། །བློ་སྦྱོང་ནམ་མཁའི་ཉི་མ་འོད་ལྡན་ཀྱང་། །དེང་སང་ངན་རྟོགས་སྤྲིན་ཚོགས་ཀྱིས་བསྒྲིབས་པས། །གསེར་དང་ར་གན་ཁྱད་པར་མི་གསལ་འགྱུར། །རང་གཞན་སྡུག་བསྔལ་འདོར་འདོད་སྐལ་ལྡན་རྣམས། །མ་ཚང་རྒྱུར་སྨྲ་དམན་པའི་ལམ་སྤོངས་ལ། །རྒྱལ་སྲས་མཆོག་གི་ཤིང་རྟའི་ལམ་འདིར་ཞུགས། །འདི་མིན་གཞན་གྱིས་བྱང་ཆུབ་ཐོབ་རེ་སྐན། །སྡེ་སྣོད་མ་ལུས་ལེགས་བསྲུབས་པའི། །བཀའ་གདམས་ཡང་སྙིང་ངོ་མཚར་ཆེའོ། །སརྦ་མངྒ་ལཾ།། །།


[edit]

WYLIE TEXT WILL APPEAR HERE

Footnotes


Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Gdams ngag mdzod Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Person:Namdak, Tenzin and Person:Wiener, G. for help with fonts and conversion.