Tibetan:དམ་པའི་ཆོས་སྡུག་བསྔལ་ཞི་བྱེད་རྒྱུད་པ་ཕྱི་མའི་ལུགས་ཀྱི་སྐལ་ལྡན་གྱི་སློབ་མ་ཁྲིད་ཚུལ་

From gDams Ngag mDzod
Jump to navigation Jump to search
Upload a file
DOWNLOAD ABOVE:
Click the picture above to view the original manuscript.


Damngak Dzö Volume () / Pages / Folios to

Tibetan Text

༢༨༥ མེད་ན་བཛྲ་མུཿས་གཤེགས་གསོལ། དམ་ཚིག་པ་བསྡུ། བསྔོ་ཤིས་ཀྱིས་མཐའ་བརྒྱན་ནོ། །དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་དབང་ཆོག་བཀླགས་པས་གྲུབ་པ་ལས་བཀའ་སྲུང་ཆོས་སྐྱོང་རྣམས་ཀྱི་དབང་རྗེས་གནང་གི་ཆོ་ག་བཤད་པའི་ལེ་ཚན་ནོ། །ༀ་སྭ་སྟི། ན་མཿས་མནྟ་གུ་རུ་པཱ་དཱ་ཡ། ཤ་ར་ཎ་གཙྪ་མི། དམ་པའི་ཆོས་སྡུག་བསྔལ་ཞི་བྱེད་རྒྱུད་པ་ཕྱི་མའི་ལུགས་ཀྱི་སྐལ་ལྡན་གྱི་སློབ་མ་ཁྲིད་ཚུལ་ལ། བརྡ་རྒྱུད་ལས། ཉན་ཐོས་རང་རྒྱལ་དཔལ་ཆེན་དུས་དང་སྦྱོར། ཞེས་པས་དཔོན་ལ་ལྟོས་པས་ཉན་ཐོས་ལྟ་བུའི་དཀའ་ཐུབ། གཅིག་པུར་སྒྲུབ་པས་རང་རྒྱལ་ལྟ་བུའི་དཀའ་ཐུབ། གཞན་དོན་ལའང་འཇུག་པ་དཔའ་ཆེན་གྱི་དཀའ་ཐུབ་གསུམ་ལས། དང་པོའ་སྐབས་སུ་སྔར་བཤད་ཀྱི་དབང་རྣམས་ཕལ་ཆེར་དུས་དང་བསྟུན་ནས་སྦྱིན་ལ། གཅིག་པུར་སྒྲུབ་པ་བྱེད་པ་ཡིན་པས་དམར་ཁྲིད་ཅེས་བྱ་སྟེ། དེ་སྒྲུབ་པར་བྱེད་པ་ལ་སྔོན་དུ་རྟེན་འབྲེལ་གྱི་ཁང་པར་འཇུག་དགོས་པས་དེའི་བྱིན་རླབས་ཀྱི་ཆོ་ག་ནི། ཁང་པ་དངོས་བརྩིག་པའམ་མ་ནུས་ན་ས་གཞི་ལ་རིན་ཆེན་བརྡར་ཕྱེ་དང་སྨན་སྣ་དྲི་བཟང་རྣམས་བ་བྱུང་དང་སྦྱར་བས་ཆག་ཆག་གདབ། དེ་ལ་དཀྱིལ་འཁོར་རྩ་ཐིག་ནས་རྩ་ཐིག་གི་བར་འདོམ་དོ་ལས་མི་ཆེ་ཞིང་འདོམ་གང་ལས་མི་ཆུང་བ་སྒོ་བཞི་སྒོ་རྐྱང་རྒྱན་མེད་ཀྱི་ཐིག་བཏབ། དེའི་དབུས་སུ་པད་འདབ་དྲུག་གི་ལྟེ་བར་ཨ་དང་ཀྵཿ ཤར་ནས་གཡས་བསྐོར་གྱིས་ས་ཙན་སི་ཀར་རྣམས་འདབ་མ་ལ་བྲི། སྒོ་བཞིར་ཤར་ནས་རིམ་པ་བཞིན་ཨེ་བཾ་མ་ཡ་བྲི། མེ་ནས་རིམ་བཞིན་གྲུ་ཆད་བཞི་ལ་མཾ་ཁ་ལ་ཝོ་བྲི། རྩིབས་ནང་གི་ཕྱོགས་བཞིར་ཨཀྵ་ལྔ་བཅུ་ཚར་རེའམ། མ་གྲུབ་ན་ཚར་གཅིག་བགོས་ཏེ་ཤར་དང་ནུབ་ཏུ་འབྲུ་བཅུ་གསུམ་རེ་དང་། ལྷོ་དང་བྱང་དུ་བཅུ་གཉིས་རེ་བྲི་བའམ་བླ་རེ་ལ་བཏགས་ཏེ་བཀྲམ་ཡང་ཆོག །སྒོའི་ཕྱིར་རྒྱ་བདུན་མཚོན་པའི་རེ་ཁཱ་བདུན་རིམ་ཟླུམ་འཁོར་བྱེད་པའི་རྣམ་པར་བསྐོར།
༢༨༦ དཀྱིལ་འཁོར་གྱི་རི་མོ་རྣམས་མི་ཞིག་པའི་ཆུ་ཚོན་གྱིས་བརྣན་རྟེན་འབྲེལ་འཕང་ལོ་བཞི་སོ་སོའ་ཁས་ཀྱི་ཁ་དོག་དང་མཐུན་པའི་སྲད་བུ་བཏགས་ལ་སྒོ་བཞིའི་ཤར་དུ་དཀར་པོ།(ཟླུམ་པོ།) །ལྷོར་སེར་པོ།(གྲུ་བཞི།) ནུབ་ཏུ་དམར་པོ།(ཟླ་གམ།) བྱང་དུ་ལྗང་གུ་(ཟུར་གསུམ།)རྣམས་བཞག །དཀྱིལ་འཁོར་གྱི་སྟེང་དུ་རྒྱལ་བ་ཡུམ་གྱི་བླ་རེ་ལྷའམ་ཨ་ཞལ་ཤར་བསྟན་གྱིས་དབུ་བས། སྒོ་བཞིར་འཇུག་པའི་ལམ་ལ་ཨཀྵ་ལྔ་བཅུ། ཚོན་དཀར་པོས་འབྲི་ བའམ་ཡང་ན་དར་རས་གང་ རིགས་ཀྱི་ཡུག་དཀར་པོ་ལ་བྲིས་པ་བཞིའམ། མ་འབྱོར་ན་གཅིག་རིམ་པར་སྤོས་ཆོག་པ་བྱེད། ཕྱི་ནང་གི་མཆོད་པ་རྫས་དང་གཏོར་མ་ཚོགས་ཀྱི་ཡོ་བྱད་རྣམས་རྒྱས་པར་བསགས་ལ། གོ་ཡུལ་གྱིས་ཤོང་ན་མཆོད་གཏོར་རྣམས་དཀྱིལ་འཁོར་ནང་གི་ཟུར་གཅིག་ཏུ་བཤམས་ཀྱང་ཆོག །མ་ཤོང་ན་དཀྱིལ་འཁོར་ཕྱིའི་འདོད་སྣམ་གྱི་རི་མོའ་སྟེང་དུ་བསྐོར་ནས་བཤམས་ཀྱང་མི་འགལ་གསུང་། གཞན་ཡང་ཌཱ་དྲིལ་མེ་ཏོག་སོགས་འདིར་དགོས་པ་ཐམས་ཅད་ཚང་བར་བསག་གོ །དེ་ནས་སློབ་དཔོན་གྱིས་ཕྱོགས་སྐྱོང་བཞི་བགེགས་ཀྱི་གཏོར་མ་བཏང་བ། སྲུང་འཁོར་སྒོམ་པ། སྐྱབས་སེམས་ཚད་མེད་བཞི་དང་བདུན་རྣམ་དག་གིས་བསོད་ནམས་ཀྱི་ཚོགས་བསགས་པ་དང་། སྭ་བྷཱ་ཝས་ཡེ་ཤེས་ཀྱི་ཚོགས་གསོག་རྣམས་ལམ་ལྔའི་དབང་ཆོག་ལྟར་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་སྲུང་འཁོར་གྱིས་མི་ཕྱེད་པར་བཅིངས་པའི་ནང་དུ་རྟེན་འབྲེལ་ཁང་པ་ཉིད་ས་བཅུ་དང་ལམ་ལྔའི་ཐེམ་སྐས་རྣམ་པར་ཐར་པའི་བའིསྒོ་ལ་སོགས་ཏེ་ཐར་པ་བཆེན་པོའ་ཕོ་བྲང་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་སློབ་དཔོན་བདག་ཉིད་སྐད་ཅིག་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་མ་ཞི་ཞིང་འཛུམ་པ་དང་བཅུ་དྲུག་ལོན་པའི་ལང་ཚོ་ཅན། སྐེད་སྐབས་ཕྲ་ཞིང་ནུ་འབུར་རྒྱས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅུང་ཟད་བཅིངས་པ། དར་
༢༨༧ དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱི་བརྒྱན་པ། །ཕྱག་དང་པོ་གཉིས་སྐྱབས་སྦྱིན་དང་མཉམ་བཞག། འོག་མ་གཉིས་པུ་སྟི་དང་རྡོ་རྗེ་བསྣམས་པ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཨ་ཡིག་དཀར་པོའ་མཐར། ཏདྱ་ཐཱ། ༀ་གཱ་ཏེ་གཱ་ཏེ། པ་ར་གཱ་ཏེ། པ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཞེས་པས་བསྐོར་བ། ཨ་ལས་འོད་ཟེར་འཕྲོས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧཽཿས་གཉིས་སུ་མེད་པར་ཐིམ། དེ་ནས་སྐུ་སྣང་སྟོང་། གསུང་གྲགས་སྟོང་། ཐུགས་རིག་སྟོང་དུ་བལྟས་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བླངས་ཏེ་བཟླས་པས་ཐུགས་ཀའི་སྔགས་ཀྱི་འོད་ཟེར་གྱིས་རང་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ་ལ། ཏདྱ་ཐཱ། གཱ་ཏེ་སོགས་ཅི་ནུས་བཟླས་མཐར་ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། སྨྲ་བསམ་བརྗོད་མེད་ཀྱིས་བསྟོད་པར་བྱའོ། །དེ་ནས་མ་ལུས་སེམས་ཅན་མ་ལྟ་བུས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་བཞུགས་པར་བསམ་ལ། བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་ཕུལ་ནས། འབྲུ་དཀར་པོའ་མེ་ཏོག་རྡུལ་མེད་པ་ལ་རྟེན་འབྲེལ་སྙིང་པོ་ཉེར་གཅིག་བཟླས་ལ་བཀྲ་ཤིས་བརྗོད་ཅིང་མེ་ཏོག་གཏོར་བས་ཁང་པའི་རབ་གནས་བྱའོ། །དེ་ནས་དབང་བསྐུར་བ་ནི། །ཕྱི་རོལ་ཏུ་སློབ་མ་རྣམས་ལ་སྒྲུབ་པའི་དམ་བཅའ་དྲིས་ཏེ་ཁས་བླངས་པ་རྣམས་འདག་ཆལ་དང་དྲིའི་ཆུས་ལུས་རིལ་པོའམ་ཐ་ནའང་ཡན་ལག་ལྔ་ལེགས་པར་བཀྲུས། ཁྱད་པར་རྐང་པ་ལ་དྲི་བཟང་པོའ་སྤོས་དང་ཙན་དན་གྱི་ཆུས་བྱུགས་ལ་དར་དཀར་རམ་རས་དཀར་གྱིས་དཀྲི། ཕྱག་བྱས་ཏེ་དཀྱིལ་འཁོར་ཤར་ཕྱོགས་ནས་ནུབ་ཏུ་ཕྱོགས་པར་འཁོད་པ་ལ། བླ་མས་འདི་སྐད་ཅེས། འོ་རྒྱུ་སེམས་ཅན་ལ་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པས་དམ་པའི་ཆོས་རིན་པོ་ཆེ་ཉམས་སུ་བླངས་
༢༨༨ དགོས། དེ་ལའང་གང་ཟག་གི་བློའི་རིམ་པ་སྣ་ཚོགས་པ་གསུངས་པ་ལས། འདིར་ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་ངག །གསང་སྔགས་དང་རྗེས་སུ་མཐུན་པ་སྙིང་པོ་དོན་གྱི་རྒྱུད་སྡུག་བསྔལ་ཞི་བྱེད་ལས་དྲི་མེད་ཐིགས་པ་ཕྱག་བཞེས་ཀྱི་སྐོར་ཞེས་བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའི་ལུགས་འདི་ལ། རྗེ་བཙུན་དམ་པ་སངས་རྒྱས་ཀྱི་བཀའ་ལས་བརྒྱུད་པ་མི་འཛིན་པའི་མི་ལ་རྟེན་འབྲེལ་ལག་ཏུ་མི་གཏད་པ་ལམ་གྱི་སྲང་ལས་མ་བརྒལ་བར་བསྒོམ་པ་བདག་པོ་ལ་མི་གཏད། ཅེས་གསུངས་པས་ལམ་འདིར་ཞུགས་ནས་བརྒྱུད་པ་འཛིན་ཅིང་སྒྲུབ་པ་བྱེད་པའི་གང་ཟག་ལ་རྟེན་འབྲེལ་ལག་ཏུ་གཏོད་པའི་ཆོ་ག་འདི་གལ་ཆེ་བས། ལམ་ལྔའི་སྲང་ནས་ཐོན་ཅིང་སྒོམ་པ་བདག་པོ་ལ་གཏོད་པའི་སྒྲུབ་པ་པོ་དེས་སེམས་ཅན་གྱི་དོན་བྱེད་པ་ལ་རྟེན་འབྲེལ་སྣ་ཚོགས་འཆར་བའི་ཆེད་དུ་བླ་མས་ཁང་པར་གཞུག་ཅིང་ཆོ་ག་བྱ་དགོས་པས། དེའི་ཕྱིར་རྟེན་འབྲེལ་ཁང་པར་འཇུག་པའི་བྱིན་རླབས་ཞུས་ནས་སྒྲུབ་པ་ཉམས་སུ་ལེན་པ་རང་གིས་དཀའ་ཐུབ་མཐར་ཕྱིན་པར་བྱ་སྟེ། དཔའ་ཆེན་གཞན་དོན་གྱི་དཀའ་ཐུབ་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེ་ལ་ཡིད་ཆེས་བསྐྱེད་པ་གཏམ་རྒྱུད་ཀྱི་ཡན་ལག་ལས། ཐོག་མར་བརྒྱུད་པའི་ལོ་རྒྱུས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཐུབ་པ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་གྱི་བརྒྱུད་པ་རྒྱལ་ཚབས་བྱམས་པ་མགོན་པོ་ལ་གཏད། དེས་འཕགས་པ་ཐོགས་མེད་ལ། དེས་མཁས་མཆོག་དབྱིག་གཉེན་ལ། དེས་བྲམ་ཟེ་ཨཱ་དེ་བ་ལ། དེས་རྗེ་བཙུན་དམ་པ་སངས་རྒྱས་སམ། ཉེ་བརྒྱུད་ལ་བྱམས་པ་ཉིད་ཀྱིས་དམ་པ་རིན་པོ་ཆེར་དགའ་ལྡན་དུ་གསུངས་པར་གདའ། དམ་པས་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ། དེས་མཁས་བཙུན་སྤ་ཚབ་ལ། དེས་རྒྱལ་བ་ཏེ་ནེ་ལ། དེས་ཞིག་པོ་རིན་པོ་ཆེ་སྐུ་མཆེད་ལ། དེས་མཚན་ལྡན་རི་ཁྲོད་དབང་ཕྱུག་དང་རྒྱ་སྒོམ་སྨོན་
༢༨༩ མང་བྱོན་པའི་ཕྱི་མ་ལ་བལ་བོད་གཉིས་ཀྱི་སོ་མཚམས་ལ་སྟོད་དཔལ་གྱི་དིང་རི་བྱ་བ་རྗེ་བཙུན་མ་ཀུན་ཏུ་རི་ཀའི་བཞུགས་གནས་མཁའ་འགྲོ་རང་བཞིན་གྱིས་འདུ་བ་ངོ་མཚར་གྱི་རྫས་བཞིས་བརྒྱན་ཅིང་གཡུ་ཡི་མཎྜལ་ལ་དུང་གི་རྒྱན་བཀྲམ་པ་འདྲ་བ་ཁྱད་པར་དུ་འཕགས་པའི་གནས་དེར་གདན་ཕབ་ནས་ལོ་གསུམ་ལོན་པའི་ཚེ། བྱང་སེམས་ཀུན་དགས་མཇལ་ཏེ་ལོ་གཅིག་དཀར་ཁྲིད་བློ་སྦྱོང་གི་ཉམས་ལེན་བྱེད་དུ་བཅུག །ལོ་བཞི་ལོན་པའི་དུས་དམ་པའི་ཞལ་ནས། དིང་རིར་རྟེན་འབྲེལ་གྱི་ཁང་པ་བརྩིགས་པ་ཡིན་པས་རྒྱ་སྒོམ་ལས་མི་རྣམས་ཀྱིས་འཛའ་ར་གྲབས་ཀྱིས་གསུངས་ནས་དམ་པས་རང་འདྲའི་ཨ་ཙཱར་མང་པོ་སྤྲུལ་ཏེ་རྟེན་འབྲེལ་གྱི་ཁང་པ་བརྩིགས་ཤིང་། རྒྱ་སྒོམ་པའི་བཤོས་ཀྱང་ལས་མི་ཐམས་ཅད་ང་རང་ཡིན་གསུངས་ནས་དམ་པ་ཉིད་ཀྱིས་གསོལ། ཁང་པ་དེའང་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་བྱང་གི་རྨད་དུ་མེ་ཤེལ་བཅུག་པས་གྲང་ནད་མི་འོང་། ནུབ་བྱང་དུ་ཆུ་ཤེལ་བཅུག་པས་ཚད་ནད་མི་འབྱུང་། ལྷོ་ནུབ་ཏུ་ཨ་རུ་ར་རྣམ་རྒྱལ་ཡོད་པས་རིམས་ནད་མི་འབྱུང་། དེའི་ནང་དུ་བླ་མ་བྱང་ཆུབ་སེམས་དཔའ་ལ་ལམ་ལྔའི་ཁྲིད་གསུངས། ཁང་པ་དེར་སྒོ་བའི་རྣལ་འབྱོར་པ་བཞི་དང་རྒྱ་སྒོམ་སོགས་སློབ་མ་ཁྱད་པར་ཅན་འགའ་ཟུང་མ་གཏོགས་གཞན་སུའང་མི་གཏོང་སྐད། དེ་ཉིད་དུ་དམ་པས་ལམ་ལྔའི་སྤོགས་ཆོག་གི་སྒྲུབ་པ་སོགས་མཛད་པར་གྲུབ་ཐོབ་ཀྱི་ཕྲེང་བ་རྒྱུན་མ་ཆད་པར་བྱུང་ལྟར། ཁྱེད་རང་རྣམས་ཀྱང་སྐུ་གསུམ་གྱི་ཞིང་ཁམས་ལ་སྤྱོད་པའི་ཕྱིར་རྟེན་འབྲེལ་གྱི་ཁང་པར་འཇུག་པར་འདོད་པས་བླ་མ་ལ་མོས་གུས་དྲག་པོ་བསྐྱེད་དེ་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ་སློབ་མ་རྣམས་ཀྱིས་མཎྜལ་ཕུལ། དེ་ནས་སྙིམས་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས། བླ་མ་རིན་པོ་ཆེ། བདག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ། དེ་ནས་སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་འདིའི །བླ་མ་དམ་
༢༩༠ པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་པ་ནས། དེ་ཁོ་ན་ཉིད་དུ་གྲུབ་པར་གྱུར་ཅིག །ཅེས་པའི་བར་ལན་གསུམ། དེ་ནས་བླ་མས། ཀྱེ་རིགས་ཀྱི་བུ་ས་བཅུ་དང་ལམ་ལྔའི་སྐས་ལ་འཛེགས་ལ། རྣམ་པར་ཐར་པ་བགསུམ་གྱི་སྒོ་ཕྱེ་ནས་ཐར་པའི་བའིཡང་ཁང་དུ་ཤོག་ཅིག །ཅེས་ལན་གསུམ་གྱིས་བོས་པས། སློབ་མས། དེའི་ལན་གསོལ་བ་འདིའི་རྗེས་ཟློས། ཀྱེ་བླ་མ་རིན་པོ་ཆེ། ས་བཅུ་དང་ལམ་ལྔའི་སྐས་གང་ལ་ཇི་ལྟར་བགྲོད་པར་བགྱི། རྣམ་པར་ཐར་པ་བགསུམ་གྱི་སྒོ་ཇི་ལྟར་དབྱེ་བར་བགྱི། ཞེས་ཞུ། བླ་མས་གསོལ་བ་བཏབ་པའི་ལན་འདི་ལ་གསན་པར་ཞུ་འཚལ། རིགས་ཀྱི་བུ་ཚོགས་ཀྱི་ལམ་དུ་དྲན་པ་ཉེ་བར་ཉེརབཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སློབ་ཅིག །སྦྱོར་བའི་ལམ་དུ་དབང་པོ་ལྔ་དང་། སྟོབས་ལྔ་ལ་སློབས་ཤིག །མཐོང་བའི་ལམ་དུ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་ལ་སློབ་ཅིག །སྒོམ་པའི་ལམ་དུ་འཕགས་པའི་ལམ་ཡན་ལག་བརྒྱད་ལ་སློབ་ཅིག །མཐར་ཕྱིན་པའི་ལམ་དུ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་གསུམ་གྱི་སྒོ་ཕྱེ་ལ་རྣམ་པ་བཅུའི་སྐས་ལ་འཛེགས་ནས་ཤོག་ཅིག །དེས་ནི་ཐར་པའི་བའིཡང་ཁང་དུ་ཞུགས་ནས་སྐུ་གསུམ་གྱི་ཞིང་ཁམས་མཐོང་བར་འགྱུར་རོ། །དེའང་ཤུལ་ལམ་དུ་འགྲུལ་པའི་གོམ་པས་བགྲོད་པའི་འགྲོས་ལྟར་རིམ་པར་རིམ་པར་བགྲོད་པ་ནི་མ་ཡིན་གྱིས། ཇི་ལྟར་གཟིངས་ཀྱི་བ་དན་རླུང་གིས་བསྐྱོད་པ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆེན་པོ་རྟོགས་པའི་སྒོ་ནས་བགྲོད་དུ་མེད་པའི་ཚུལ་གྱིས་ཆིག་ཆོད་དུ་བགྲོད་ལ་ཤོག་ཅིག །དེ་ནས་ཁང་པར་གཞུག་པ་དངོས་ནི། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ནང་དུ་ནུབ་ནས་ཞལ་ཤར་ཕྱོགས་སུ་བལྟས་ཏེ། ཤར་གྱི་འཕང་ལོ་ཕྱག་ཏུ་བཟུང་བའི་སྲད་བུ་སྒོའི་ཕྱིར་དྲངས་པའི་སྣེ་སློབ་བུའི་ལག་ཏུ་གཏད་ལ། བླ་མས། འོ། །སེམས་ཀྱི་དེ་ཁོ་ཉིད་ཀྱི་ཡེ་ཤེས་རྟོགས་པའི་སྒོ་ནས་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཚུལ་གྱིས་ས་ལམ་ཆིག་ཆོད་དུ་བགྲོད་དེ་ཐར་པའི་བའིཡང་ཁང་
༢༩༡ དུ་བརྟོལ་སྐུ་གསུམ་གྱི་ཞིང་ཁམས་མཐོང་བའི་མོས་པས་ཨཱ་ལི་ཀཱ་ལི་བརྗོད་བཞིན་དུ་ཤོག་ཅིག །ཅེས་གདམས་པས་སློབ་མ་རྣམས་ཀྱིས་རྐང་པ་དར་རས་ཀྱིས་དྲིལ་བ་ཡིག་འབྲུའི་ལམ་གྱི་སྟེང་དུ་རྩེན་རྩེན་རེ་མོས་ཀྱིས་སྤོ་ཞིང་ཡི་གེ་དེ་དང་དེ་དག་ཏུ་འདོན་པའི་སྒོ་ནས་ནང་དུ་ཞུགས་ལ་དཀྱིལ་འཁོར་གྱི་དབུས་སུ་སློབ་དཔོན་ལ་ཕྱོགས་པར་འདུག་སྟེ། འཕང་ལོའ་སྲད་བུ་ནས་འཛིན་བཞིན་དུ་འདུག་པ་ལ་ལུང་འབོགས་པར་བྱ་སྟེ། རྩ་བརྒྱུད་ལ་བསྐུར་ཅིང་ལམ་ལྔ་གསོ་བར་བྱེད་པའི་སྙིང་པོའ་ལུང་བླང་བར་བྱ་སྙམ་པས་འདིའི། ༀ་ཨཱཿཧྲཱིཿ ཏདྱ་ཐཱ། ༀ་གཱ་ཏེ་གཱ་ཏེ་པ་ར་གཱ་ཏེ་པ་ར་སངྒཱ་ཏེ་བོ་དྷི་སྭཱ་ཧཱ། ཞེས་ལན་གསུམ། དེ་ནས་རིག་པ་དྭངས་ཤིང་རྟེན་འབྲེལ་འཆར་བར་བྱེད་པའི་སྔགས་འདི་ཡི་རྗེས་ཟློས། (རྟེན་འབྲེལ་འཁོར་ལོ་སློབ་མའི་མགོ་ཐོག་ཏུ་བཞག) །བླ་མའི་ཕྲེང་བ་ལ་འཆང་དུ་བཅུག་ལ། ༀ་ཨཱཿཧྲཱི་གུ་རུ་ཧྱ་བ་ད་ད་ཏེ་ཧཱུྃ། ཞེས་ལན་གསུམ། དེ་ནས་མཁྱེན་པའི་ཡོན་ཏན་ཕྱོགས་མེད་དུ་འཆར་བར་བྱེད་པའི་སྔགས་འདིའི་རྗེས། ༀ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཧཱུྃ། ཞེས་ལན་གསུམ། (བར་འདིར་ལམ་ལྔའི་སྙིང་པོའ་ལུང་འབོགས་པར་ཡིག་རྙིང་ལས་བཤད།) དེ་ནས་བཀྲ་ཤིས་ཤིང་རྟེན་འབྲེལ་བརྟན་པར་བྱ་བའི་སྔགས་འདིའི །ༀ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་དུནྟེ་ཥནྟ་ཐཱ་ག་ཏོ་ཧྱ་བ་དཏྟེ་ཥཉྩ་ཡོ་ནི་རོ་དྷཱ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲ་མ་ཎ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་ནས་ཕྲེང་བ་བསྡུས་ཏེ། འཕང་ལོ་སློབ་བུའི་མགོར་བཞག་ལ། བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་རྡོ་རྗེའི་སློབ་བུ་འདི་ལ་རྟོགས་པའི་ཡེ་ཤེས་མཆོག་ཏུ་གྱུར་པ་བསྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐྱེས་པ་བརྟན་ཅིང་བོགས་ཐོན་པར་མཛད་དུ་གསོལ། ཅེས་བརྗོད། སྤྱི་བོར་མེ་ཏོག་འཐོར་བ་དང་བཅས། སེམས་ཉིད་ངོ་བོ་སྟོང་ཉིད་ཆོས་ཀྱི་དབྱིངས། །རང་བཞིན་གཉུག་མ་འདུ་འབྲལ་མེད་པའི་རྩལ། །མཚན་ཉིད་གཉིས་མེད་རྟོགས་པའི་ངང་དུ་གྲོལ། །མ་ནོར་དོན་ཆེན་རྟོགས་པའི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་
༢༩༢ བརྗོད་ཅིང་རོལ་མོ་འཁྲོལ་ལོ། །དེ་ནས་སློབ་མ་ཤར་སྒོ་ནས་ཕྱིར་བཏོན་ལ་ཤར་གྱི་འཕང་ལོ་དེ་བཞིན་དུ་བཞག །སླར་ཡང་བསྐོར་ཕྱོགས་ཀྱིས་སློབ་དཔོན་བྱང་ནས་ལྷོར་ཞལ་ཕྱོགས་ཏེ་ལྷོའི་འཕང་ལོ་ཕྱག་ཏུ་བཟུང་བའི་སྲད་བུའི་སྣེ་བུའི་ལག་ཏུ་གཏད་ལ། ཨ་ཀྵཿབགྲང་བཞིན་དུ་ནང་དུ་དྲངས་ཏེ། ལམ་ལྔ་གསོ་བྱེད། ཡོན་ཏན་འཆར་བྱེད། རྟེན་འབྲེལ་བརྟན་བྱེད་ཀྱི་སྔགས་ཀྱི་ལུང་བཞི་དབོག་ཅིང་། འཕང་ལོ་མགོར་བཞག་ནས་ཤིས་པ་བརྗོད་པ་རྣམས་སྔར་བཞིན་བྱའོ། །དེ་བཞིན་དུ་ནུབ་སྒོ་དང་བྱང་སྒོ་ནས་འཇུག་པའང་འགྲེའོ། །མཐར་བྱང་སྒོ་ནས་འཐོན་ཏེ། བླ་མ་སྟན་ལ་བཞུགས་པའི་མདུན་དུ་སློབ་བུ་རྣམས་འདུག་ཏུ་བཅུག་ལ་འདི་སྐད་ཅེས། དེ་ལྟར་རྟེན་འབྲེལ་ཁང་པར་ཞུགས་པས་རིག་པ་དྭངས་པའི་མེ་ལོང་དུ་རྟེན་འབྲེལ་གྱི་གཟུགས་བརྙན་སྣ་ཚོགས་མ་འགགས་པར་ཤར་ནས། མཁྱེན་པའི་ཡོན་ཏན་ཕྱོགས་མེད་དུ་རྒྱས་པར་འགྱུར་བ་ཡིན་པས་དགའ་བ་སྒོམས། དེར་ཞུགས་ནས་ཀྱང་བོ་ཟགས་ལྟེམས་ལོག་གི་དྲི་མ་བཞི་བསྲུང་ཞིང་རྣལ་འབྱོར་གྱི་རང་ས་མ་ཉམས་པའི་སྒོ་ནས་ལམ་ལྔའི་སྒྲུབ་པ་ལ་ཚུལ་བཞིན་ཉམས་སུ་བླངས་ཏེ་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད་ཅིག །དེས་རྟེན་འབྲེལ་ཁང་འཇུག་གི་དབང་བསྐུར་ཟིན་པས་བཀའ་དྲིན་གཏོང་རག་གི་དོན་དུ་མཎྜལ་དང་ཕྱག་འབུལ་དུ་བཅུག་ནས་དགེ་བ་བསྔོའོ། །དེ་ནས་རྗེས་ཆོག་ནི། གཏོར་མ་བཏང་བ་དང་། ཚོགས་མཆོད་ལམ་ལྔའི་དབང་ཆོག་ལྟར་དང་། ཡིག་བརྒྱས་ལྷག་ཆད་ཀྱི་ནོངས་བཤགས་རྟེན་འབྲེལ་ཁང་པ་དངོས་ཡིན་ན་བརྟན་བཞུགས་དང་། མིན་ན་གཤེགས་སུ་གསོལ་ལ་རྗེས་མི་མངོན་པར་བྱའོ། །བསྔོ་སྨོན་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་ནོ། །སྒྲུབ་པའི་དམ་བཅའ་མི་འབུལ་བའི་རྟེན་འབྲེལ་ཁང་པར་མི་གཞུག་ཅེས་གསུངས་པ་ལྟར་དེང་སང་ཡང་ཕྱག་
༢༩༣ ལེན་ལ་མ་འཆུག་པར་མཛད་དོ། །གམྦྷི་ར་ཧོ་གུ་ཧྱ།