Tibetan:ཛམ་བྷ་ལ་སེར་པོའི་ཁྲིད་དངོས་གྲུབ་ཆར་འབེབས་
(Redirected from ཛམ་བྷ་ལ་སེར་པོའི་ཁྲིད་དངོས་གྲུབ་ཆར་འབེབས་)
Jump to navigation
Jump to search
ཛམ་བྷ་ལ་སེར་པོའི་ཁྲིད་དངོས་གྲུབ་ཆར་འབེབས་
dzam bha la ser po'i khrid dngos grub char 'bebs
Damngak Dzö Volume 16 (མ་) / Pages 467-483 / Folios 1a1 to 9a7
dzam bha la ser po'i khrid dngos grub char 'bebs
Damngak Dzö Volume 16 (མ་) / Pages 467-483 / Folios 1a1 to 9a7
Tibetan Text
XXX
ཛམ་བྷ་ལ་སེར་པོའི་ཁྲིད་དངོས་གྲུབ་ཆར་འབེབས་བཞུགས་སོ། །
XXX
ཚོགས་གཉིས་རྒྱ་མཚོ་ཡོངས་སུ་རྫོགས་པའི་མཐུས། །འགྲོ་ལ་དགོས་འདོད་ཆར་ཆེན་རྟག་འབེབས་པ། །དགེ་བའི་ལོ་ཏོག་འབྲས་བུ་སྨིན་མཛད་པའི། །ཆུ་དབང་མགོན་པོའི་སྐུ་ལ་ཕྱག་འཚལ་ལོ། །གང་ལ་གསོལ་བ་བཏབ་པས་སྐད་ཅིག་ལ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་སྩོལ་མཛད་པའི། །བཅོམ་ལྡན་ཛཾ་བྷ་ལ་དེས་བདག་སྐྱོངས་ཤིག །དེ་ཉིད་མན་ངག་བསྒོམ་པའི་རིམ་པ་རྣམས། །སྙན་བརྒྱུད་དགོས་འདོད་ཀུན་འབྱུང་གདམས་པ་མཆོག །འགྲོ་ལ་ཕན་ཕྱིར་ཡི་གེར་བཀོད་པ་ལ། །བླ་མ་མཁའ་འགྲོ་ཛཾ་ལྷས་བྱིན་གྱིས་རློབས། །འདིར་འཕགས་པ་ཛཾ་བྷ་ལའི་ཁྲིད་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་འདི་ལ་དོན་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་མོ། །དང་པོ་ལ་གསུམ་སྟེ། བླ་མ་བརྒྱུད་པའི་བྱུང་ཚུལ། ཐུན་མོང་གི་སྔོན་འགྲོ། ཁྱད་པར་གྱི་སྔོན་འགྲོ་དང་གསུམ་མོ། །དང་པོ་ནི།
XXX
རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛྭོ་ཀི་དེ་ཉིད། དུར་ཁྲོད་སོ་ས་གླིང་དུ་ཐུགས་དམ་ལྷ་ལྔ་བསྒྲུབས་པས། གྲུབ་པ་བརྙེས་ཏེ། ལྷ་སོ་སོའི་ཞལ་བསྟན་ནས། ཁྲིད་ཀྱི་རིམ་པ་རྣམས་གནང་ཞིང༌། མི་རབས་བདུན་གྱི་བར་དུ་བྱིན་གྱིས་རློབ་པར་ལུང་བསྟན། དེའི་ཚེ་བཅོམ་ལྡན་འདས་འཕགས་པ་ཛམ་བྷ་ལའི་ཁྲིད་འདི་དག་ཉམས་སུ་ལེན་པའི་རྣལ་འབྱོར་པ་རྣམས་ལ། དགོས་འདོད་ཆར་ལྟར་བདག་གིས་འབེབས་ཤིང༌། ཕྱི་མའི་མཐར་ཐུག་གི་བར་བདག་གིས་དགོས་འདོད་བསྒྲུབ་པར་བྱའོ། །ཡོངས་སུ་བསྲུང་ཞིང་བདེ་ལེགས་དང་ལྡན་པར་འཚལ་ལོ། །ཞེས་གསུངས་ནས་བསྐྱེད་རྫོགས་ཀྱི་ཁྲིད་ཀྱི་རིམ་པ་གསུངས་སོ། །རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲས་རྗེས་སུ་བཟུང་བ་ནི། པཎ་ཆེན་ཤྲཱི་པུ་ཏྲའོ། །དེ་ཉིད་ཀྱིས་རྗེས་སུ་བཟུང་བ་ནི། མཚུངས་མེད་གཱིརྟི་རཏྣའོ། །གཉིས་པ་ལ་བཞི་སྟེ། དལ་འབྱོར་རྙེད་པར་དཀའ་བ་བསྒོམ་པ་དང༌། འཆི་བ་མི་རྟག་པ་བསྒོམ་པ་དང༌། ལས་རྒྱུ་འབྲས་ཀྱི་
XXX
དོན་བསྒོམ་པ་དང༌། འཁོར་བའི་ཉེས་དམིགས་བསྒོམ་པ་ནི་སྤྱི་དང་མཚུངས་སོ། །གསུམ་པ་ལ་བཞི་སྟེ། དང་པོ་ཅི་བྱས་བྱང་ཆུབ་ཀྱི་ལམ་དུ་འགྲོ་བ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད་ནི། མདུན་གྱི་ནམ་མཁར་རིན་པོ་ཆེ་དུ་མ་ལས་ཀུན་ནས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་རང་གི་རྩ་བའི་བླ་མ་རིན་པོ་ཆེ་ལ་བླ་མ་རྒྱ་མཚོས་བསྐོར་བ། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས། གཡོན་དུ་དགེ་འདུན་རྒྱ་མཚོས་བསྐོར་བར་བསམ་ལ་སྐྱབས་སུ་འགྲོ་བྱ། མཐར་སྐྱབས་གནས་རང་ལ་བསྟིམ་ལ་མི་དམིགས་པར་བཞག་གོ །གཉིས་སྡིག་སྒྲིབ་དག་བྱེད་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི་སྤྱི་དང་མཐུན་ནོ། །གསུམ་པ་ཆད། མཆན། བཞི་པ་བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། སྤྱི་བོར་རིན་པོ་ཆེའི་ཁྲི་དང་པད་ཟླའི་སྟེང་དུ་རང་གི་རྩ་བརྒྱུད་ཀྱི་བླ་མ་ཡི་དམ། སངས་རྒྱས། ཆོས། དགེ་འདུན། མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་སུ་བསྒོམ་ལ། མཎྜལ་ཕུལ། དགོས་འདོད་ཆར་ལྟར་འབེབ་པར་གསོལ་བ་བཏབ། དབང་བསྐུར་རྣམ་གསུམ་ཞུ། མཐར་བླ་མ་རང་ལ་བསྟིམས། མ་བཅོས་པའི་ངང་ལ་མཉམ་པར་བཞག་གོ །སྔོན་འགྲོ་འདི་དག་རྒྱས་པར་མི་ཏྲའི་ཁྲིད་ལྔ་ལྟར་རོ། །དངོས་གཞི་ལ་གཉིས་ཏེ། བསྐྱེད་རིམ་གྱི་ཁྲིད་རྫོགས་རིམ་གྱི་ཁྲིད་དོ། །དང་པོ་ལ་གཉིས་ཏེ། བསྐྱེད་རིམ་དང་བཟླས་པའོ། །དང་པོ་བསྐྱེད་རིམ་ལ་ཡང་གསུམ་སྟེ། དང་པོ་བསྙེན་པའི་ཁྲིད་ནི། གནས་དབེན་ཞིང་ཉམས་དགའ་བར། ཚངས་པའི་གནས་བཞི་ལ་གནས་པས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ། སྟོང་པའི་ངང་ལས། ས་གཞི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། རྒྱན་རྟ་བབས་བང་རིམ་
XXX
བཞི་པ། ཆོས་འཁོར་གདུགས་ཏོག་དང་བཅས་པ། དབུས་ཕྱུར་བུར་གྱུར་པའི་སྟེང་ནོར་བུའི་ཏོག་གིས་མཚན་པ། ལྕགས་རི་དང་ལྕོག་གིས་བསྐོར་བ། རྡོ་རྗེའི་ཕྲེང་བ་དང༌། སྐྱེད་མོས་ཚལ་གྱི་ནང་དུ་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་གྱིས་བསྐོར་བའི་གཞལ་ཡས་ཁང་གི་དབུས་སུ། རིན་པོ་ཆེ་དུ་མ་ལས་ཀུན་ནས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། རིན་པོ་ཆེ་སྣ་ལྔ་བཀང་བའི་བུམ་བསྣོལ་གྱིས་བརྒྱན་པ། དེའི་སྟེང་དུ་སྣ་ཚོགས་པདྨ་འབུམ་ལྡན། ཨ་ལས་ཉ་རྒྱས་པའི་ཟླ་བའི་སྟེང་དུ་ནོར་བདག་སེར་པོ་གན་རྐྱལ་དུ་འགྱེལ་བའི་སྟེང་དུ། ཛཾ་ཡིག་གསེར་གྱི་མདོག་ཅན་ལས་དཔག་ཏུ་མེད་པའི་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད་པའི་སྤྲིན་ཕུང་གིས་མཆོད། སེམས་ཅན་ཐམས་ཅད་ལ་ཕོག་པས་སེར་སྣ་ལ་སོགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། རིན་ཆེན་འབྱུང་ལྡན་གྱི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཛཾ་ལས་བཱི་ཛ་པུ་ར་ཛཾ་གྱིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཛཾ་བྷ་ལ་སྐུ་མདོག་གསེར་བཙོ་མའི་མདོག་འོད་འབར་བ། ཞབས་གཉིས་རྒྱལ་པོ་རལ་པའི་སྟབས་ཀྱིས་བཞུགས་པ། དར་སྣ་ཚོགས་ཀྱིས་སྨད་གཡོགས་ཅན། གསེར་གྱི་སྐུ་རགས་ལ་ལྟེ་བ་ནོར་བུས་མཚན་པ་བཅིངས་པ། སུས་ཁྱིམ་ཆེ་ཞིང་ཡན་ལག་དང་ལྷུ་ཚིགས་རྒྱས་པ། ཕྱག་གཡས་མཆོག་སྦྱིན་པུས་མོའི་སྟེང་དུ་མཛད་ནས་ཤིང་ཐོག་པཉྩ་པུ་ར་ཀའི་ལྟེ་བ་ཡིད་བཞིན་ནོར་བུ་འོད་འབར་བས་མཚན་པ་འཛིན་པ། གཡོན་པས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་འཛིན་ཅིང༌། ཞལ་ཅུང་ཟད་ཁྲོ་ཞིང་ཡིད་ཙམ་འཛུམ་པ། ཉི་མའི་དཀྱིལ་འཁོར་ལྟར་རབ་
XXX
ཏུ་རྒྱས་པ། དབུ་སྐྲ་རོལ་པའི་ཐོར་ཅོག་གྱེན་ལ་བཅིངས་ཤིང༌། ལྷག་མ་ཐུར་དུ་འཕྱང་བ། མེ་ཏོག་གི་ཕྲེང་བས་སྐྲ་ཆིངས་དང༌། ཡིད་བཞིན་ནོར་བུ་འོད་འབར་བ་ལྔའི་རྩེ་བྲན་གྱིས་བརྒྱན་པ། རིན་པོ་ཆེ་དུ་མས་སྙན་ཆ་དང་མགུལ་རྒྱན། དཔུང་རྒྱན་དང་ཕྱག་གདུབ། རྐང་རྒྱན་དང་ཞབས་གདུབ། ཨུཏྤལ་སྣ་ལྔའི་ཕྲེང་བ་བཟང་པོ་འཕྱང་བ། མུ་ཏིག་སྣ་ལྔའི་ཕྲེང་བ་དང༌། དར་གྱི་ཅོད་པན་གྱིས་མཛེས་པ། འོད་ཟེར་སྣ་ལྔའི་ཕྲེང་བས་བསྐོར་བའི་དབུས་ན་བཞུགས་པ། པདྨ་འདབ་བརྒྱད་ལ་ནོར་བདག་བརྒྱད་ལ་རང་ལྟ་བུའི་ཆ་ལུགས་ཀྱིས་བཞུགས་པ། གཞན་ཡང་འཁོར་ལྷ་དང་ཀླུ། གནོད་སྦྱིན། དྲི་ཟ། ཉི་མ། ཟླ་བ། སྲིན་པོ། ནོར་ལྷ་ལ་སོགས་པའི་ཚོགས་དུ་མས་བསྐོར་བའི་བདག་ཉིད་དུ་བསམ་ལ། དེ་དག་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་ལས་འོད་འཕྲོས། ལྕང་ལོ་ཅན་ནས་རང་ལྟ་བུའི་ཡེ་ཤེས་པ་སྤྱན་དྲངས། དབྱེར་མེད་དུ་བསྟིམ། སླར་འོད་འཕྲོས། རིགས་ལྔ་སྤྱན་དྲངས། དབང་བསྐུར། སྡིག་སྒྲིབ་དག །བདུད་རྩིའི་ལྷག་མ་ཡར་ལུད་པ་ལས་རིན་འབྱུང་ལ་སོགས་པ་རིགས་ལྔས་དབུ་བརྒྱན་པར་བསམ་ལ། ཐུགས་ཀར་པད་ཟླའི་སྟེང་དུ། ནོར་བུ་ཛཾ་སེར་པོས་མཚན་པ། དེ་ལ་ཡི་གེ་བཅུ་པ་བསམ་ལ། སྤྱི་བོར་ཨོཾ། དཔྲལ་བར་ཛཾ། ལྕེ་ལ་བྷ། མགྲིན་པར་ལ། སྙིང་ཁར་ཛ། ལྟེ་བར་ལེན། བརླ་གཡས་པ་ལ་དྲ། གཡོན་པ་ལ་ཡེ། རྐང་པ་གཡས་སུ་སྭཱ། གཡོན་དུ་ཧཱ། ཞེས་པའི་སྔགས་རྣམས་པད་ཟླའི་སྟེང་དུ། དམར་སེར་འོད་འབར་བ་ལས་འོད་ཟེར་འཕྲོས། འོད་ཟེར་གྱི་རྩེར་འཕགས་པའི་
XXX
སྐུ་རེ་རེ་བཞུགས་ཤིང༌། དེ་དག་རྣམས་ཀྱི་ཕྱག་ན་རིན་པོ་ཆེ་དང་ནེའུ་ལེ་ལས་རིན་པོ་ཆེ་སྣ་ལྔའི་ཆར་བབས་པར་བསམ་ལ་བསྙེན་པ་བྱ་བ་ནི། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་པའི་བསྙེན་པ་བསྐྱལ་བའི་ཚེ། སྔགས་རྣམས་ལས་འོད་འཕྲོས། ཕྱི་སྣོད་ལ་ཕོག །གཞལ་ཡས་ཁང་དུ་བྱས། ནང་བཅུད་ལ་ཕོག །ཛཾ་བྷ་ལར་བྱས། ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་སྒྲོག་ཅིང༌། རིན་པོ་ཆེ་སྣ་ལྔའི་ཆར་ཆེན་པོ་བབས་པར་བསམ་ལ་སྙིང་པོ་འདྲེན་ནོ། །མཐར་སྣོད་བཅུད་རང་ལ་བསྡུ། རང་ས་བོན་ལ་བསྡུ། དེ་དམིགས་མེད་ཀྱི་ངང་ལ་བཞག་གོ །གཉིས་པ་རིགས་ལྔ་ལ་བརྟེན་ནས་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་རྒྱས་པར་བྱེད་པའི་ཁྲིད་ནི། རང་གི་བསྙེན་པའི་དུས་ཀྱི་ལྟར་ཛཾ་བྷ་ལར་བསྐྱེད་པའི་སྤྱི་བོར་པད་ཟླའི་སྟེང་དུ། རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། གཡས་འཁོར་ལོ་ཐུགས་ཀར་འཛིན་པ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུ་ལ་བརྟེན་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ནོར་བུ་དཀར་པོ་ཨོཾ་ཡིག་དཀར་པོས་མཚན་པ། མགྲིན་པར་པད་ཟླའི་སྟེང་དུ་འོད་དཔག་མེད་དམར་པོ་གཡས་པདྨ་ཐུགས་ཀར་འཛིན་ཅིང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུ་ལ་བརྟེན་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ནོར་བུ་དམར་པོ་ཧྲཱིཿས་མཚན་པ། སྙིང་ཁར་པད་ཟླའི་སྟེང་དུ་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུ་ལ་བརྟེན་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ནོར་བུ་སྔོན་པོ་ཧཱུྃ་གིས་མཚན་པ། ལྟེ་བར་པད་ཟླའི་སྟེང་དུ་རིན་ཆེན་འབྱུང་ལྡན་སེར་པོ། གཡས་ནོར་བུ་ཐུགས་ཀར་འཛིན་ཅིང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུ་ལ་བརྟེན་པའི་ཐུགས་
XXX
ཀར་པད་ཟླའི་སྟེང་དུ་ནོར་བུ་སེར་པོ་ཏྲཱཾ་གྱིས་མཚན་པ། གསང་གནས་སུ་པད་ཟླའི་སྟེང་དུ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་གཡས་རྒྱ་གྲམ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུ་ལ་བརྟེན་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ནོར་བུ་ལྗང་ཁུ་ཨཱཿས་མཚན་པ། ཐམས་ཅད་ཞལ་གཅིག་ཕྱག་གཉིས། ཞབས་རྡོ་རྗེ་སྐྱིལ་ཀྲུང་མཛད་པ། དར་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན་དུ་བསྒོམ་པའི་ཡིད་བཞིན་ནོར་བུ་ས་བོན་དང་བཅས་པ་ལྔ་ལས། འོད་ཟེར་དཀར་དམར་སྔོ་སེར་ལྗང་ཁུ་ལྔ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་མཆོད། མཆོད་པས་མཉེས་པར་བྱས་ནས། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ཤེས་ལྔ་བསོད་ནམས་ཀྱི་སྟོབས་ཐམས་ཅད་འོད་ཟེར་དཀར་དམར་སྔོ་སེར་ལྗང་ཁུ་ལྔར་བསྡུས་ནས། རང་གི་གནས་ལྔའི་ཐུགས་ཀའི་ནོར་བུ་དང་ས་བོན་ལ་ཐིམ་པས། རང་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་རྒྱས་པར་བསམ་ལ་རླུང་བུམ་པ་ཅན་བཟུང་ངོ༌། །སླར་ཡང་འོད་ཟེར་དཀར་དམར་སེར་ལྗང་ཁུ་ལྔ་འཕྲོས། རིགས་དྲུག་གི་སེམས་ཅན་ལ་ཕོག །དེ་དག་རྣམས་ཀྱི་འདོད་ཆགས། ཞེ་སྡང༌། གཏི་མུག །ང་རྒྱལ། ཕྲག་དོག །ལྔ་སྦྱངས། རིགས་ལྔའི་གོ་འཕང་ལ་བཀོད། དེ་དག་གི་ཚེ་དང་བསོད་ནམས་དཔལ་དང་གྲགས་པ་སྟོབས་དང་གཟི་བརྗིད་འོད་ཟེར་དཀར་དམར་སྔོ་སེར་ལྗང་ཁུའི་དབྱིབས་སུ་བསྡུས་ནས། རང་གི་གནས་ལྔར་ཐིམ། རང་གི་ཚེ་དང་བསོད་ནམས་དཔལ་དང་གྲགས་པ། སྟོབས་དང་གཟི་བརྗིད་ཐམས་ཅད་རྒྱས་པར་བསམ་ལ་རླུང་བུམ་པ་ཅན་བཟུང་ངོ༌། །
XXX
སླར་ཡང་གནས་ལྔའི་ནོར་བུ་དང་ས་བོན་ལས་འོད་ཟེར་ལྔ་འཕྲོས། གཟུགས་ཁམས་ཀྱི་ལྷའི་ནོར་བུ་དང༌། འདོད་ཁམས་ཀྱི་ལྷ་དང༌། ལྷ་མིན། ཀླུ། གནོད་སྦྱིན། དྲི་ཟ། མིའམ་ཅི། མི་རྣམས་ཀྱི་ནོར་བུ་དང༌། མདོར་ན་ཉི་ཟླའི་འོད་དང༌། འབྱུང་བ་ལྔའི་བཅུད་དང༌། བཀྲག་དང་གཟི་མདངས་ཡོན་ཏན་ཐམས་ཅད་འོད་ཟེར་ལྔར་བསྡུས་ནས། གནས་ཁང་དང༌། ཡུལ་འཁོར་ཐམས་ཅད་དུའང་རིན་པོ་ཆེ་དང་ལོངས་སྤྱོད་ཀྱི་ཆར་ཆེན་པོ་བབས་པར་བསམ་ལ་རླུང་བུམ་པ་ཅན་དུ་བཟུང༌། དེ་ལ་རྩ་འཁོར་ལྔ་ལ་དམིགས་ཐེབས་གསུམ་རེ་རྫོགས་པར་བྱའོ། །རྒྱས་པར་བསྒོམ་ན་རྩ་འཁོར་རེ་རེ་ལ་དམིགས་ཐེབས་རེ་རེ་བྱ་སྟེ། དམིགས་ཐེབས་ལྔའོ། །སྦྱོར་བ་འདིས་ནི་བསོད་ནམས་ཀྱི་སྟོབས་རྒྱས་ཤིང༌། ལོངས་སྤྱོད་ཀྱི་ཆར་ཆེན་པོ་འབབ་པར་འགྱུར་རོ། །འོད་ཟེར་གྱི་སྣ་ལ་ལྷ་བསྒོམ་པ་ནི་ཞལ་ལས་ཤེས་སོ། །གསུམ་པ་ཞི་རྒྱས་དབང་དྲག་གི་སྒོ་ནས་དམིགས་ཡུལ་དབང་དུ་བྱས་པའི་སྦྱོར་བ་ནི། རང་ཉིད་ཛཾ་བྷ་ལ་སྔར་བསྙེན་པའི་དུས་ལྟར་བསྐྱེད་པའི་གནས་ལྔར། རང་ལྟ་བུའི་ཛཾ་བྷ་ལ་རིགས་ལྔ་ནི། སྤྱི་བོར་རྣམ་སྣང་ཛཾ་བྷ་ལ་དཀར་པོ། མགྲིན་པར་པདྨའི་ཛཾ་བྷ་ལ་དམར་པོ། སྙིང་གར་རྡོ་རྗེའི་ཛཾ་བྷ་ལ་སྔོན་པོ། ལྟེ་བར་རིན་འབྱུང་ཛཾ་བྷ་ལ་སེར་པོ། གསང་གནས་སུ་དོན་གྲུབ་ཛཾ་བྷ་ལ་ལྗང་ཁུ་རྣམས། རིན་པོ་ཆེའི་ཁྲི་དང༌། པད་ཟླའི་སྟེང་ན་རང་ལྟ་བུའི་ཆ་ལུགས་ཀྱིས་བཞུགས་པའི་ཐུགས་ཀར་པད་ཟླའི་སྟེང་དུ། ནོར་བུ་དཀར་དམར་སྔོ་སེར་ལྗང་ཁུ་ལྔ་གནས་པར་བསྒོམ། དེ་ལ་དང་པོ་ཞི་བའི་སྒོ་ནས་དབང་དུ་བྱ་བ་ནི། སྤྱི་བོར་རྣམ་སྣང་ཛཾ་བྷ་ལའི་ཐུགས་ཀར་པད་ཟླའི་སྟེང་དུ་ཡིད་
XXX
བཞིན་གྱི་ནོར་བུ་དཀར་པོ་འོད་འབར་བ་ལས། འོད་ཟེར་དཀར་པོ་ཞགས་པ་དང་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས། གྲུབ་པ་ཐོབ་པ་དང༌། མཁའ་ལ་སྤྱོད་པ་དང༌། རིག་པ་འཛིན་པ་དང༌། གནས་ལྔ་རིག་པའི་མཁས་པ་རྣམས་དང༌། མདོར་ན་བླ་མ་ཐམས་ཅད་ཀྱི་སྨིན་མཚམས་སུ་ཕོག །ཐུགས་རྒྱུད་མཉེས་ཤིང་བདེ་བས་གང་ནས། རང་དབང་མེད་པར་སྤྱི་བོར་བཀུག་ནས། བླ་མ་དབང་དུ་འདུས་ནས་བདག་ལ་རབ་ཏུ་མཉེས་ཤིང་རང་རྒྱུད་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པ་བསམ་པ་ནི་བླ་མ་དབང་དུ་བྱ་བའོ། །གཉིས་པ་ཡི་དམ་དབང་དུ་བྱ་བ་ནི། འོད་ཟེར་དཀར་པོ་ཞགས་པ་དང་ལྕགས་ཀྱུ་ལྟ་བུ་དེས། ཡི་དམ་གྱི་ཐུགས་ཀར་རེག་པས། ཡི་དམ་ཐུགས་རྒྱུད་བདེ་གསལ་གྱིས་གང་ཞིང༌། ཐུགས་བརྩེ་བ་ཆེན་པོ་དང་ལྡན་པས་རང་དབང་མེད་པར་བྱོན་ནས། རང་གི་སྤྱི་བོའི་ནོར་བུ་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ་པ་ནི་ཡི་དམ་དབང་དུ་བྱ་བའོ། །གསུམ་པ་དགེ་བའི་བཤེས་གཉེན་ལ་སོགས་པ་བཙུན་པ་དབང་དུ་བྱ་བ་ནི། འོད་ཟེར་དཀར་པོ་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་དེས། དགེ་བའི་བཤེས་གཉེན་རྣམས་ཀྱི་སྤྱི་བོར་ཕོག་ནས། རང་དབང་མེད་པར་བཀུག་ཅིང་སྤྱི་བོའི་ནོར་བུ་ལ་ཐིམ་པར་བསམ་པས་བཙུན་པ་དབང་དུ་འགྱུར་རོ། །བཞི་པ་རྒྱལ་པོ་དབང་དུ་བྱ་བ་ནི། འོད་ཟེར་དཀར་པོ་ཞགས་པ་དང་ལྕགས་ཀྱུ་ལྟ་བུ་དེས། རྒྱལ་པོའི་ཐོད་པ་ལ་སོགས་པ་སྤྱི་བོར་ཕོག་སྟེ་ཛཾ་བྷ་ལར་བྱས། རང་དབང་མེད་པར་བདག་ལ་དགའ་ཞིང་མདུན་དུ་འདུས་ནས། སྤྱི་བོའི་ནོར་བུ་ལ་ཐིམ་པར་བསམ་མོ། །ལྔ་པ་བློན་པོ་ལ་སོགས་པ་མི་སྐྱེ་དབང་དུ་བྱ་བ་ནི། འོད་
XXX
ཟེར་དཀར་པོ་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་དེས། བློན་པོ་ལ་སོགས་པ་རྣམས་ཀྱི་སྙིང་ནས་བཟུང་སྟེ། བདག་ལ་བདུན་པ་དང༌། དད་པ་དང༌། དགའ་བ་དང་བཅས་ནས་རང་དབང་མེད་པར་དབང་དུ་འདུས་ནོར་བུ་ལ་ཐིམ་པར་བསམ་མོ། །དྲུག་པ་བཙུན་མོ་ལ་སོགས་པའི་བུད་མེད་དབང་དུ་བྱ་བ་ནི། འོད་ཟེར་དཀར་པོ་ཞགས་པ་དང་ལྕགས་ཀྱུ་ལྟ་བུ་དེས། བཙུན་མོ་དང་བུད་མེད་རྣམས་ཀྱི་ལྟེ་བ་དང་པདྨའི་ཟེའུ་འབྲུ་ནས་བཟུང་ཞིང་རང་དབང་མེད་པར་བདག་ལ་དགའ་བཞིན་དུ་དབང་དུ་འདུས་ནས་སྤྱི་བོའི་ནོར་བུ་ལ་ཐིམ་པར་བསམ་མོ། །བདུན་པ་ལོངས་སྤྱོད་དབང་དུ་བྱ་བ་ནི། སྤྱི་བོའི་ནོར་བུ་ས་བོན་དང་བཅས་པ་ལས། འོད་ཟེར་དཀར་པོ་ཞགས་པ་དང་ལྕགས་ཀྱུ་ལྟ་བུ་འཕྲོས། འཇིག་རྟེན་ཁམས་ཀྱི་ནོར་བུ་ཐམས་ཅད་དང་རིན་པོ་ཆེ་སྣ་ལྔ། འབྲུ་ཐམས་ཅད་དང༌། གོས་ཐམས་ཅད། ཟས་ཐམས་ཅད། ནོར་ཞིང་ཡུལ་གྲུ་ཐམས་ཅད་འོད་ཟེར་གྱིས་བསྡུས་ནས་ནོར་བུ་ལ་ཐིམ་པར་བསམ་མོ། །བརྒྱད་པ་ཐམས་ཅད་དབང་དུ་བྱ་བ་ནི། སྤྱི་བོའི་ཛམྦྷ་ལའི་ཐུགས་ཁའི་ནོར་བུ་ལས། འོད་ཟེར་དཀར་པོ་ཞགས་པ་དང་ལྕགས་ཀྱུ་ལྟ་བུ་འཕྲོས་ནས། བླ་མ་དང་རྒྱལ་བ་སྲས་བཅས་ཐམས་ཅད་ལ་ཕོག །མཆོད་པས་མཉེས་པར་བྱས། སེམས་ཅན་ཐམས་ཅད་ལ་ཕོག་པས་ཛཾ་བྷ་ལར་བྱས། ཕྱི་སྣོད་ལ་ཕོག་པས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་སྦྱངས། དེ་ནས་དེ་དག་ཐམས་ཅད་འོད་ཟེར་གྱིས་བསྡུས་ནས་སྤྱི་བོའི་ནོར་བུ་ལ་ཐིམ་པར་བསམས་པས་ཐམས་ཅད་དབང་དུ་འགྱུར་རོ། །ལས་ཚོགས་བརྒྱད་པོ་ཐམས་ཅད་ཀྱི་ཐོག་མར་རླུང་རོ་ལན་
XXX
གསུམ་བུས་ལ། སེར་སྣ་ལ་སོགས་པའི་སྒྲིབ་པ་ལྔ་དག་པར་བསམ། རླུང་ཚུར་འཛིན་པའི་ཚེ། བསྒྲུབ་བྱ་དེ་དག་འོད་ཟེར་དཀར་པོ། ལྕགས་ཀྱུ་དང་ཞགས་པ་ལྟ་བུས། གནས་སོ་སོར་ཕོག་པའི་ཚེ། དེ་དག་གི་ལུས་སེམས་ཐམས་ཅད་དགའ་བ་དང་བདེ་བ་ཆེན་པོས་ཁྱབ་ཅིང༌། རང་ལ་དད་པ་དང༌། མོས་པ་དང༌། བརྩེ་གདུང་དྲག་པོ་དང་བཅས་ནས་རང་དབང་མེད་པར་མདུན་དུ་འདུས་ནས། ཐམས་ཅད་རྣམ་སྣང་ཛཾ་བྷ་ལར་གྱུར་ཏེ་མདུན་དུ་འཁོད་པ་ལ། སླར་ཡང་འོད་ཟེར་གྱིས་རེག་པ་ཙམ་གྱིས། ཐམས་ཅད་འོད་དཀར་པོ་ཞུ་ནས་སྤྱི་བོའི་ཛཾ་བྷ་ལའི་ཐུགས་ཀའི་ནོར་བུ་ལ་ཐིམ་པའི་ཚེ། སྤྱི་བོའི་ཛཾ་བྷ་ལའི་ནོར་བུ་དང་ཕྱག་མཚན་ལས་དགོས་འདོད་ཀྱི་ལོངས་སྤྱོད་ཆར་ཆེན་པོ་བབས་པས། ལུས་ཀྱི་ནང་དང་རང་གི་གནས་ཐམས་ཅད་གང་བར་བསམ་ལ་རླུང་བཟུང༌། དེ་ནི་ཞི་བའི་སྒོ་ནས་དབང་དུ་བྱེད་པའོ། །གཉིས་པ་དབང་གི་སྒོ་ནས་དབང་དུ་བྱེད་པ་ནི། རང་ཉིད་ཛཾ་བྷ་ལར་གནས་པའི་མགྲིན་པ། རིན་པོ་ཆེའི་ཁྲི་དང༌། པད་ཟླའི་སྟེང་དུ། རང་ལྟ་བུའི་ཛཾ་བྷ་ལ་དམར་པོའི་སྙིང་གར་ནོར་བུ་དམར་པོས་མཚན་པ་ལས་འོད་ཟེར་དམར་པོ་ཞགས་པ་དང་ལྕགས་ཀྱུ་ལྟ་བུ་འཕྲོས། བླ་མ་ལ་ཕོག་ནས་དབང་དུ་བྱ་བ་དང་གཅིག །ཡི་དམ་དང་གཉིས། དགེ་བའི་བཤེས་གཉེན་དང་གསུམ། རྒྱལ་པོ་དང་བཞི། བློན་པོ་ལ་སོགས་མི་སྐྱ་དང་ལྔ། བཙུན་མོ་ལ་སོགས་བུད་མེད་དང་དྲུག །ནོར་རྫས་ལ་སོགས་ལོངས་སྤྱོད་དང་བདུན། མདོར་ན་ཐམས་ཅད་དབང་དུ་བྱ་བ་དང་བརྒྱད་དེ། སྔར་ལྟར་སོ་སོའི་གནས་ལ་ཕོག་པས། ལུས་སེམས་ཐམས་ཅད་དགའ་བ་དང་བདེ་བ་ཆེན་པོས་
XXX
ཁྱབ་ཅིང༌། རང་ལ་དད་པ་དང་མོས་པ་དང༌། བརྩེ་གདུང་དྲག་པོ་དང་བཅས་ནས། རང་དབང་མེད་པར་དབང་དུ་འདུས་ཏེ་པདྨའི་ཛཾ་བྷ་ལར་གྱུར་ནས་མདུན་དུ་འཁོད་པ་ལ། སླར་ཡང་འོད་ཟེར་གྱིས་རེག་པས། དགའ་བ་ཆེན་པོ་སྐྱེས་ནས། འོད་ཕུང་དམར་པོར་ལྟེམས་གྱིས་ཞུ་ནས་མགྲིན་པའི་པདྨའི་ཛཾ་བྷ་ལའི་སྙིང་ཁའི་ནོར་བུ་ལ་ཐིམ་པས། མཆོག་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་ཐོབ་ཅིང༌། རང་གི་ལུས་ཀྱི་ནང་དང༌། གནས་ཐམས་ཅད་དུ་ཡང་ལོངས་སྤྱོད་སྣ་ཚོགས་ཀྱི་ཆར་ཆེན་པོ་བབས་པར་བསམ་ལ་རླུང་བཟུང་ངོ༌། །དེ་ནི་དབང་གི་སྒོ་ནས་དབང་དུ་བྱེད་པའོ། །གསུམ་པ་རྒྱས་པའི་སྒོ་ནས་དབང་དུ་བྱ་བ་ནི། རང་ཉིད་ཛཾ་བྷ་ལར་གནས་པའི་ལྟེ་བར། རིན་པོ་ཆེའི་ཁྲི་པད་ཟླའི་སྟེང་དུ། རིན་འབྱུང་ཛཾ་བྷ་ལ་རང་ལྟ་བུ་སྙིང་ཁར་པད་ཟླའི་སྟེང་དུ། ནོར་བུས་སེར་པོ་ཛཾ་སེར་པོས་མཚན་པ་ལས། འོད་ཟེར་སེར་པོ་ཞགས་པ་དང་ལྕགས་ཀྱུ་ལྟ་བུར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་བླ་མ་ལ་སོགས་ཐམས་ཅད་ལ་ཕོག་སྟེ། སྔར་ལྟར་རང་དབང་མེད་པར་དབང་དུ་འདུས་ནས། རིན་འབྱུང་ཛཾ་བྷ་ལར་གྱུར་ཏེ་མདུན་དུ་འཁོད་པ་ལ་སླར་ཡང་འོད་ཟེར་གྱིས་རེག་པས། དགའ་བདེ་ཆེན་པོ་སྐྱེས་ནས་འོད་ཀྱི་ཕུང་པོ་མེར་གྱིས་ཞུ་ནས། ལྟེ་བའི་རིན་འབྱུང་ཛཾ་བྷ་ལའི་ལྟེ་བའི་ནོར་བུ་ལ་ཐིམ་པས། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐོབ་ཅིང་ལུས་ཀྱི་ནང་དང༌། གནས་ཁང་ཐམས་ཅད་ལོངས་སྤྱོད་ཀྱི་ཆར་ཆེན་པོ་བབས་ནས་གང་བར་བསྒོམ་ནས་རླུང་བུམ་པ་ཅན་བཟུང་ངོ༌། །དེ་ནི་རྒྱས་པའི་སྒོ་ནས་དབང་དུ་བྱེད་པའོ། །བཞི་པ་དྲག་པོའི་སྒོ་ནས་དབང་དུ་བྱ་བ་ནི། རང་ཉིད་ཛཾ་བྷ་ལར་གནས་པའི་གསང་
XXX
གནས་སུ། རིན་པོ་ཆེའི་ཁྲི་པད་ཟླའི་སྟེང་དུ་ལས་ཀྱི་ཛཾ་བྷ་ལ་ལྗང་ནག་གམ། ནག་པོའི་སྙིང་གར་པད་ཟླའི་སྟེང་དུ་ནོར་བུ་ལྗང་ཁུ་ཛཾ་ནག་པོས་མཚན་པ་ལས་འོད་ཟེར་ལྗང་ནག་ཞགས་པ་དང་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་བླ་མ་སོགས་ཐམས་ཅད་ལ་ཕྱོགས་པས། དབང་དུ་བྱ་བ་རྣམ་པ་བརྒྱད་དེ། སྔར་ལྟར་སོ་སོའི་གནས་ལ་ཕོག་པས། ལུས་སེམས་ཐམས་ཅད་དགའ་བདེ་ཆེན་པོས་ཁྱབ་ཅིང༌། ཁྱད་པར་བསྒྲུབ་བྱ་ཐམས་ཅད་སྐྲག་ཅིང་འདར་བ་དང༌། སྔངས་པ་དང༌། རྨོངས་པ་བཅས་ནས། རང་དབང་མེད་པར་དབང་དུ་འདུས་ཏེ། ལས་ཀྱི་ཛཾ་བྷ་ལར་གྱུར་ཏེ་མདུན་དུ་འཁོད་པ་ལས། སླར་འོད་ཟེར་གྱིས་རེག་པས། དགའ་བདེ་ཆེན་པོ་སྐྱེས་ནས་འོད་ལྗང་ཁུའི་ཕུང་པོར་མེར་གྱིས་ཞུ་སྟེ། གསང་གནས་ཀྱི་ཛཾ་བྷ་ལའི་སྙིང་ཁའི་ནོར་བུ་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ཅིང༌། ལུས་ཀྱི་ནང་དང༌། རང་གི་གནས་ཐམས་ཅད་ན་ལོངས་སྤྱོད་སྣ་ལྔའི་ཆར་ཆེན་པོ་བབས་པས་གང་བར་བསམ་ལ་རླུང་བུམ་པ་ཅན་བཟུང་ངོ༌། །དེ་ནི་དྲག་པོའི་སྒོ་ནས་དབང་དུ་བྱ་བའོ། །ལྔ་པ་ལས་སྣ་ཚོགས་པའི་སྒོ་ནས་དབང་དུ་བྱ་བ་ནི། རང་ཉིད་ཛཾ་བྷ་ལར་གནས་པའི་སྙིང་ཁར་རིན་པོ་ཆེའི་ཁྲི་པད་ཟླའི་སྟེང་དུ་མི་བསྐྱོད་པ་ཛཾ་བྷ་ལ་སྔོན་པོ་རང་ལྟ་བུའམ། ཡང་ན་ཛཾ་བྷ་ལ་ནག་པོ་ཁྲོས་པར་བསྒོམ་ཀྱང་རུང་གསུངས། དེའི་སྙིང་ཁར་པད་ཟླའི་སྟེང་དུ། ནོར་བུ་སྔོན་པོ་ཛཾ་སྔོན་པོས་མཚན་པ། དེ་ལས་འོད་ཟེར་དཀར་པོ་དང་དམར་པོ་སྔོན་པོ་སེར་པོ་ལྗང་གུ་སྣ་ཚོགས་ཏེ། ཁ་དོག་སྣ་ལྔ། ཞགས་པ་དང་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་བླ་མ་རྣམས་དང༌། ཡི་
XXX
དམ་ཐམས་ཅད་དེ་བསྒྲུབ་བྱ་བརྒྱད་ལ་སོགས་པས། དབང་དུ་བྱ་བ་རྣམ་པ་བརྒྱད་དེ། སྔར་ལྟར་དེ་དག་སོ་སོའི་གནས་ལ་ཕོག་པས། ལུས་སེམས་ཐམས་ཅད་དགའ་བདེས་ཁྱབ་ཅིང༌། རང་ལ་བྱིན་གྱིས་བརླབ་པ་དང༌། དད་མོས་བརྩེ་གདུང་དྲག་པོ་དང་བཅས་ནས། རང་དབང་མེད་པར་དབང་དུ་འདུས་ཤིང་མི་བསྐྱོད་པ་ཛཾ་བྷ་ལར་གྱུར་ཏེ་མདུན་དུ་འཁོད་པར། སླར་འོད་ཟེར་སྣ་ལྔས་རེག་པས་དགའ་བདེ་ཆེན་པོ་སྐྱེས་ནས། འོད་ཀྱི་ཕུང་པོ་སྔོ་མེར་གྱིས་སོང་བར་བསམ། དེ་དག་འོད་ཟེར་ཁ་དོག་སྣ་ལྔའི་རང་བཞིན་དུ་ཞུ་ནས་སྙིང་ཁའི་ཛཾ་བྷ་ལའི་སྙིང་ཁའི་ནོར་བུ་ལ་ཐིམ་པས། མཆོག་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་ཐོབ་ཅིང༌། ལུས་ཀྱི་ནང་དང་གནས་ཁང་ཐམས་ཅད་དུ་རིན་པོ་ཆེ་སྣ་ལྔ་དང་ལོངས་སྤྱོད་ཀྱི་ཆར་ཆེན་པོ་བབས་པས་གང་བར་བསམ་ལ་རླུང་བུམ་པ་ཅན་དུ་བཟུང་ངོ༌། །དེ་ནི་ལས་སྣ་ཚོགས་པའི་སྒོ་ནས་དབང་དུ་བྱའོ། །འདི་དག་གི་སྐབས་སུ་འོད་ཟེར་གྱི་རྩེ་ལ་ལྷ་བསྒོམ་པ་ནི་ཞལ་ལ་ཡོད་ཅིང༌། ནོར་བདག་བརྒྱད་ལུས་ལ་བཀོད་པ་ཡང་ཞལ་ལས་ཤེས་སོ། །གཉིས་པ་བཟླས་པ་གསུང་གི་ཁྲིད་ལ་གསུམ་སྟེ། ཕྱི་ནང་གསང་གསུམ་མོ། །དང་པོ་ནི། རང་ཉིད་ཛཾ་བྷ་ལར་གནས་པའི་སྤྱི་བོར་ཨོཾ། དཔྲལ་བར་ཛམ། དཔུང་པ་གཡས་པ་བྷ། གཡོན་དུ་ལ། སྙིང་ཁར་ཛ། ལྟེ་བར་ལེན། བརླ་གཡས་པ་ལ་དྲ། གཡོན་དུ་ཡེ། བོལ་གཡས་ལ་སྭཱ། གཡོན་ལ་ཧཱ་བསྐྱེད་དོ། །དེ་དག་གི་འོད་འཕྲོས་པའི་རྩེར། ཡི་གེ་བཅུ་པ་ལས་རིན་པོ་ཆེ་སྣ་ལྔའི་ཆར་བབས་པར་བསམ་ལ་སྔགས་འདྲེན་ནོ། །གཉིས་པ་ནི། རང་ཉིད་ཛཾ་བྷ་ལ་སྔར་ལྟར་གསལ་
XXX
བའི་གནས་ལྔར། ཛཾ་བྷ་ལ་རིགས་ལྔའི་སྙིང་ཁར་ནོར་བུ་ལྔ་ཛཾ་ལྔས་མཚན་པ་ལས། སྔགས་ཀྱི་ཁ་དོག་དེ་ལྟ་བུ་ལྔ་འཁོར་བར་དམིགས་ནས་སྔགས་འདྲེན་ནོ། །གསུམ་པ་ནི། རང་ཉིད་ཛཾ་བྷ་ལར་གསལ་བའི་གནས་ལྔར་ཛཾ་བྷ་ལ་རིགས་ལྔའི་སྙིང་ཁར་པད་ཟླའི་སྟེང་དུ། ནོར་བུ་ཛཾ་རིགས་ལྔས་མཚན་པ་ལྔ་ལས། སྔགས་ཕྲེང་ཁ་དོག་སྣ་ལྔས་བསྐོར་བ་ལས་འོད་ཟེར་འཕྲོས། འོད་ཟེར་གྱི་རྩེ་ལ་ཛཾ་བྷ་ལ་རིགས་ལྔ་འཕྲོས། ལུས་ཀྱི་ནང་ཐམས་ཅད་ཛཾ་བྷ་ལ་རིགས་ལྔས་ཐེམ་འགགས་སུ་གང༌། ཕྱིར་འཕྲོས། བ་སྤུའི་རྩ་བ་ཐམས་ཅད་ཀྱི་ཛཾ་བྷ་ལས་གང༌། སྣོད་ཀྱི་འཇིག་རྟེན་ལ་ཕོག །སངས་རྒྱས་ཀྱི་ཞིང་དུ་བྱས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ཐམས་ཅད་ཛཾ་བྷ་ལར་བྱས། འོད་ཟེར་གྱིས་བར་སྣང་གང་ཞིང༌། འོད་ཟེར་དེ་དག་གི་རྩེ་ལ་ཛཾ་བྷ་ལ་རིགས་ལྔ་བཞུགས་ནས་ཐམས་ཅད་ཀྱི་ཞལ་ནས་སྔགས་སྒྲ་དི་རི་རི་སྙན་པའི་དབྱངས་དང་བཅས་ནས་བགྲངས་པས། རིན་པོ་ཆེ་སྣ་ལྔ་དང་ལོངས་སྤྱོད་ཀྱི་ཆར་ཆེན་པོ་བབས་པར་བསམ་ལ་ཡིད་ཀྱིས་བཟླས་པ་བྱའོ། །དེ་ནི་གསང་བའི་བཟླས་པའོ། །དེ་དག་གིས་བཟླས་པ་གསུང་གི་ཁྲིད་སོང༌། གཉིས་པ་རྫོགས་རིམ་གྱི་ཁྲིད་ལ་གསུམ་སྟེ། ཞི་གནས། ལྷག་མཐོང༌། འཕོ་བ་སྟེ་གསུམ་མོ། །གོང་མ་གཉིས་པོ་ནི་སྤྱན་རས་གཟིགས་ལམ་རིམ་དང་འདྲ་བར་འདུག་པས་འདིར་མ་བྲིས། གསུམ་པ་འཕོ་བ་ནི། རང་ཉིད་ཛཾ་བྷ་ལ་བསྒོམ་པའི་སྤྱི་བོ། མགྲིན་པ། སྙིང་ཁ། ལྟེ་བ། གསང་གནས་ལྔར། ཛཾ་བྷ་ལ་རིགས་ལྔ་བསྐྱེད་ལ། གསང་གནས་ཀྱི་ཛཾ་བྷ་ལ་ཐིག་ལེ་ལྗང་ཁུར་གྱུར་ནས་ལྟེ་བའི་ཛཾ་བྷ་ལ་ལ་ཐིམ། དེ་ཐིག་ལེ་སེར་པོར་གྱུར་
XXX
ནས་སྙིང་ཁའི་མི་བསྐྱོད་པ་ལ་ཐིམ། དེ་ཐིག་ལེ་སྔོན་པོར་གྱུར་ནས་མགྲིན་པའི་སྣང་བ་མཐའ་ཡས་ལ་ཐིམ། དེ་ཐིག་ལེ་དམར་པོར་གྱུར་ནས་སྤྱི་བོའི་རྣམ་པར་སྣང་མཛད་ལ་ཐིམ། དེ་ཐིག་ལེ་དཀར་པོ་འོད་འཕྲོ་བར་གྱུར་ནས་སྤྱི་བོ་ནས་རྒྱངས་ཀྱིས་ཐོན་ནས། སྤྱི་བོར་བླ་མ་རིན་འབྱུང་དུ་བསྒོམ་པའི་ཐུགས་ཀར་ཐིམ། དེ་ནམ་མཁའ་ལ་འཇའ་ཚོན་སྣ་ལྔ་གྱུར་ནས། འོད་དང་འཇའ་ཚོན་གྱིས་ནམ་མཁའ་གང་བར་བསམ་ལ། དམིགས་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག་གོ །དེ་ནི་འཕོ་བ་འཇའ་ཚོན་མ་ཞེས་བྱ་སྟེ་སྦྱང་བ་དང་ལས་སྦྱོར་སྟབས་སུའོ། །དེས་ཁྲིད་ཀྱི་དངོས་གཞི་སོང་ནས། གསུམ་པ་རྗེས་ནི། བསྔོ་བ་དང་སྨོན་ལམ་གྱིས་རྒྱས་འདེབས་བྱ་ཞིང་དུས་རྒྱུན་དུ་ཉམས་སུ་བླངས་པས་མཆོག་ཐུན་མོང་གི་དངོས་གྲུབ་ལྷུན་འགྲུབ་ཏུ་འབྱུང་བར་འགྱུར་རོ། །ཁྲིད་འདི་ནི་རྒྱུད་པ་འཛིན་པ་དང༌། སྣོད་དང་ལྡན་ངེས་པ་མ་གཏོགས་པ་སྣོད་མིན་ལ་མི་སྦྱིན་པའི་བཀའ་རྒྱས་བཏབ་བོ། །གང་ཞིག་དགོས་འདོད་འབྱུང་བའི་ཡིད་བཞིན་ནོར། །གང་གི་གདམས་པ་དངོས་གྲུབ་གཉིས་འབྱུང་བ། །གང་དེ་བླ་མའི་དྲིན་གྱིས་ལེགས་མཐོང་བས། །གང་གང་འགྲོ་ལ་ཕན་ཕྱིར་ཡི་གེར་བཀོད། །དགེ་བས་འགྲོ་ཀུན་འཁོར་བའི་རྒྱ་མཚོ་ལས། །བརྒལ་ནས་སེམས་ཉིད་ཡིད་བཞིན་ནོར་རྙེད་ནས། །རང་གཞན་འཁོར་བའི་སྡུག་བསྔལ་ལས་གྲོལ་ཏེ། །བདེ་ཆེན་མཆོག་གི་གོ་འཕང་འགྲུབ་གྱུར་ཅིག །བཅོམ་ལྡན་འདས་འཕགས་པ་ཛམ་བྷ་ལྷའི་ཁྲིད་དངོས་གྲུབ་ཆར་འབེབས་ཞེས་བྱ་བ། བླ་མའི་གསུང་ལས་བྱོན་པ་བཞིན་རྣལ་འབྱོར་པ་འོད་དཔག་རྡོ་རྗེས་ཡི་གེར་བཀོད་པ་རེ་ཞིག་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །
Notes
Other Information
Information about Unicode Tibetan and the digitization of this text |
---|
As the only available unicode Tibetan text at the time, Nitartha International's version of the Paro Edition of the gdams ngag mdzod is provided here. However, note that it has not been thoroughly edited and that there may also be mistakes introduced through the conversion process. Eventually we will provide a fully edited version of the entire Shechen Edition, entered and edited multiple times by Pulahari Monastery in Nepal, but as of spring 2015 that project has not been finished. Note that the ཤོག་ལྷེ་ numbers that appear throughout were added by Nitartha Input Center at the time of input. Provided by Nitartha International Document Input Center. Many thanks to Lama Tenam and Gerry Wiener for help with fonts and conversion. |