Tibetan:གནོད་སྦྱིན་ཨ་པ་རཱ་ཛི་ཏའམ་ཡོན་བདག་ནོར་བུ་བཟང་པོའི་རྗེས་གནང་

From gDams Ngag mDzod
Revision as of 10:42, 5 October 2020 by Mort (talk | contribs) (Created page with "{{Text Tibetan}} ==Tibetan Text== <onlyinclude>{{TibetanContent|content= <div class="folio"><span class="shoglhe">༢༨༡</span> །ༀ་སྭ་སྟི། གནོད...")
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Upload a file
DOWNLOAD ABOVE:
Click the picture above to view the original manuscript.


Damngak Dzö Volume () / Pages / Folios to

Tibetan Text

༢༨༡ །ༀ་སྭ་སྟི། གནོད་སྦྱིན་ཨ་པ་རཱ་ཛི་ཏའམ་ཡོན་བདག་ནོར་བུ་བཟང་པོར་གྲགས་པའི་རྗེས་གནང་ནི། དཀྱིལ་འཁོར་ཚོན་སེར་པོས་ལྟེ་བ་ནས་ཆ་མཉམ་པ་གཉིས་བསྐོར་བ་སོ་སོའ་ནང་དུ་མུ་ཁྱུད་རེ་རེ་བསྐོར་བའི་དབུས་སུ་རིན་པོ་ཆེའི་ཁ་རྒྱན་ཅན་གྱི་བུམ་པ་དང་། མུ་ཁྱུད་གཉིས་ལ་ནོར་བུའི་ཕྲེང་བ། དེ་གཉིས་ཀྱི་བར་ཕྱོགས་བཞིར་ནོར་བུ་འབར་བ་རེ་བྲི། དེའི་སྟེང་དུ་རིན་པོ་ཆེའི་སྣོད་དུ་གཏོར་མ་ཟླུམ་པོ་ལྟོ་བ་ལྡིར་བའི་ཕྱོགས་བཞིར་པད་འདབ་སྦྱར་བ་ཁ་འབུས་ཀྱི་རྣམ་པ་ཅན་ཤིང་ཏོག་དང་ནོར་སྣས་བརྒྱན་པའི་རྩེར་སྐུ་རྟེན་དར་སེར་པོའ་གདུགས་དང་བཅས་བཙུགས་པ་དགོད། མཐའ་མཆོད་པས་བསྐོར། ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས་ཕྱག་རྡོར་གྱི་བདག་བསྐྱེད་བཟླས་པའི་བར་བེར་ནག་གི་དབང་ཆོག་ཏུ་བཤད་པ་ལྟར་དང་། མཆོད་གཏོར་བྱིན་རླབས་ཞིང་སྐྱེས་ལྟར་བྱ། མདུན་བསྐྱེད་ནི། དཀྱིལ་འཁོར་དང་གཏོར་མ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྲུང་འཁོར་གྱི་དབུས་སུ་རིན་པོ་ཆེའི་ཁྲི་ལ་ཨཾ་ཡིག་སེར་པོ་ལས་གནོད་སྦྱིན་ཨ་པ་རཱ་ཛི་ཏ་སྐུ་མདོག་སེར་པོ་སྦོམ་ཞིང་རབ་ཏུ་བཞད་པ། གཡས་རིན་པོ་ཆེའི་བུམ་པ་དང་། གཡོན་ནེའུ་ལེའི་རྐྱལ་པའི་བའིཁ་ནས་ནོར་བུ་རིན་པོ་ཆེ་འཛག་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རྒྱལ་པོ་རོལ་པའི་བའིའདུག་སྟངས་ཀྱིས་བཞུགས་པའི་གནས་གསུམ་ༀ་ཨཱཿཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས།
༢༨༢ ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ༀ་ཨ་པཱ་ར་ཛི་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རིན་ཆེན་མཛེས་པའི་ཁྲི་སྟེངས་ན། འདོད་དགུའི་མཆོག་སྩོལ་དཔལ་དང་ལྡན། །གནོད་སྦྱིན་ཆེན་པོ་ནོར་བུ་བཟང་། །གཞན་གྱིས་མི་ཐུབ་ཁྱོད་ལ་བསྟོད། །ཅེས་བསྟོད། རང་གི་ཐུགས་ཀའི་འོད་ཀྱིས་ནེའུ་ལེའི་ཁ་ནས་རིན་པོ་ཆེ་འཛག་པ་དགོས་འདོད་ཐམས་ཅད་འབྱུང་བར་བསམས་ལ། ༀ་ཧྲཱིཿཛ་ཨ་པཱ་རཱ་ཛི་ཏ་ཛཿས་མ་དུ་དུ། ལིང་ལིང་། ཀྲམ་ཀྲམ། ཧཱུྃ་ཧཱུྃ། ཛ་ཛཿ ཞེས་བསྙེན་སྔགས་ཅི་ནུས་བཟླས་མཐར། ༀ་ཨ་པ་རཱ་ཛི་ཏ་ཞེས་མཚན་སྔགས་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ། དེ་ནས་རྗེས་གནང་དངོས་ནི། སློབ་མ་རྣམས་ཀྱིས་ཁྲུས་ཕྱག་སྔོན་དུ་འགྲོ་བས་གྲལ་དུ་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ་ནས། འདིར་གནོད་སྦྱིན་ཨ་པ་རཱ་ཛི་ཏ་འདི་ནི་ཆུ་ཀླུང་ཆེན་པོའ་རྒྱུད་ལས། གནོད་སྦྱིན་ནོར་བཟང་ཁྱོད་ལ་ལེགས་པར་གཏད། ཅེས་སྟོན་པས་རྒྱུད་གཏད་པ་ལྟར་རྗེ་བཙུན་དམ་པ་རྒྱ་གར་བའི་བསྟན་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་སྲུང་མ་ཁྱད་པར་ཅན། སྒྲུབ་པ་པོ་རྣམས་དཔལ་ཆེན་གཞན་དོན་གྱི་དུས་སུ་མི་ནོར་དབང་དུ་བསྡུ་བ་སོགས་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནོར་བདག་རིན་པོ་ཆེ་ལྟ་བུ་འདིའི་རྗེས་སུ་གནང་བ་ཟབ་མོ་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་ནས། ད་སློབ་མའི་ངོ་སྐལ་དུ་གྱུར་པ་བལ་ཐོག་མར་མཎྜལ་ཕུལ་མཛོད། དེ་ནས་གསོལ་བ་གདབ་པ་འདིའི་རྗེས །ཐུགས་རྗེའི་མངའ་བདག་གསང་བའི་བདག །སློབ་དཔོན་ཁྱོད་ནི་བདག་ལ་དགོངས། །བདག་གི་དབུལ་བ་བསལ་བའི་ཕྱིར། །ནོར་བདག་དངོས་གྲུབ་བདག་ལ་སྩོལ། །ཞེས་ལན་གསུམ། དེ་ནས་རྒྱུད་དག་པར་བྱ་བའི་
༢༨༣ ཕྱིར་གུར་ནས་འབྱུང་བའི་རྒྱུན་བཤགས་ཚར་གསུམ། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་བསྲེགས། མ་དག་པའི་སྣང་བ་ཐམས་ཅད་སྦྱངས། སྟོང་པའི་ངང་ལས་པད་ཟླ་ཉི་མའི་གདན་ལ་ཁྱེད་རང་གི་སེམས་ཉིད་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་སྤྲོ་བསྡུས་སྐད་ཅིག་གིས་རྡོ་རྗེ་གཏུམ་པོ་མཐིང་ནག་ཕྱག་གཉིས་རྡོ་རྗེ་དང་སྡིགས་མཛུབ་མཛད་པ། དར་གྱི་ཅོད་པན་དང་སྦྲུལ་དང་རིན་པོ་ཆེས་བརྒྱན་པ། ཁྲོ་གཏུམ་འཇིགས་པའི་ཉམས་ཅན་གཡོན་བརྐྱང་བའི་དོར་སྟབས་ཀྱིས་མེའི་ཀློང་ན་བཞུགས་པར་བསྒོམས། དེ་ནས་སློབ་དཔོན་གྱིས། ༀ་སྭ་བྷཱ་ཝ་སོགས་ཀྱི་སྔགས་བརྗོད་པས་མདུན་གྱི་གཏོར་མ་མི་དམིགས་པ་ལས་རིན་པོ་ཆེའི་ཁྲི་ལ་ཨཾ་ཡིག་སེར་པོ་ལས་གནོད་སྦྱིན་ཨ་པ་རཱ་ཛི་ཏ་ཞེས་པ་ནས། རྒྱལ་པོ་རོལ་པའི་བའིའདུག་སྟངས་ཀྱིས་བཞུགས་པའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་ཞེས་པའི་བར་སྔར་ལྟར་དང་། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ནོར་བདག་ཆེན་པོ་ཨ་པ་རཱ་ཛི་ཏ་བཛྲ་ས་མཱ་ཛཿ ཞེས་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་ཨ་པ་རཱ་ཛི་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་གཏོར་མ་ལྷར་གསལ་བ་ལ་ཐིམ་སྟེ་དམ་ཡེ་གཉིས་སུ་མེད་པར་ཁྱེད་རང་རྣམས་ལ་ཐུགས་ཤིན་ཏུ་མཐུན་པའི་སྒོ་ནས་བཞུགས་པར་གྱུར་སྙམ་དུ་མོས་པ་མཛོད། དེ་ནི་སྐུའི་རྗེས་གནང་ངོ་། །དེ་ནས་བླ་མའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ནོར་བདག་གི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་བའི་འོད་ཀྱིས་འགྲོ་བའི་དབུལ་བ་བསལ་ཞིང་མི་ནོར་ལོངས་སྤྱོད་ཀྱི་དངོས་གྲུབ་བསྡུས་ནས་སྩལ་བར་མོས་ལ་འདིའི ༀ་ཧྲཱིཿཛ་ཨ་པ་རཱ་ཛི་ཏ་ཛཿས་མཱ་ཡ་དུ་དུ། ལིང་ལིང་། ཀྲམ་ཀྲམ། ཧཱུྃ་ཧཱུྃ། ཛ་ཛཿ ཞེས་ལན་གསུམ་བཟླར་གཞུག །སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི །བཅོམ་ལྡན་
༢༨༤ བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། ལན་གསུམ། སློབ་དཔོན་གྱིས་མེ་ཏོག་དེ་བཟུང་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། ཞེས་སྤྱི་བོར་མེ་ཏོག་འཐོར། དེ་ནི་གསུང་གི་རྗེས་གནང་ངོ་། །དེ་ནས་ཁྱེད་རང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཆེ་བཙན་འགྲན་ཟླ་ཐམས་ཅད་དང་བྲལ་བའོ་སྙམ་དུ་ང་རྒྱལ་བསྐྱེད་ཅིག །གཏོར་མ་དཔལ་འབར་བཙུགས་ལ་ལག་ཏུ་གཏད་དེ། གཏོར་མ་འདི་གནོད་སྦྱིན་ཨ་པ་རཱ་ཛི་ཏར་གསལ་བ་ཁྱེད་རང་ལ་གཏད་ཅིང་བཀའ་བསྒོས་པའི་ཚེ་རྡོ་རྗེ་འཛིན་པ་ཁྱོད་ཀྱིས་ཅི་བཅོལ་བའི་ལས་བདག་གིས་བགྱིད་དོ་ཞེས་ཞལ་གྱིས་བཞེས་པའི་མོས་པ་མཛོད། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཨ་པ་རཱ་ཛི་ཏ་འཁོར་དང་བཅས་པ་རྣམས་ཀྱིས་གསང་བདག་ཕྱག་ན་རྡོ་རྗེ། རྗེ་བཙུན་དམ་པ་སངས་རྒྱས། བྱང་སེམས་ཀུན་དགའ། སྒྲོ་ཆོས་བརྩོན། ཆུས་པ་དར་མ་བརྩོན་འགྲུས། རྒྱལ་བ་ཏེ་ནེ། ཆོས་རྒྱལ་ཞིག་པོ་སྐུ་མཆེད། དྲིན་ཆེན་རྩ་བའི་བླ་མའི་བར་དུ་བྱོན་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རིགས་ཀྱི་བུ་འདི་ཡི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ། ནད་གདོན་སོགས་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སོགས་མཐུན་ཕྱོགས་ཐམས་ཅད་ཡར་ངོའ་ཟླ་ལྟར་འཕེལ་ཞིང་རྒྱས་པ་དང་། འགྲོ་བ་མ་ལུས་པ་དབང་དུ་བསྡུ་བ་དང་། བསམ་སྦྱོར་ངན་པའི་གདུག་པ་ཐམས་ཅད་ཚར་བཅད་པ་སོགས་བསམ་པ་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པའི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པར་མཛོད་ཅིག །ཅེས་བཀའ་བསྒོ་བ་ནི་ཐུག་ཐུགསཀྱི་རྗེས་གནང་ངོ་། །དེ་ནས་དམ་ཚིག་ཁས་བླང་བ། གཏོང་རག་གི་མཎྜལ། ལུས་དབུལ་བསྔོ་བ་རྣམས་སྔར་ལྟར་དང་། རྗེས་ཆོག་ནི། གཏོང་རག་གི་མཆོད་བསྟོད། ནོངས་བཤགས། ཡེ་ཤེས་པ་རྟེན་ཡོད་ན་བརྟེན་བཞུགས་དང་།
༢༨༥ མེད་ན་བཛྲ་མུཿས་གཤེགས་གསོལ། དམ་ཚིག་པ་བསྡུ། བསྔོ་ཤིས་ཀྱིས་མཐའ་བརྒྱན་ནོ། །དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་དབང་ཆོག་བཀླགས་པས་གྲུབ་པ་ལས་བཀའ་སྲུང་ཆོས་སྐྱོང་རྣམས་ཀྱི་དབང་རྗེས་གནང་གི་ཆོ་ག་བཤད་པའི་ལེ་ཚན་ནོ།