Tibetan:སུ་ཁ་སིདདྷིའི་ལོ་རྒྱུས། རྒྱ་གཞུང། གསང་སྒྲུབ་ལྟེ་བ་སྤྲུལ་འཁོར། དབང་ཆོག་རྣམས་: Difference between revisions

From gDams Ngag mDzod
Jump to navigation Jump to search
m (Text replacement - "[[TibetanContent::{{#replaceset:" to "{{TibetanContent|")
m (Text replacement - "<onlyinclude>{{TibetanContent| " to "<onlyinclude>{{TibetanContent|content= ")
 
Line 1: Line 1:
{{Text Tibetan}}
{{Text Tibetan}}
==Tibetan Text==
==Tibetan Text==
<onlyinclude>{{TibetanContent|
<onlyinclude>{{TibetanContent|content=


<div class="folio"><span class="shoglhe">༢༧༩</span>
<div class="folio"><span class="shoglhe">༢༧༩</span>

Latest revision as of 14:48, 19 February 2019

Upload a file
DOWNLOAD ABOVE:
Click the picture above to view the original manuscript.
སུ་ཁ་སིདདྷིའི་ལོ་རྒྱུས། རྒྱ་གཞུང། གསང་སྒྲུབ་ལྟེ་བ་སྤྲུལ་འཁོར། དབང་ཆོག་རྣམས་
su kha sid+d+hi'i lo rgyus rgya gzhung gsang sgrub lte ba sprul 'khor dbang chog rnams
Damngak Dzö Volume 12 (ན་) / Pages 279-296 / Folios 1a1 to 9b2

Tibetan Text

༢༧༩ ༄༅། སུ་ཁ་སིདདྷིའི་ལོ་རྒྱུས། རྒྱ་གཞུང། གསང་སྒྲུབ་ལྟེ་བ་སྤྲུལ་འཁོར། དབང་ཆོག་རྣམས་བཞུགས་སོ།
༢༨༠ རྒྱ་གར་སྐད་དུ། སུ་ཁ་སིདྡྷི། བོད་སྐད་དུ། བདེ་བའི་དངོས་གྲུབ་ཀྱི་ལོ་རྒྱུས་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དེ་ལ་རྒྱ་གར་ཁ་ཆེ་ན་གྲོང་ཁྱེར་ཆེན་པོ་འབུམ་ཚོ་སུམ་ཅུ་སོ་བརྒྱད་ཡོད་པ་ལས། འདི་ནུབ་བྱང་ཁ་ཆེའི་གྲོང་ཁྱེར་བ་ཡིན་ནོ། །དེ་ཡང་གྲོང་ཁྱེར་དེར་བཟའ་མི་གཉིས་ལ་བུ་གསུམ། བུ་མོ་གསུམ་དང་། ཁོ་རང་གཉིས་དང་བརྒྱད་ཡོད་པ་ལས། ཤིན་ཏུ་དབུལ་ཞིང་ཕོངས་པར་གྱུར་ཏེ། རྒྱགས་འབྲས་བུམ་པ་གང་ལས་མེད་པ་ལ་དེ་ཟ་མ་ནུས་པར་ཁ་བཅད་དེ་སྦས་ནས་བཞག་གོ །དེ་ནས་བུ་གསུམ་ལྷོ་ཕྱོགས་སུ་ཟས་འཚོལ་དུ་སོང་། བུ་མོ་གསུམ་བྱང་དུ་སོང་། ཕ་ནུབ་ཏུ་སོང་། དེ་ནས་མ་ལ་དུས་གཅིག་ན། ཤིན་ཏུ་ཕོངས་པ་གཅིག་ཟས་འཚོལ་དུ་བྱུང་ནས། འབྲས་ཀྱི་བུམ་པ་ཁ་ཕྱེ་སྟེ་བཙོས་ནས་བྱིན་ནོ། །དེར་ཕས་ཟས་མ་རྙེད་པར་བཀྲེས་པས་ཉེན་པ་ད་ནི་ཁྱིམ་གྱི་འབྲས་བུམ་པ་གང་པོ་ཟོས་ལ། དེ་ནས་བཙལ་དགོས་སྙམ་ནས་ལོག་པ་དང་། བུ་མོ་གསུམ་གྱིས་ཀྱང་དེ་བཞིན་དུ་ལོག །བུ་གསུམ་ཡང་ལོག །དེར་ཁོང་
༢༨༡ རྣམས་གྲོས་བྱས་པ་བཞིན་དུ་དུས་གཅིག་ལ་ལོག་ནས། ད་ནི་མས་འབྲས་ཀྱི་བུམ་པ་ཁ་ཕྱེ་ལ་བྱིན་ཅིག །བཀྲེས་པས་ཉེན་ཅིང་ཉམ་ཐག་པར་གྱུར་ཏོ། །ཞེས་ཟེར་བ་ལ། མ་ཡིས་སྨྲས་པ། ཁྱེད་རྣམས་ཀྱིས་ཟས་རྙེད་དེ་འོང་སྙམ་ནས། ཤིན་ཏུ་དབུལ་ཞིང་ཉམ་ཐག་པ་ཅིག་ཟས་སློང་དུ་བྱུང་ནས། དེ་ལ་བྱིན་ནས་མེད་བྱས་པས། ཁྱོ་དང་བུ་གསུམ་པོ་མགྲིན་གཅིག་ཏུ་བསྡེབས་ནས། མ་ལ་སྨྲས་པ། ཁྱོད་ཀྱིས་སྔར་ཡང་འདི་ཀ་བཞིན་བྱས་པས། ངེད་རྣམས་སྐྱིད་དུ་མ་སྟེར། ད་ཡང་ཁྱོད་ཀྱིས་ཟས་ཚོལ་བ་དང་མི་འོང་སྟེ། ངོས་ཀྱིས་བསགས་པ་རྣམས་ཀྱང་མེད་པར་བྱས་པས། འདི་ཕྱིར་ཐོན་ཅིག་ཟེར་ནས་ཁྱིམ་ནས་བཏོན་ནོ། །དེ་ནས་རྒན་མོ་དེས་ཁ་ཆེའི་ཡུལ་ནས། ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་ཕྱིན་པ་དང་། ཨོ་རྒྱན་གྱི་མི་རྣམས་ནི། ཕོ་སྐྱེས་པ་ཐམས་ཅད་ནི་དཔའ་བོ། མོ་སྐྱེས་པ་ཐམས་ཅད་ནི་དཔའ་མོ་ཤ་སྟག་ཏུ་འདུག་པ། གནས་དེར་ཕྱིན་པ་ཙམ་གྱིས་རིག་པ་རང་བཞིན་གྱིས་དྭངས་པར་འདུག་སྐད། དུས་དེར་འབྲས་རྩ་བ་དང་འཛོམ་ནས། འབྲས་བསྒྲུབ་པས་
༢༨༢ ཁལ་གཅིག་རྙེད་དོ། །དེ་གྲོང་ཁྱེར་དུ་ཁྱེར་ནས་ཆང་ཚོང་མ་བྱས་སོ། །དེའི་དུས་སུ་ཨོ་རྒྱན་གྱི་ནགས་ཁྲོད་ན། སློབ་དཔོན་ནག་པོ་བིར་ཝ་བ་ཞེས་ཀྱང་བྱ། ཨ་ཝ་བྷཱུ་ཏི་པ་ཞེས་ཀྱང་བྱ་བ་དེས། ཕྱག་རྒྱ་མ་ཨ་ཝ་ན་ཏི་མ་དང་གཉིས་གསང་གཅོད་མཛད་ཅིང་ཡོད་པ་ལས། རྣལ་འབྱོར་མ་དེས་རྟག་ཏུ་ཆང་ཉོར་ཕྱིན་ནོ། །དེ་ནས་རྒན་མོ་ཆང་ཚོང་མ་དེ་ལ་ཡང་སྐབས་སུ་ཆང་ཉོས་པས། ཆང་གཞན་བས་ཞིམ་པ་ཤ་སྟག་བཙོངས་སོ། །དེར་རྒན་མོས་སྨྲས་པ། རྣལ་འབྱོར་མ་ཁྱོད་ཆང་ཉོས་ནས་སུ་ལ་ཁྱེར་བ་ཡིན་བྱས་པས། རྣལ་འབྱོར་མས་སྨྲས་པ། ནགས་ཁྲོད་ན་རྣལ་འབྱོར་པ་བཟང་པོ་ཅིག་བཞུགས་པས་དེ་ལ་འདྲེན་པ་ཡིན་ཟེར། རྒན་མོས་སྨྲས་པ། ད་ནི་ཁྱེད་ལ་ཆང་རིན་མི་འདོད་དོ་ཟེར་ནས། འབྲས་ཆང་ཉིང་བསྲིངས་བྱས་ཀྱིན་བསྐུར་རོ། །དེར་བིར་ཝ་པའི་ཞལ་ནས། རྣལ་འབྱོར་མ་རིན་མི་དགོས་པར་ཆང་ཞིམ་པོ་ཤ་སྟག་འབྱུང་བ་འདི། ཇི་ལྟར་བྱས་པ་ཡིན་གསུངས་པ་དང་། དེར་སྔར་གྱི་ཆང་ཚོང་མ་དང་མི་འདྲ་བའི་དད་པ་ཅན་ཅིག་འདུག་སྟེ། ངའི་བླ་མ་བཟང་པོ་ཅིགཞིག་ནགས་ཁྲོད་ན་བཞུགས་ཡོད་པས་དེ་ལ་འདྲེན་པ་ཡིན་བྱས་པས། ཆང་ཚོང་མ་དད་པ་སྐྱེས་ནས་བསྐུར་བ་ལགས་ཞུས་པས། བིར་ཝ་པའི་ཞལ་ནས། རྣལ་འབྱོར་མ་ཅི་ནས་ཀྱང་རྒན་མོ་དེ་ཁམས་གསུམ་ནས་འདྲེན་དགོས་པས་ཁྲིད་ལ་ཤོག་གསུངས་ནས། རྣལ་འབྱོར་མས་རྒན་མོའ་རྩར་ཕྱིན་ནོ། །དེར་རྣལ་འབྱོར་མ་དེས་རྒན་མོ་ལ་སྨྲས་པ། ངའི་བླ་མ་བིར་ཝ་པའི་ཞལ་ནས། ཆང་ཚོང་མ་ཁྲིད་ལ་ཤོག་འཁོར་བ་ནས་འདྲེན་དགོས་གསུངས་པས། ཁྱོད་འདོངས་དང་བྱས་པས། རྒན་མོ་དེ་ཤིན་ཏུ་མོས་ཏེ། འབྲས་ཆང་བུམ་པ་གང་དང་བཅས་ཏེ་མཇལ་དུ་ཕྱིན་ནོ། །རྗེ་བཙུན་བིར་ལྦ་པས་དུས་དེ་ཉིད་དུ་གསང་སྒྲུབ་ལྟེ་བ་
༢༨༣ སྤྲུལ་འཁོར་གྱི་དབང་བཞི་རྫོགས་སུ་བསྐུར། བསྐྱེད་རྫོགས་ཆོས་དྲུག་དང་བཅས་པ། དབང་གི་ཕྲིན་ལས་འདུ་བ་རྣམ་གསུམ་དང་བཅས་པ་གསུངས་པས། དུས་དེ་ཉིད་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་ཏོ། །དེ་ཡང་བུ་ཁྱོ་རྣམས་ཀྱིས་ཁ་ཆེའི་ཡུལ་ནས་བཏོན་པའི་དུས་སུ། ལོ་ལྔ་བཅུ་རྩ་བརྒྱད་ལོན། ཨོ་རྒྱན་གྱི་ཡུལ་དུ་ཕྱིན་ནས་ཆང་ཚོང་ཙ་ན་དྲུག་ཅུ་ཐམ་པ། བིར་ཝ་པ་དང་མཇལ་ནས་དབང་བསྐུར་བྱས་ཙ་ན། དྲུག་ཅུ་རྩ་གཅིག་ལོན་ནོ། །དེར་ནུབ་གཅིག་ལ་གྲུབ་པ་ཐོབ་པའི་སྟོབས་ཀྱིས། དྲུག་ཅུ་རྩ་གཅིག་ལོན་པའི་རྣམ་སྨིན་ལུས་དེ་རང་དག་ལ་སོང་སྟེ། འཇའ་ལུས་སུ་གྱུར་ནས་གཞོན་ཞིང་ལང་ཚོ་དར་ལ་བབ་པ། སྐུ་མདོག་ཤིན་ཏུ་དཀར་བ། དབུ་སྐྲ་སིལ་བུ་སྐུ་རྒྱབ་ནོན་པ། །ལོ་བཅུ་དྲུག་ལོན་པའི་ན་ཚོད་ལྟར་ལྟ་བས་ཆོག་མི་ཤེས་པ། ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་བཞུགས་པའི་ཡེ་ཤེས་མཁའ་འགྲོ་སུ་ཁ་སིདྡྷི་ཞེས་བྱ་བར་གྱུར་ཏོ། །དེ་ཡང་མཁའ་འགྲོ་མ་དེ་བཅོམ་ལྡན་འདས་བདག་མེད་མར་དངོས་སུ་གྱུར་ཏོ། །བིར་ཝ་པ་དང་དགྱེས་མཛད་ཐ་དད་མེད་པའི་གསང་ཡུམ་ཀྱང་མཛད། ད་ལྟར་ཡང་འདས་གྲོངས་མི་མངའ་བར་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཀྱི་གཟིགས་པ་དུས་དྲུག་རྟག་ཏུ་འཇུག་གོ །དེ་བས་ཀྱང་ཁྱད་པར་སྣང་བ་དག་པ་རྣམས་ལ་ཆོས་གསུངས། གསང་སྒྲུབ་ཉམས་སུ་ལེན་པ་དང་། གསོལ་བ་འདེབས་པ་ཐམས་ཅད་ལ་དངོས་སུ་བྱིན་གྱིས་རློབ་ཅིང་། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་དོ། །དེའི་ཕྱིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེའི་རྣམ་ཐར་དང་། མཚན་ཐོས་པ་ཙམ་གྱིས་ཤིན་ཏུ་མོས་པར་གྱུར་ཏེ། བདག་དད་པའི་ས་བོན་གཏིང་ནས་གཡོས་ཏེ། བདག་ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་གྱི་ཕྱོགས་ཐམས་ཅད་
༢༨༤ དུ་ཕྱིན་པས། ཙནྡན་གྱི་སྡོང་པོའ་ནགས་ཀྱི་སྟེང་དུ། ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཇའ་འོད་འཁྱིལ་པའི་དབུས་ན། མཁའ་འགྲོ་མ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པ་རྒྱང་ནས་མཐོང་ངོ་། །དེ་ནས་དྲུང་དུ་ཕྱིན་ཏེ་ཕྱག་བཙལ། བསྐོར་བ་བྱས་ནས་གསེར་སྲང་ལྔ་ཕུལ་ནས་ཡང་དག་པའི་གདམས་བ་ཞུས་པས། ཐུན་མོང་མ་ཡིན་པའི་དབང་བའི་རྫོགས་པར་བསྐུར། གསང་སྒྲུབ་ཀྱི་བསྐྱེད་རྫོགས་ཆོས་དྲུག་འདུ་བ་གསུམ་ཞལ་གདམས་དང་བཅས་པ་དང་། ཁྱད་པར་དུ་ལོ་ཟླ་ཙམ་གྱིས་སངས་རྒྱ་བའི་གནད་ཁྱད་པར་དུ་འཕགས་པ་དང་། །གསང་སྔགས་ཀྱི་གནད་མ་ལུས་པར་གནང་ངོ་། །བདག་གི་རྩ་བའི་བླ་མ་བཞི་ལ། ཁྱད་པར་དུ་དྲིན་ཆེ་བའི་བླ་མ་སུ་ཁ་སིདྡྷི་ཡིན་ནོ། །དེ་ཡང་དང་པོར་དྲིན་ཆེ་སྟེ་ལུང་མང་པོ་སྟོན། བར་དུ་དྲིན་ཆེ་སྟེ་གསང་ཡུམ་མཛད་དེ་དབང་ཐམས་ཅད་མ་ལུས་པར་ཐོབ། ཐ་མ་དྲིན་ཆེ་སྟེ་དབང་ལག་ལེན་ཞལ་གདམས་དང་བཅས་པ་ཐམས་ཅད་གནང་ངོ་། །དེ་ཡང་བདག་ལ་རྒྱ་བོད་ཐམས་ཅད་དུ་འདུ་འབྲལ་མེད་པར་བྱིན་གྱིས་རློབ་ཅིང་དབང་བཞི་རྫོགས་རྟག་ཏུ་བསྐུར་རོ། །གསང་སྔགས་ཀྱི་གནད་རྣམས་རྒྱུན་ཆད་མེད་པར་གསུངས་པས་ཤིན་ཏུ་དྲིན་ཆེའོ། །ཕྱི་རབས་ཀྱི་བུ་སློབ་རྣམས་ཀྱིས་ཀྱང་གསངས་ནས་གསང་སྒྲུབ་འདི་བསྒྲུབ་པར་བྱའོ། བླ་མ་རྨོག་ལྕོག་པའི་ཞལ་ནས། སྡིང་མར་བསྒྲུབ་པ་བྱས་པའི་དུས་སུ། སུ་ཁ་སིདྡྷི་འདི་ཐོག་མར་ཞལ་མཐོང་། དེའི་དུས་སུ་དབང་བཞི་རྫོགས་སུ་བསྐུར། ཆོས་མང་དུ་གསུངས། དེ་ནས་རྨོག་ཅོག་གི་བྲག་ལོགས་ལ་སྒྲུབ་པ་བྱེད་ཅིང་བསྡད་པའི་དུས་སུ། སུ་ཁ་སིདྡྷི་བྱོན་ནས་ལུང་བསྟན་མང་པོ་མཛད། དེ་ནས་གཟུངབཟུང་ནས་འདུ་འབྲལ་ཅིགཞིག་ཀྱང་མེད་གསུང་ངོ་། །བླ་མ་སྐྱེར་སྒང་པའི་ཞལ་ནས། ངས་ལྷ་ས་འཕྲུལ་སྣང་དུ་ཕྱིན་པའི་དུས་སུ། སུ་ཁ་སིདྡྷི་འདིས་རྫོགས་
༢༨༥ རིམ་གྱི་ཆོས་མང་དུ་གསུངས། དུས་རྟག་ཏུ་དབང་བཞི་རྫོགས་སུ་བསྐུར། འདུ་འབྲལ་ནི་སྐད་ཅིག་ཀྱང་མེད་གསུང་ངོ་། །སངས་རྒྱས་གཉན་སྟོན་གྱི་ཞལ་ནས། སྐྱེར་སྒང་དུ་གྲོ་ཐོན་ནས་བྲག་ཁ་ཅིག་ཏུ་བསྡད་པའི་དུས་སུ། །སུ་ཁ་སིདྡྷི་ཞལ་མཐོང་། རིག་པ་རྟེན་མེད་དུ་ཞོག་དང་རྣལ་འབྱོར་པ། ཞེས་ལན་གསུམ་གསུངས། དེ་ནས་ད་ལྟ་ཡན་ཆོད་དུ་འདུ་འབྲལ་མེད། དབང་བཞི་ཁྱད་འཕགས་ཀྱི་གདམས་པ་མ་ལུས་པ་གནང་། ལུང་བསྟན་མང་པོ་མཛད་དོ། །ཁྱེད་བུ་སློབ་རྣམས་ལོ་ཟླ་ཙམ་གྱིས་སངས་རྒྱ་བར་འདོད་ན། གནས་དབེན་པར་བསྟེན་ལ་གསང་སྒྲུབ་འདི་གསང་ལ་སྒྲུབས་ཤིག་གསུང་ངོ་། །དེ་ནས་རིམ་པ་ལྟར། ཆོས་རྗེ་སྟོན་པ། མཁས་གྲུབ་ཤངས་སྟོན། མཁས་བཙུན་པ། ཁྱུང་པོ་ཚུལ་མགོན། རི་ཁྲོད་རས་ཆེན། ཤངས་པ་དཀར་པོ། སངས་རྒྱས་དཔལ་བཟང་། ནམ་མཁའི་མཚན་ཅན། སྐུ་སྐྱེ་རིན་པོ་ཆེ་སངས་རྒྱས་ཆོས་ཀྱིས་ཀུན་དགའ་བཀྲ་ཤིས་ངག་དབང་རྒྱལ་མཚན་དཔལ་བཟང་པོ་ལ་བརྒྱུད་དེ། དམ་པ་དེས་བདག་བྱམས་པ་རིན་ཆེན་བཟང་པོ་ལ་བརྩེ་བས་གནང་ངོ་།། །། ༈ སུ་ཁ་སིདྡྷིའི་རྒྱ་གཞུང་ནི། རྒྱ་གར་སྐད་དུ། བཛྲ་ཝཱ་ར་ཧི། གུ་ཧྱ་སཱ་དྷ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕག་མོའ་གསང་བའི་སྒྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །མཁའ་འགྲོའི་ཕྱོགས་སུ་ཁ་བལྟས་ཏེ། །མཎྜལ་ནི་སིན་་རའོ། །རང་སྐད་ཅིག་གིས་ཕག་མོར་གསལ་བའི་ལྟེ་བར་ཆོས་འབྱུང་ངོ་། །དེ་དབུས་པད་འདབ་བཞིའི་ལྟེ་བར་ༀ་མོ། །མདུན་དུ་ཧའོ། །གཡས་སུ་རིའོ། །རྒྱབ་ཏུ་ནིའོ། ཨོ་རྒྱན་དུ། གཡོན་དུ་སའོ། །དེ་ཐམས་ཅད་་གོང་རས་ལྗང་གུ་མུ་ཁྱུད་དང་བཅས་པ། དམར་བའི་མདོག་ཅན། མྱོས་བྱེད་ཀྱི་རང་བཞིན་ཅན། ཡི་གེའི་ཚོགས་དེ་རྣམས་ལས་་
༢༨༦ འོད་ཟེར་དམར་བ་ལྕགས་ཀྱུའི་དབྱིབས་ཅན་བྱུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དཔའ་བོ་དང་ཌཱ་ཀི་མ་རྣམས་ཀྱི་དབང་གི་ནུས་མཐུ་པདྨ་རཱ་གའི་མདོག་ལྟར་བཀུག་ལ་བསྟིམ་མོ། །དེའི་ནུས་མཐུའི་འོད་དམར་བའི་དབྱིབས་ཅན། དམིགས་བྱའི་སྨིན་མཚམས་དང་གསང་གནས་སུ་བཏབ་པས། ཀིཾ་ཤུའི་ལོ་མ་རླུང་གིས་བསྐྱོད་པ་ལྟར། སྒྲུབ་བྱ་འདོད་ཡོན་དང་བཅས་པ་རང་དབང་མེད་པར་པདྨའི་སྟེང་དུའོ། །དེ་ནས་ཆོས་འབྱུང་ཁ་བསྡུས་ཏེ། ཡི་གེ་མི་གཡོ་བའི་འོད་ཟེར་་སྙིང་ཟེར་བའང་སྣང་ངོ་། སྔ་མ་ལྟ་བུའི་གནས་གཉིས་སུ་བཏབ་པས། པདྨ་གཡོས་མེད་པ་ལྟར། དབང་མེད་དུ་མྱུར་དུ་འཁོར་བས། སྒྲུབ་བྱ་འདོད་ཡོན་དང་བཅས་ལི་ཁྲི་ལྟ་བུར་གྱུར་ཏེ། གཅེར་བུ་གསུམ་དང་ལྡན་པར་བལྟའོ། །མི་གནས་གསུམ་ལ་རྩེ་གཅིག་ཏུ་འབད་པར་བྱའོ། །དེ་ནི་འདུ་བ་གསུམ། ཤིན་ཏུ་མྱུར་བས། དང་འཆར་བ་གསུམ་འབྱུང་བར་འགྱུར་རོ། །འབུམ་ཕྲག་བདུན་གྱིས་འཇིག དམར་ལྡེམ་ལྡེམ། སྒྲུབ་བྱེད་དེ་ཉིད་ཀྱི་ལུས་ངག་ཡིད་གསུམ། རྟེན་གྱི་བདག ལུས་ངག་ཡིད་གསུམ། པོར་འགྱུར་རོ། །ཟླ་བ་དྲུག་གིས་བཅུ་་མི་་བཞིའི་ས་་ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པ། སྔགས་་ཐོབ་པར་འགྱུར་རོ། །དབང་ལ་ནི་ཆགས་པའི་སེམས་ཀྱིས་སོ། །མཆོག་ལ་ནི་མི་རྟོག་པའི་སེམས་ཀྱིས་སོ། །གསང་ཞིང་སྨྲ་བ་བཅད་པ་དང་། །ཐེ་ཚོམ་མེད་པ་ནི་དམ་ཚིག་གོ །གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་ཞེས་བྱ་བ། ཌཱ་ཀི་མ་སུ་ཁ་མ་ཧཱ་སིདྡྷིས་ཕྱུང་བའོ། །རྫོགས་སོ། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ནས། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོ། །མངྒ་ལཾ།། །། ༈ སུ་ཁ་སིདྡྷའི་གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་ནི། ཐུགས་ནི་འོད་གསལ་ངང་ལ་གནས། །སྣང་
༢༨༧ གྲགས་སྒྱུ་མར་མཁྱེན་པ་ཡི། །ཞེན་མེད་ལྷ་སྐུས་འགྲོ་དོན་མཛད། །དཔལ་ལྡན་སྐྱེར་སྒང་པ་ལ་འདུད། །མཁའ་འགྲོ་མ་གནད་ཀྱི་གདམས་པ་འདི་ལ། དོན་རྣམ་པ་གཉིས་ཏེ། བསྙེན་པ་དང་། ཉེ་བར་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། བསྐྱེད་རིམ་བཟླས་པ་དང་བཅས་པ་དང་། རྫོགས་རིམ་བསྒོམ་པའོ། །དང་པོ་ལ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་རི་ཁྲོད་ལ་སོགས་པ་དབེན་ཞིང་ཉམས་དགའ་བའི་གནས། བདེ་ཞིང་འབོལ་བའི་གདན་ལ། བསམ་གཏན་གྱི་ཆོས་ཀྱིས་ཉེ་བར་འདུག་སྟེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས། ཧཱུྃ་གིས་གསོལ་བ་ལན་གསུམ་གདབ་པར་བྱའོ། །གཉིས་པ་དངོས་གཞིའི་ཉམས་ལེན་ནི། རྒྱུད་ལས། ཨ་ཡི་འོད་ཀྱིས་བསྲེགས་བྱས་ནས། །མི་འགྲུབ་པ་ནི་གང་ཡང་མེད། །ཅེས་གསུངས་པའི་དོན་ནི། རང་སྐད་ཅིག་དྲན་རྫོགས་ཀྱིས་རྡོ་རྗེ་ཕག་མོར་ཝལ་གྱིས་བསྒོམ། དེའི་ལྟེ་བའི་དབུས་རྩ་དབུ་མའི་ནང་དུ་པདྨ་འདབ་མ་བཞི་པ་ཟེའུ་འབྲུ་དང་བཅས་པ་གཅིག་པུ་སྒོམས་ཏེ། དེ་ཡང་མདུན་གྱི་འདབ་མ་སྔོ་སྐྱ། གཡས་ཀྱི་དམར་པོ། རྒྱབ་ཀྱི་དཀར་པོ། གཡོན་གྱི་སེར་པོ། དབྱིབས་དང་ཁ་དོག་གསལ་བར་བསྒོམ། དབུས་ཀྱི་ལྟེ་བ་ལ་ཨ་དཀར་པོ་འོད་འཕྲོ་བ་གཅིག་བསམ། མདུན་གྱི་འདབ་མ་ལ་ཧ་སྔོ་སྐྱ། གཡས་སུ་རི་དམར་པོ། རྒྱབ་ཏུ་ནི་དཀར་པོ། དེའི་འོག་ཏུ་ས་སེར་པོ། དེ་རྣམས་གསལ་བར་བསྒོམས་ལ། དེ་ནས་མདུན་གྱི་ནམ་མཁའ་ལ་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་དང་། སློབ་དཔོན་ནག་པོ་བིར་ཝ་པ་གཉིས་ཐ་མི་དད་པར་བསམ། དེའི་འོག་ཏུ་རྗེ་བཙུན་དམ་པ་རྒྱ་གར་ཕྱག་ན་སྦའི་གླིང་བུ་བསྣམས་ནས། བདག་ལ་བྱིན་གྱིས་བརླབས་པར་བསྒོམ། དེ་གཉིས་ལ་སངས་རྒྱས་དང་བྱང་ཆུབ་སེམས་
༢༨༨ དཔའ་དཔག་ཏུ་མེད་པས་སྤྲིན་གཏིབས་པ་བཞིན་དུ་ཐམ་མེ་བསྐོར་ནས་བཞུགས་པར་བསྒོམ། དེ་རྣམས་ལ་དད་གུས་དྲག་པོ་བྱས་པས། གཙོ་བོ་ཀྱཻའི་རྡོ་རྗེ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་ཐུགས་ལས། ༀ་ཨཱཿཧཱུྃ་གསུམ་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་དུ་དམ་པའི་གླིང་བུ་མར་ལ་ཕྱུང་། བདག་གི་སྤྱི་བོར་བྱོན་ནས་ཚངས་བུག་ནས་མར་སོང་། དབུ་མ་བརྒྱུད་ནས་ལྟེ་བའི་ཨ་ལ་སིབ་སིབ་ཐིམ་པ་དང་། ཟག་པ་མེད་པའི་བདེ་བ་རྒྱས་པར་བསམས་ལ། སྐྱབས་སུ་འགྲོ་བ་གྲུབ་ཚད་བྱའོ། །དེས་བདག་མཁའ་འགྲོའི་དབང་དུ་མི་འགྲོ་ཞིང་། ཌཱ་ཀི་མ་བདག་གི་དབང་དུ་འདུ་བའི་གནད་ཡིན་ནོ། །དེ་ནས་ཡི་གེ་བཞི་པོ་གོང་བས་ཐོས་ཙམ་དུ་ཤིབ་ཤིབ་བཟླས་པས། ལྟེ་བའི་ཨ་ལས་འོད་ཟེར་དཀར་པོ་འཕྲོས། ཡི་གེ་བཞི་ལ་ཐིམ་ཞིང་བསྲེགས་པས་ལྕགས་བསྲེགས་པ་ལྟ་བུར་སོང་སྟེ། བདེ་སིང་སིང་པར་བསྒོམས་པས། འོག་གི་པདྨ་དབང་མེད་དུ་གཡོན་དུ་དྲག་ཏུ་འཁོར་ཞིང་སྒོ་རོ་རོ་འཁོར་བར་བསྒོམ། ཡི་གེ་མི་འཁོར་པདྨ་འཁོར་བ་ལ་དམིགས་པ་དེ་དང་མ་བྲལ་བར་བཟླས་པ་ཅི་འགྲུབ་བྱའོ། །དེ་ལས་སྐྱོན་ལྟེ་བའི་ཨ་ལས་འོད་འཕྲོས། དབུ་མ་ནས་ཚངས་བུག་ལ་བཏོན་ཏེ། ནམ་མཁའ་གང་བའི་ལྷའི་བུ་མོ་ཐམས་ཅད་ཀྱི་བདེ་བ་ཐམས་ཅད་བཀུག །ཚངས་བུག་ནས་བརྒྱུད་ནས་ལྟེ་བའི་ཨ་ལ་ཐིམ་པས། ཟག་པ་མེད་པའི་བདེ་བ་རྒྱས་པར་བསྒོམ། དེ་བཞིན་དུ་ཨའི་འོད་ཟེར་གྱིས་དྲི་ཟའི་བུ་མོ་དང་བྲམ་ཟེའི་བུ་མོ་དང་། གདོལ་པའི་བུ་མོ་དང་། ཀླུའི་བུ་མོ་དང་། མིའི་བུ་མོའ་བདེ་བ་ཐམས་ཅད་བཀུག་ལ་སྔར་བཞིན་བསྒོམ་མོ། །དེ་ནི་བསྐྱེད་རིམ་བཟླས་པ་དང་བཅས་པའོ། །གཉིས་པ་རྫོགས་རིམ་ནི། ཐ་མལ་ཤེས་པ་རང་ག་འདི། །བསྒོམ་འདོད་རྟོག་པས་མ་བསླད་པར། །མ་བཅོས་ངང་ལ་
༢༨༩ ཀློང་ལ་ཞོག །ཅི་ཡང་མི་དམིགས་དེ་ཁོ་ན། །ཕྱག་རྒྱ་ཆེན་པོ་ཞེས་སུ་བརྗོད། །དངོས་གཞི། གསུམ་པ་རྗེས་ཀྱི་བྱ་བ་ནི། བདག་གིས་དེ་ལྟར་བསྒོམས་པ་ཡིས། །དངོས་པོའ་སྣང་གྲགས་ཆོས་རྣམས་ཀུན། །སྒྱུ་མ་ལྟ་བུར་ཤེས་བྱས་ལ། །ཞེན་པ་མེད་པའི་སྤྱོད་ལམ་གྱིས། །ལུས་ངག་ཡིད་གསུམ་དགེ་ལ་བཀོལ། །སྙིང་རྗེས་སེམས་ཅན་དོན་ལ་འབད། །དེ་ལྟར་བསྙེན་པ་རྫོགས་པ་དང་། །གཉིས་པ་དྲན་པ་བསྒྲུབ་པ་ལ་འཇུག་སྟེ། དེ་ཡང་བསྙེན་པ་འབུམ་ཚོ་གསུམ་སོང་ནས། མི་འགྲུབ་པ་ནི་གང་ཡང་མེད། །ཅེས་བཤད་པས། སྔོན་ལ་བསྙེན་པ་འབུམ་ཚོ་གསུམ་སོང་ནས། དེ་ནས་ཉེ་བར་བསྒྲུབ་པ་ལ་འཇུག་པ་ནི། བླ་མའི་ཞལ་ལས་ཤེས་པར་བྱའོ། །བླ་མའི་གདམས་ངག་རིན་པོ་ཆེ། །མཁའ་འགྲོ་གནད་ནས་བསྐུལ་བྱེད་པའི། །ཇི་སྐད་གསུང་བཞིན་ཡི་གེར་བཀོད། །དེ་ལ་ཌཱ་ཀིས་མི་བཀྱོན་འཚལ། །དགེ་བ་སེམས་ཅན་དོན་དུ་བསྔོ། །ཌཱ་ཀི་གནད་ཀྱི་གསང་སྒྲུབ་རྫོགས་སོ།། །། ༈ སུ་ཁ་སིདྡྷིའི་དབང་ཆོག་བཞུགས། ན་མོ་གུ་རུ། གཞན་ལ་བྱིན་རླབས་བྱེད་པར་འདོད་པས། དབེན་ཞིང་ཉམས་དགའ་བའི་གནས་སུ་ཕྱག་དར་དང་ཆག་ཆག་བཏབ། བླ་མ་དཀོན་མཆོག་གི་རྟེན་བཀྲམ། པུ་ཙ་བཟང་དུ་བཤམ། ས་གཞི་བསྟར་བ་ལ། བདུད་རྩི་ལྔ་དང་ཆང་བསྲེས་ལ་གྲུ་བཞིར་བྱུགས། དེ་ལ་པདྨ་འདབ་བཞི་མུ་ཁྱུད་དང་བཅས་པ་བྲི། མདུན་གྱི་འདབ་མ་སྔོ་སྐྱ། གཡས་ཀྱི་དམར་པོ། རྒྱབ་ཀྱི་དཀར་པོ། གཡོན་གྱི་སེར་པོ་གོང་རས་ལྗང་གུ། ལྟེ་བར་མུ་ཁྱུད་ནག་པོས་བསྐོར། དབུས་སུ་ཧཱུྃ་ནག་པོ། མདུན་གཡས་སྐོར་དུ་ཧ་རི་ནི་ས་ཁ་དོག་པདྨ་དང་མཐུན་པ་བྲི། དེའི་སྟེང་དུ་མཉྫི་བཞག་གོ །དེའི་སྟེང་དུ་མེ་ལོང་ལ་ཆང་དང་བདུད་རྩི་བསྲེས་པ་བྱུགས། དེ་ལ་སིནྡྷཱུ་ར་
༢༩༠ དར་ཚགས་བྱས་ལ་ཁོད་སྙོམས་པར་བྱུགས། དེ་ལ་པདྨ་འདབ་བཞི་དང་ཡིག་འབྲུ་ལྔ་སྔར་བཞིན་བྲི། མཉྫིའི་ཁར་གཞུག །སྟེང་འོག་གི་ཡི་གེ་ཧཱུྃ་ནག་པོ་སློབ་དཔོན་ནག་པོ་བིར་ཝ་པ་དང་། དགྱེས་མཛད་ཐ་མི་དད་པར་བསྒོམ། ཡི་གེ་མཁའ་འགྲོ་མ་བཞིའི་ངོ་བོ་ལྷར་བལྟས་ལ། རྣམ་པ་ཡི་གེའི་གཟུགས་སུ་བསམ། འོག་མ་དམ་ཚིག་སེམས་དཔར་བསམ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། བདག་ཉིད་དགྱེས་རྡོར་དུ་བསྐྱེད་ལ་བཟླས་པ་བྱ། ༈ དགྱེས་མཛད་གཡོན་དུ་སུ་ཁ་སིདྡྷི་བསྒོམས། འབྱོར་ན་པུ་ཙ་ལྔས་ཚན་བསྐོར། དེ་མ་འབྱོར་ན་ཅི་ཙམ་འབྱོར་པ་བཤམ། གཏོར་མ་གསུམ་རྒྱབ་ཏུ་བཤམ། ཐོད་པ་ཆང་གིས་བཀང་བ་ལ་བདུད་རྩི་རིལ་བུ་བཏབ་ལ་རང་གི་མདུན་དུ་བཞག །ནང་མཆོད་བྱིན་གྱིས་བརླབས། རྡོ་རྗེ་དྲིལ་བུ་སྟ་གོན་བྱ། སློབ་མ་དུ་ཡོད་འདུས་བྱས་ལ་གྲལ་རིམ་གྱིས་བཞག །རང་སྟན་བདེ་བ་ལ་འདུག །ཡི་དམ་ལྷའི་ང་རྒྱལ་གྱིས་བྱིན་གྱིས་བརླབས་པའི་ཆང་སློབ་མ་རྣམས་ལ་གཏོར་ཞིང་བགེགས་བསྲུང་། སྤྱི་ལྟར། བྱིན་གྱིས་བརླབས་པའི་མཆོད་པ་དང་། ནང་མཆོད་དབུལ། བསྟོད་པ་རྣམས་བྱ། གཏོར་མ་དབུལ། བདག་འཇུག་བྱ། དེ་ནས། དེ་ནས་སློབ་མ་རྣམས་བློ་རིམ་གྱིས་ཁྲིད་དེ་སྡིག་པ་བཤགས་པ་དང་། སྐྱབས་སུ་འགྲོ་བ་ཐུན་མོངས་པ་དང་། སུམྦྷ་ནི་སོགས། སེམས་བསྐྱེད་པ་རྣམས་ཕ་རོལ་ཏུ་ཕྱིན་པའི་ལུགས་ལྟར་བྱའོ། །དེ་ནས་སློབ་དཔོན་ལ་ཕྱག་བཙལ་ཏེ་མེ་ཏོག་ཕུལ། དལ་འབྱོར་རྙེད་པར་དཀའ་བ་སོགས་ཀྱི། མོས་གུས་དྲག་པོ་བྱའོ། །བླ་མས་མཆོད་པ་བསངས་ལ་ལྷ་ལ་ཕུལ། བྱིན་གྱིས་རློབ་་ལམ་ཡན་ལག་ལྔ་སོགས། པར་གསོལ་བ་གདབ། རང་ཉིད་བདེ་མཆོག་ཏུ་བསྒོམས་ལ། རྩ་དབུ་མའི་ནང་ལྟེ་བའི་ཐད་ཀ་ཙམ་དུ། པདྨ་འདབ་མ་བཞི་པ་ཟེའུ་འབྲུ་དང་བཅས་་དེ་ནས་སྔགས་ཀྱི་གནང་བ་སྦྱིན་པ་ལ་སོགས་པ་ཡན་ལག་ལྔ་བྱ། པ་གཅིག བིར་ཝ་པ་ཧཱུྃ། སུ་ཁ་མ་སིདྡྷི་ཧཾ་ཞེས།
༢༩༡ བསྒོམས་ཏེ། དེ་ཡང་མདུན་གྱི་འདབ་མ་སྔོན་པོ། གཡས་དམར་པོ། རྒྱབ་དཀར་པོ། གཡོན་སེར་པོ་བསམ། དབུས་ཀྱི་ལྟེ་བ་ནག་པོ་ལ་ཨ་དཀར་པོ། མདུན་དུ་ཧ་སྔོ་སྐྱ། གཡས་སུ་རི་དམར་པོ། རྒྱབ་ཏུ་ནི་དཀར་པོ། གཡོན་དུ་ས་སེར་པོའོ། །དེ་ནས་མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསམ། དེའི་སྟེང་དུ་ཧཱུྃ་ལས་དགྱེས་མཛད་བིར་ཝ་པ་དང་ཐ་མི་དད་པ་བསྒོམ། དེའི་གཡོན་དུ་ཧཱུྃ་ལས་བདག་མེད་མ་དང་། སུ་ཁ་མ་སིདྡྷི་ཐ་དད་མེད་པར་བསྒོམ། རང་གི་སྤྱི་བོར་དམ་པ་ཕྱག་ན་སྦའི་གླིང་བུ་རྩ་དབུ་མ་ལ་རེག་གེ་བསྣམས། དམ་པའི་མདུན་ན་བླ་མ་བཞུགས་པར་བསམས་ནས། རྗེ་བཙུན་བིར་ཝ་པ་ཧཱུྃ། སུ་ཁ་སིདྡྷི་ཧཾ། ཞེས་གསོལ་བ་ལན་གསུམ་བཏབ་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཁྱད་པར་དུ་བིར་ཝ་པ། སུ་ཁ་སིདྡྷི། དམ་པ་གསུམ་གྱི་ཐུགས་ཀ་ནས། ༀ་ཨཱཿཧཱུྃ་མུ་ཏིག་དར་ལ་བརྒྱུས་པ་བཞིན་དུ་དམ་པའི་གླིང་བུའི་ནང་ན་མར་ལ་སོང་། དབུ་མ་ནས་བརྒྱུད་དེ་ཡི་གེ་བཞི་ལ་སིབ་སིབ་ཐིམ་པས། ཉམས་ཆགས་ནུས་པ་སྨད་པར་བསྒོམས་ནས། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་གྲུབ་ཚད་བྱས་ལ་གསོལ་བ་གདབ་བོ། །དེ་ནས་ལུས་བཅོས་ཏེ། གོང་བཞིན་དམིགས་པ་རྣམས་བསྒོམ་དུ་གཞུག་ཅིང་། བླ་མས་ཀྱང་དམིགས་པ་རྣམས་བསྒོམས་ཏེ། གསོལ་བ་བཏབ་ཅིང་རོལ་མོ་རྣམས་འབུད་བཀྲོལ་བྱའོ། །ལུས་ངག་ཡིད་གསུམ་ལ་ཕེབས་ལུགས་སྤྱི་དང་མཐུན་ནོ། །དངོས་གཞི་དབང་བསྐུར་བ་ལ། བུམ་པའི་དབང་བཞི་དང་། ལྷ་མོ་དྲུག་གི་དབང་བསྐུར་བའོ། །དང་པོ་བུམ་པའི་དབང་གི་གསོལ་འདེབས་ནི། སྐྱོབ་པའི་དཀྱིལ་
༢༩༢ འཁོར་མངོན་སུམ་དུ། །ཏིལ་གྱི་གོང་བུ་བཞིན་གང་བས། །བདག་ཉིད་ལ་ནི་དབང་བསྐུར་གསོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་སྟེ། དེ་ནས་ལྷ་ཚོགས་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱི་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཅེས་བུམ་པའི་དབང་བསྐུར་བར་བྱའོ། །གསང་དབང་གི་གསོལ་འདེབས་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའ་རྡོ་རྗེ་དེང་བདག་སྩོལ། ཅེས་ལན་གསུམ་གྱིས་གསོལ་བ་བཏབ་པ་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས། ཕྱོགས་བཅུའི་གསང་གསུམ་ལས་བྱུང་བའི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཅེས་པ་སྔགས་དང་བཅས་པས་བྱང་སེམས་ལྕེ་ཐོག་ཏུ་སྦྱིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་གསོལ་འདེབས་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཁམས་གསུམ་ཡེ་ཤེས་བདུད་རྩི་ནི། །རྡོ་རྗེའི་ལམ་ལ་རབ་བསྡུས་ནས། །བདེ་བ་ཆེན་པོའ་དབང་བསྐུར་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་པ་དང་། ལྷ་ཚོགས་རྣམས་ཀྱིས་དེ་དག་གི་སྟེང་དུ། བདེ་བ་བསྐྱེད་ཕྱིར་རིགས་ཀྱི་ཡུམ། རྒྱལ་སྲས་ཡེ་ཤེས་དབང་བསྐུར་སྦྱིན། །ཅེས་པ་སྔགས་དང་བཅས་པས་སྦྱིན་ནོ། །དབང་བཞི་པའི་གསོལ་འདེབས་ནི། ཀུན་མཁྱེན་ཡེ་ཤེས་ཐུགས་རྗེའི་བདག །གཙོ་བོས་བདག་ལ་དབང་བསྐུར་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་པ་དང་། ལུས་ཀྱི་འཁྲུལ་འཁོར་ནི། རྐང་པ་ཅུང་ཟད་བསྣོལ། ལག་པ་གཡོན་སྡིགས་མཛུབ་བྱས་ལ་ཐུགས་ཀར་བཟུང་། གཡས་པ་མཐེབ་ཆེན་དང་མཐེའུ་ཆུང་གཉིས་སྤྲད་ལ། སོར་མོ་གསུམ་གདེངས་
༢༩༣ པའི་ཚུལ་དུ་བྱས་ཏེ་མིག་ཧུ་རེ་བལྟའོ། །ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག །ཅེས་པ་དབང་བཞི་པའོ། །དེ་ནས་ལྷ་མོ་དྲུག་གིས་དབང་བསྐུར་བ་ནི། རང་ཉིད་བདེ་མཆོག་ཏུ་བསྒོམས་པའི་ལྟེ་བའི་ཨཱ་ལས་འོད་འཕྲོས་པས། ལྷ་མོ་སྐུ་མདོག་དཀར་བ་ལ་སེར་བའི་མདངས་ཆགས་པ་གཟི་མདངས་ཅན་བདེ་བའི་ཉམས་དང་ལྡན་པ། གཞོན་ཞིང་སྒེག་པ། བཉྩ་ལི་ཀ་དང་། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པའི་གསང་གནས་སུ་འོད་ཟེར་འཕྲོས་པས་མདུན་དུ་བྱོན། དེའི་གསང་གནས་གསལ་བར་བསྒོམས་ལ། དེ་ནས་རང་གི་དབང་པོའ་རྩེར་ཧཱུྃ་མཐིང་ནག་ལས་འོད་ཟེར་ལྔ་འཕྲོས་པས། ཆོས་འབྱུང་ནང་དུ་སོང་། རྩ་འདབ་ཁེངས་པས་བདེ་བ་རྒྱས་ཏེ། རྗེ་བཙུན་མ་བདེ་བའི་འོད་ཟེར་གྱིས་ཚུར་ལ་དྲག་ཏུ་བསྡུས་ནས། རང་གི་དབང་པོའ་ནང་ནས་ཡར་རྗེ་བཙུན་མ་སོང་བས་རྩ་ཐམས་ཅད་ཁེངས། དེའི་བདེ་བ་རྒྱས་པ་དང་། འོག་རླུང་དྲག་ཏུ་བསྐུམ་ནས་བསུས་པ་སྦྱར། བདེ་སྟོང་གཉིས་སུ་མེད་པར་བསྒོམ་མོ། །ཡང་གཅིག་ཧཱུྃ་ལས་འོད་འཕྲོས་ནས། །བདེ་བ་གོང་བཞིན་བསྐུལ་བ་ཡིས། །རང་ལུས་ཟག་མེད་བདེ་བ་རྒྱས། །གསལ་སྟོང་གཉིས་སུ་མེད་པར་བསྒོམ། །དེ་ནས་ལྷ་མོ་རྗེ་བཙུན་མ། །རང་ལ་གཉིས་མེད་འཁྱུད་ནས་ནི། །ཐབས་དང་ཤེས་རབ་བསྲུབ་པ་ཡི། །དྲོད་ཀྱིས་བདེ་བའི་གནད་བསྐུལ་ནས། །ཡུམ་གྱི་རང་བྱུང་ཉི་མའི་རྒྱུན། །བདེ་བ་ཕུན་སུམ་ཚོགས་པ་དེ། །རྡོ་རྗེ་ནས་ནི་ཁོང་པ་ཡི། །ནང་ན་ཡར་ལ་སོང་བ་དང་། །རྩ་ཆེན་རྩ་ཕྲན་ཐམས་ཅད་ཁེངས། །བདེ་བས་རྒྱུད་ནི་གང་ཞིང་རྒྱས། །རང་ལུས་ཟག་མེད་བདེ་བས་རྒྱས། །རང་ལུས་རཱ་གའི་མདོག་ལྟར་གྱུར། །དེ་ཡི་ཡུམ་ནི་དབང་དུ་འགྱུར། །རང་གི་ཀུན་དཱ་ཕར་འཕྲོས་པས།
༢༩༤ ཡུམ་དེ་བདེ་བ་རྒྱས་གྱུར་ནས། །དཀར་ལ་དམར་བའི་མདངས་ཆགས་པས། །ཡུམ་གྱིས་ཡབ་ནི་དབང་དུ་གྱུར། །དེ་ལྟར་ཡབ་ཡུམ་འོད་འཁྲུག་ཅིང་། །བདེ་བས་རྒྱུད་ནི་གང་བའི་ཚེ། །འོག་རླུང་དྲག་ཏུ་བསྐུམ་པ་དང་། །བདེ་བས་སྟོང་པའི་དོན་སྟོན་ཅིང་། །སྟོང་པས་བདེ་ལ་ཆགས་མི་བྱ། །བདེ་སྟོང་གཉིས་མེད་ཡེ་ཤེས་མཆོག །དམར་བ་ཡུན་རིང་དཀར་བ་ཐུང་། །གནད་ཀྱི་མཆོག་ཏུ་ཤེས་པར་བྱ། །སྣང་སྟོང་ལྷ་སྐུ་བདེ་ཆེན་ལ། །གསལ་ལ་རྟོག་པ་མེད་པར་བཞག་དེ་ལྟར་ཡབ་ཡུམ་གཉིས་མེད་ཀྱི། །ངང་ནས་བཟླས་པ་བྱ་བ་ནི། །ༀ་ཧ་རི་ནི་ས་ལ་སོགས་བཟླས། །དེ་ཡིས་ལྷ་སྐུ་ཕྱག་རྒྱ་ཆེ། །ཞེན་པའི་དྲི་མ་ཐམས་ཅད་དག །བྲལ་བ་རང་ཤར་དག་ཏུ་འབྱུང་། །དེ་ཡིས་གང་འདུལ་ལྷུན་གྱིས་གྲུབ། །དེ་ནི་མཐར་ཐུག་འབྲས་བུའོ། །དྲི་ཟ་བྲམ་ཟེ་གདོལ་བ་དང་། །མི་དང་ཀླུ་ལ་དེ་བཞིན་ནོ། །དཀར་བ་ལ་དབང་བཞིའོ། །སྔོ་བ་ལ་དགའ་བ་བཞི། སྨུག་པ་ལ་སྐད་ཅིག་མ་བཞི། སྨུག་ནག་ལ་ཡང་དབང་བཞི། རཱ་ག་སྐུ་བཞིའོ། །དེ་ནས་ཚོགས་ལོངས་སྤྱོད། གཏོར་མ་དབུལ། ལྷག་གཏོར་བཏང་། མཎྜལ་གྱི་ལྷ་རྣམས་སློབ་མའི་ལྟེ་བར་བསྡུའོ། །ལྷག་ཆད་བཤགས་བ་ཅི་བདེར་གནས་པར་བྱའོ། །བྱིན་གྱིས་བརླབས་པའི་མན་ངག་ནི། །བླ་མའི་གསུང་བཞིན་ཡི་གེར་བཀོད། །ཌཱ་ཀི་རྣམས་ལ་བཟོད་པར་གསོལ། །དགེ་བ་སེམས་ཅན་དོན་དུ་བསྔོ། །ཌཱ་ཀི་མ་གནད་ཀྱི་གདམས་པ་དབང་གི་ཟིན་བྲིས་རྫོགས་སོ།། །།


Notes


Other Information

Information about Unicode Tibetan and the digitization of this text
As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion.